དེ་རིང་གངས་སྐྱིད་ལས་བྱེད་གསོལ་ཐབ་ཡང་སྟེང་གི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱིས་༧སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་བསྟན་འཛིན་ཆོས་རྒྱལ་མཆོག་དགུང་གྲངས་ ༨༠ ཐོག་དགོངས་པ་ཆོས་དབྱིངས་སུ་འཐིམས་པར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོགས་སོང་།

ཟླ་འདིའི་ཕྱི་ཚེས་ ༡༧ གནམ་གང་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥ པའི་ཐོག་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༸སྐུའི་གཅུང་པོ་༧སྐྱབས་རྗེ་མངའ་རིས་རིན་པོ་ཆེ་རྗེ་བཙུན་བསྟན་འཛིན་ཆོས་རྒྱལ་དཔལ་བཟང་པོ་མཆོག་དགུང་གྲངས་ ༨༠ ཐོག་བཞུགས་སྒར་དྷ་རམ་ས་ལའི་གཟིམས་ཤག་ཏུ་དགོངས་པ་ཆོས་དབྱིངས་སུ་འཐིམས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་ལྟར། ལོ་གསར་ཚེས་པ་ ༢ ཀྱི་སྔ་དྲོར་ཞིང་གཤེགས་དེ་ཉིད་ཀྱི་སྐུ་ཕུང་བཞུགས་སྒར་མེག་གྷན་གྱི་དུར་ཁྲོད་དུ་གདན་ཞུས་ཀྱིས་ཞུགས་འབུལ་གནང་སོང་བ་དང་། ལ་དྭགས་སུ་ཕྱི་ཚེས་ ༡༧ ནས་རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་སླད་དུ་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་གནང་བཞིན་ཡོད་པ་མ་ཟད། འཛམ་གླིང་ཡུལ་གྲུ་གང་སར་རིན་པོ་ཆེ་མཆོག་གི་ཆེད་དུ་མཆོད་འབུལ་སྨོན་ལམ་དང་ལོ་གསར་གྱི་དགའ་སྤྲོའི་ལས་རིམ་མང་དག་ཅིག་ཀྱང་མཚམས་འཇོག་བྱས་ཏེ་གདུང་སེམས་མཉམ་སྐྱེད་ཞུས་སོང་།
༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་ཕྱི་ལོ་ ༡༩༤༦ ལོར་བོད་ཀྱི་རྒྱལ་ས་ལྷ་སར་འཁྲུངས་ཤིང་། ༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བསྟན་འཛིན་ཆོས་རྒྱལ་ཞེས་མཚན་གསོལ་བ་དང་ཁོང་དགུང་ལོ་བཞི་ལ་སོན་སྐབས་མངའ་རིས་རིན་པོ་ཆེ་སྐུ་ཕྲེང་བཅུ་དྲུག་པར་ངོས་འཛིན་མཛད་ཡོད། ཁོང་ཉིད་ལྷ་སའི་ཉེ་འཁྲིས་སུ་ཆགས་པའི་མངའ་རིས་རིན་པོ་ཆེ་སྐུ་ཕྲེང་དང་པོས་ཕྱག་བཏབ་པའི་དགོན་པའི་ནང་གསེར་ཁྲི་མངའ་གསོལ་གྱི་ཆེད་དུ་རེ་ཞིག་བཞུགས་མྱོང་ཡོད་ཀྱང་དགུང་ལོ་དྲུག་མ་སོན་བར་ཁྱིམ་དུ་བཞུགས་པ་དང་། དེ་རྗེས་དགོན་པ་དེར་ཆོས་ཞུགས་གནང་བ་མ་ཟད། ཕྱིས་སུ་གྲགས་ཅན་འབྲས་སྤུངས་དགོན་ཆེན་དུ་སློབ་གཉེར་མུ་མཐུད་གནང་ཡོད།
ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༣ པར་རིན་པོ་ཆེ་མཆོག་དགུང་ལོ་ ༡༢ ལ་སོན་སྐབས་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པའི་རྗེས་སུ་༸གོང་ས་མཆོག་གི་སྐུ་འཁོར་གྱི་ཆ་ཤས་སུ་བོད་ནས་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་པ་དང་། རྒྱ་གར་དུ་འབྱོར་ནས་བདུན་ཕྲག་ཁ་ཤས་རྗེས་སུ་ཁོང་རྒྱ་གར་ཤར་ཕྱོགས་ཀྱི་རྡོ་རྗེ་གླིང་དུ་ཡོད་པའི་སློབ་གྲྭ་ཞིག་ཏུ་ཕེབས་ཏེ་དེང་རབས་ཀྱི་སློབ་གསོ་ཐོག་མ་དེ་ཐོབ་ཡོད། དེ་རྗེས་ཁོང་གིས་ཨ་རི་དང་རྒྱ་གར་ནང་མུ་མཐུད་སློབ་སྦྱོང་གནང་སྟེ་རྒྱ་གར་དུ་བཞུགས་ཡོད།
མངའ་རིས་རིན་པོ་ཆེ་མཆོག་ནི་༸གོང་ས་མཆོག་དང་འབྲེལ་བ་ཧ་ཅང་ཟབ་ཅིང་། ༸གོང་ས་མཆོག་ལ་ཞབས་ཞུ་ཧ་ཅང་མང་པོ་ཞུས་ཡོད། ཕྱི་ལོ་ ༡༩༥༤ ལོར་རིན་པོ་ཆེ་མཆོག་ནས་༧གོང་ས་མཆོག་དང་ལྷན་རྒྱ་ནག་དང་། ཕྱི་ལོ་ ༡༩༥༦ ལོར་རྒྱ་གར། དེ་བཞིན་ ༡༩༥༩ རྗེས་མགོན་པོ་༸གང་ཉིད་མཆོག་དང་ལྷན་རྒྱལ་ཁབ་མང་པོའི་འགྲུལ་བཞུད་ལ་ཆེད་ཕེབས་གནང་མྱོང་ཡོད། རིན་པོ་ཆེ་མཆོག་གིས་བཙན་བྱོལ་དུ་བོད་ཕྲུག་ཁྱིམ་སྡེ་དང་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་སུ་ཕྱག་ལས་གནང་མྱོང་ཡོད་པ་མ་ཟད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་གནང་མྱོང་ཡོད་ལ། དྭང་ཞབས་ཁོངས་སུའང་ཞུགས་མྱོང་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།



