རྩོམ་པ་པོ། བསྟན་འཛིན་པདྨ།
རྩོམ་ཁུངས། བོད་ཀྱི་དུས་བབ།
༄༅། །དེ་རིང་གི་ཉིན་མོ་ནི་ང་ཚོ་བོད་མི་ཡོངས་ཀྱི་དྲན་པ་བརྗེད་མི་སྲིད་པའི་ཉིན་མོ་ཞིག་ཡིན་ལ། བོད་མི་ཡོངས་ཀྱི་མི་ཚེའི་དམིགས་ཡུལ་གཙོ་བོ་གང་ཡིན་པ་དྲན་སྐུལ་ཐེབས་རྒྱུའི་ཉིན་མོ་ཞིག་ཀྱང་ཡིན་པས། ཨ་མའི་གཅེས་ཕྲུག་གསུམ་ལ་སྙིང་གཏམ་ཞིག་འབྲི་འདོད་བྱུང་།
བསྟན་འཛིན་ལྷ་སྒྲོན་ཁྱེད་རང་ལོ་དགུ་ཟིན་གྲབས་དང་། བསྟན་འཛིན་ཀུན་བཟང་དང་བསྟན་འཛིན་འཆི་མེད་ཁྱེད་གཉིས་རང་ལོ་བཅུ་དྲུག་དང་བཅོ་བརྒྱད་སླེབས་ལ་ཉེ་བ་ཡིན་དུས། ཁྱེད་ཚོས་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཐོག་ལ་བསམ་བློ་གཏོང་ཐུབ་པའི་ནུས་པ་ཡོད་པ་བཞིན་བསམ་བློ་ངེས་པར་དུ་གཏོང་དགོས་པ་དྲན་སྐུལ་བྱེད་རྒྱུ་ཡིན། མི་ཚེ་འདི་བཙན་བྱོལ་ལ་སྐྱེས་པ་ང་ཚོའི་ལས་དབང་ཡིན་ཡང་། ཚེ་མཇུག་རང་ཡུལ་དུ་སྐྱེལ་ཐུབ་པར་འགྱོད་པ་མེད་པའི་འབད་བརྩོན་བྱེད་རྒྱུར་རང་ལག་ཏུ་ཡོད།
ལོ་ངོ་ ༦༧ སྔོན་གྱི་དེ་རིང་གི་ཉིན་མོར་ང་ཚོའི་ལུང་པ་ཤོར་བ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྲོག་ལ་ཉེན་ཁ་བྱུང་བ། ༸མགོན་པོ་གང་ཉིད་བཙན་བྱོལ་ལ་ཕེབས་དགོས་བྱུང་བ། བོད་རིགས་སྤུན་ཟླ་འབུམ་ཕྲག་མང་པོའི་ལུས་སྲོག་ཤོར་བ། བོད་གངས་ཅན་གྱི་ལྗོངས་འདི་ལོ་ཤས་ནང་དམྱལ་བ་ལྟ་བུར་གྱུར་ནས། ད་བར་གཞིས་ལུས་བོད་རིགས་སྤུན་ཟླ་རྣམས་ལ་ལུས་སེམས་ཀྱི་དཀའ་ངལ་ཚད་ལས་འདས་པ་བྱུང་ཡོད། ད་དུང་ཡང་ཧ་ཅང་མང་པོ་མྱོང་བཞིན་ཡོད་པ་དང་། ཁོང་ཚོས་རང་དབང་ལུང་པའི་ནང་ཡོད་པའི་སྤུན་ཟླ་ཚོས་མགྱོགས་མྱུར་བོད་ནང་རང་དབང་ཐོབ་རྒྱུ་དང་། རང་གི་རྩ་བའི་བླ་མ་བོད་གངས་ཅན་གྱི་ཡུལ་དུ་གདན་འདྲེན་ཞུ་ཐུབ་པར་རེ་བ་བཅོལ་ནས་སྒུག་བསྡད་ཡོད།
དེ་འདྲ་སོང་ཙང་ང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚོས་སོ་སོའི་འཚོ་བ་དང་མི་ཚེ་གཅིག་པུའི་ཆེད་དུ་དུས་ཚོད་དང་ནུས་པ་ཆ་ཚང་བཏང་ནས་བསྡད་ན་ཐབས་སྐྱོ་པོ་རེད་ལ། ལས་རྒྱུ་འབྲས་ལའང་འགྲོ་ཡི་མ་རེད། ང་ཚོའི་མི་ཚེའི་དམིགས་ཡུལ་གཙོ་བོ་ནི་འཕྲལ་དུ་བོད་ཀྱི་བདེན་མཐའ་གསལ་རྒྱུ་དང་། ཕུགས་དམིགས་སུ་འཛམ་གླིང་ཀུན་ལ་ཕན་རླབས་ཆེ་བའི་བོད་ཀྱི་རྩ་ཆེའི་རིག་གཞུང་སླར་གསོ་དང་གོང་འཕེལ་གཏོང་རྒྱུ་དེ་ཡིན། དེ་དག་སྒྲུབ་པའི་ས་གནས་རྒྱ་གར་འཕགས་པའི་ཡུལ་ལས་ལྷག་པ་མེད། འདིར་ལོ་ངོ་བཅུ་ཕྲག་མང་པོའི་རིང་༸གོང་ས་མཆོག་གིས་སྐུ་ལས་ཚད་མེད་བསྐྱོན་ནས་བཙུགས་གནང་བའི་སྒྲིག་འཛུགས་ཁག་དང་། སློབ་གྲྭ་ཁག དགོན་སྡེ་ཁག གཞིས་ཆགས་བཅས་ཡོད་པས། བོད་ཕྲུག་རྣམས་བོད་ཕྲུག་གཤའ་མ་གཅིག་གསོ་སྐྱོང་བྱེད་ཐུབ་པའི་མཐུན་རྐྱེན་དང་། རང་དབང་། ཁོར་ཡུག་ཆ་ཚང་བ་ཡོད།
བཙན་བྱོལ་དུ་མི་རབས་དང་པོ་ང་ཡི་སྤོ་པོ་རྨོ་མོ་རྣམས་ཡིན་པས། ཁོང་ཚོས་དཀའ་སྡུག་མང་པོ་མྱངས་ཀྱང་༸གོང་ས་མཆོག་གི་དཀའ་དགོངས་ཅི་སྒྲུབ་ཞུས་ཡོད། དེ་བཞིན་མི་རབས་གཉིས་པ་ཨ་མའི་ཕ་མ་གཉིས་ལ་དེང་དུས་ཀྱི་ཤེས་ཡོན་ཐོབ་ནས་མི་ཚེ་ཧྲིལ་པོ་སློབ་གྲྭའི་དགེ་རྒན་གནང་ནས་སོ་སོའི་མི་ཚེ་དོན་དང་ལྡན་པ་བསྐྱལ་ཡོད་ལ། ངས་ཀྱང་ཁོང་གཉིས་ཀྱི་རྗེས་སུ་འབྲངས་ནས་མི་རིགས་ཀྱི་འཐབ་རྩོད་རྩིས་ལེན་གྱིས་གང་ཐུབ་ཅི་ཐུབ་བྱེད་ཁུལ་ཡིན་པས། ཁྱེད་གསུམ་ནས་ཀྱང་སོ་སོའི་མི་ཚེའི་ནང་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་འགྲུབ་པའི་ཆེད་དུ་བློས་གཏོང་ཆེ་ཆུང་ག་རེ་བྱེད་དགོས་བྱུང་ཡང་ཐེ་ཚོམ་མེད་པར་སྒྲུབ་རྒྱུར་མདུན་སྐྱོད་བྱེད་དགོས།
ཁྱེད་ཚོའི་ཕ་མ་གཉིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བཙན་བྱོལ་དུ་ཤེས་ཡོན་གྱི་གོ་སྐབས་བཟང་པོ་བྱུང་སོང་བས། ད་ལྟ་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཞབས་འདེགས་ཕྲན་བུ་ཞུ་ཐུབ་ཀྱི་ཡོད་པ་བསོད་ནམས་ཡིན། ངེད་གཉིས་བོད་པའི་སློབ་གྲྭ་དང་བོད་པའི་སྤྱི་ཚོགས་ནང་འཚར་ལོངས་བྱེད་རྒྱུ་བྱུང་བ་མ་ཟད། ད་ལྟ་བོད་པའི་སྤྱི་ཚོགས་ཀྱི་ནང་མུ་མཐུད་གནས་རྒྱུ་བྱུང་བ་ནི་དྲིན་ཅན་ཕ་མའི་བཀའ་དྲིན་ཡིན་པ་ཤུགས་ཆེར་ཚོར་གྱི་འདུག དེར་བརྟེན་ཁྱེད་གཅེས་ཕྲུག་གསུམ་ཡང་བོད་པའི་སློབ་ཁག་ལ་འགྲིམ་རྒྱུའི་གོ་སྐབས་དང་བོད་པའི་སྤྱི་ཚོགས་ནང་མུ་མཐུད་གནས་རྒྱུའི་ཆེད་དུ་ཕྱི་རྒྱལ་ལ་འགྲོ་རྒྱུའི་ཕྱི་སྐྱོད་ལག་འཁྱེར་ད་བར་བཟོས་མེད་པའི་རྒྱུ་མཚན་དེ་ཡིན། ཁྱེད་ཚོའི་ལོ་མཉམ་གྱི་དགའ་ཉེ་སྤུན་ཉེ་ཙམ་དུ་མ་ཟད་བོད་ཕྲུག་གཞན་མི་ཉུང་བ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕྱིན་པ་དང་འགྲོ་མུས་ཡིན་པས། ཕྱིའི་རྒྱལ་ཁབ་ཁག་གི་ནང་བོད་ཀྱི་རྩ་དོན་ཐོག་བྱེད་ཐུབ་པའི་ལས་འགན་ཁོ་ཚོས་བྱེད་ངེས་ཡིན་པས། ཁྱེད་ཚོས་བོད་ཀྱི་བདེན་མཐའ་མ་གསལ་བར་དུ་རྒྱ་གར་འཕགས་པའི་ཡུལ་དུ་བསྡད་ནས་སོ་སོའི་ནུས་པ་གང་ཡོད་ཀྱིས་བོད་ཀྱི་བསྟན་པ་ཆབ་སྲིད་དང་འབྲེལ་བའི་ལས་དོན་ཁག་ལ་ནུས་པ་སྤུང་དགོས།
ན་ནིང་སློབ་གྲྭའི་དགེ་ཆེ་ཚེ་རིང་མགོན་པོ་ལགས་ཀྱིས་བསྟན་འཛིན་འཆི་མེད་ཀྱིས་གསུམ་བཅུའི་དུས་དྲན་གྱི་མཛད་སྒོར་རང་ཉིད་ཀྱི་བྲིས་པའི་རྩོམ་ཡིག་གཞི་ལ་བཞག་ནས་གཏམ་བཤད་བྱེད་དུས་ཚོར་བ་ཤུགས་ཆེའི་ངང་ངུ་གིན་གཏམ་བཤད་བྱེད་དུས་དགེ་ལས་སློབ་ཕྲུག་མང་པོའི་མིག་མཆི་མས་ཁེངས་པ་བཟོས་སོང་གསུངས་སྐབས་ང་རང་སེམས་འགུལ་ཆེན་པོ་ཐེབས་སོང་བས། ཁྱེད་ཀྱི་མི་ཚེའི་ནང་ཤེས་བྱ་ཡོན་ཏན་ག་ཚོད་ཐོབ་ཡོད་ཀྱང་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཚོར་བ་དང་ལྷག་བསམ་དེ་ཙམ་ཡོད་པ་ནི་ཨ་མར་ལག་རྟགས་ཆེ་ཤོས་དེ་ཡིན། དེ་ལ་དགའ་སྤོབས་ཞེ་དྲག་བྱུང་། དེ་དུས་རང་བཞིན་གྱི་བསམ་བློ་འཁོར་བ་དེ། ངེད་བཟའ་ཚོ་གཉིས་ཕྱི་ལོ་ ༢༠༠༧ ལོར་བཞུགས་སྒར་དྷ་སར་འབྱོར་བ་ནས་བཟུང་ད་བར་གསུམ་བཅུའི་དུས་དྲན་ཐེངས་གཅིག་རྐང་པ་ཆག་སྐྱོན་གྱིས་འགྲོ་མ་ཐུབ་པ་མ་གཏོགས་ལོ་ལྟར་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ལས་རིམ་ཚང་མར་མཉམ་ཞུགས་བྱས་པ་མ་ཟད། ཟླ་དྲུག་དང་ཟླ་བརྒྱད་སྦྲུམ་མའི་སྐབས་ལའང་མཉམ་ཞུགས་བྱས་ཡིན། དེ་བཞིན་ཕྲུ་གུ་གསུམ་ཀ་མ་འབྱར་དང་ཆུང་ཆུང་ཡིན་ཡང་ངེད་གཉིས་ཀྱིས་རྒྱབ་ལ་ཁུར་ནས་ཕྱིན་པ་ཡིན། དེ་ཉིན་གྱི་ལུས་སེམས་ཀྱི་ཚོར་བ་ཤུགས་ཆེ་ཡོད་པ་དེ་དག་ཕྲུ་གུ་ལའང་བག་ཆགས་སླེབས་ཡོད་པ་བསམས་སོང་། གང་ལྟར་བོད་སྤྱི་པའི་ལས་རིམ་འདི་ལྟ་བུར་མཉམ་ཞུགས་བྱེད་ཐུབ་པ་དེའང་བསོད་ནམས་ཡིན་དྲན་གྱི་འདུག
མི་ཚེ་འདིའི་འགན་འཁྲི་ཆ་ཚང་འགྲུབ་པར་རང་ཉིད་བོད་མིའི་སྒྲིག་འཛུགས་ཀྱི་ནང་མུ་མཐུད་ཞབས་སྤྱི་ཞུ་འདོད་འདུག་ལ། རང་ཉིད་ཀྱི་མ་འོངས་པའི་ཚ་བོ་ཚ་མོ་རྣམས་ཀྱང་ཁོར་ཡུག་འདིའི་ནང་གསོ་སྐྱོང་བྱེད་ཐུབ་ན་ཅི་མ་རུང་། དེ་ནས་ན་ནིང་ཕྱི་ཟླ་ ༡༡ ཚེས་ ༥ བོད་ཀྱི་དགེ་རྒན་ཉིན་མོ་ཐེངས་དང་པོའི་སྐབས་གངས་སྐྱིད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་མཛད་སྒོར་ཨ་མས་སོ་སོ་རང་ཉིད་བཙན་བྱོལ་ལ་སྐྱེས་པ་དེ་རང་ཉིད་ཀྱི་ལས་དབང་ཡིན་ཡང་མི་ཚེ་འདིའི་ནང་ལུང་པ་གཞན་ལ་སྐྱབས་བཅོལ་མི་ལེན་རྒྱུའི་ཁས་ལེན་དམ་བཅའ་བཞག་པ་ཡིན། ཁྱེད་གསུམ་ནས་ཀྱང་རྩ་བའི་བླ་མ་བཞུགས་ཡུལ་དུ་མུ་མཐུད་གནས་ཐུབ་པ་བྱས་ནས་མི་རིགས་ཀྱི་འཐབ་རྩོད་རྒྱུན་སྐྱོང་བྱེད་རྒྱུ་དང་། མ་འོངས་པར་ཡང་སོ་སོའི་བུ་རབས་ཚ་རྒྱུད་ལའང་དེ་དེ་བཞིན་སློབ་གསོ་རྒྱག་དགོས་པ་ཤིན་ཏུ་དགོས་གལ་ཆེ་བར་མཐོང་། དེ་ལྟར་བྱུང་ན་ང་ཚོའི་མི་ཚེ་དོན་དང་ལྡན་པ་གཅིག་ཆགས་ངེས་དང་། རྩ་བའི་བླ་མས་སྐུ་ལས་བསྐྱོན་པ་གོ་ཆོད་པ་རེད། ཤེས་སོང་ངམ། དེ་ལྟར་སྙིང་ལ་འཆང་དགོས། །།





