ནེའུ་ཡོག་དང་ནེའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་ཚེ་རིང་ལགས་ཀྱིས་རང་དབང་ལུང་པར་ཡོད་པའི་བོད་པ་རྣམས་ཉིན་རེའི་འཚོ་གོས་ཙམ་ལ་མགོ་འཐོམས་ནས་འདུག་པའི་དུས་ཚོད་ཅིག་མ་རེད་ཅེས་བརྗོད་སོང་།

ཨ་རིའི་ནེའུ་ཡོག་དང་ནེའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཟླ་རེའི་ཕྱི་ཚེས་ ༡༠ ཉིན་བོད་དོན་ཆེད་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༦ ནས་ ༩ བར་ཉིན་གྲངས་ལྔའི་རིང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ། ནེའུ་ཡོག་དང་ནེའུ་ཇར་སི་ས་གནས་བོད་མི་ཁག་ཅིག་གིས་ཆུ་ཚོད་ ༩༠ རིང་བོད་ནང་དུ་རྒྱ་ནག་གིས་མི་རིགས་རྩ་བརླག་གཏོང་བའི་སྲིད་ཇུས་མཚམས་འཇོག་དགོས་པའི་ཟས་བཅད་ངོ་རྒོལ་བྱེད་བཞིན་ཡོད་འདུག
ནེའུ་ཡོག་དང་ནེའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་ཚེ་རིང་ལགས་ཀྱིས། བོད་ནང་གི་གནས་སྟངས་དེ་ཇེ་སྡུག་ནས་ཆེས་ཛ་དྲག་ཅན་གྱི་གནས་སྟངས་ཆགས་ཡོད། ད་ལྟའི་ཆུ་ཚོད་འདིར་བོད་མི་ཡོངས་རྫོགས་རྡོག་རྩ་གཅིག་སྒྲིལ་གྱི་ཐོག་ནས་བོད་བསྟན་པ་ཆབ་སྲིད་དང་མི་རིགས་ཀྱི་དོན་དུ་ལས་ཀ་བྱེད་པའི་དུས་ལ་བབ་ཡོད། རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་སྐད་ཡིག་དང་བཅས་པ་རྩ་བརླག་གཏོང་ཆེད་ལས་འགུལ་རབ་དང་རིམ་པ་སྤེལ་ཡོད་ཅིང་། ཉེ་བའི་ལོ་འདི་དག་གི་རིང་བོད་ཕྲུག་ལོ་བཞི་མ་ཟིན་ཙམ་ནས་བཅའ་སྡོད་སློབ་གྲྭར་བཙན་འཇུག་བྱས་ཏེ་རྒྱ་སྒྱུར་སློབ་གསོ་སྤེལ་བཞིན་ཡོད་པ་མ་ཟད། ཕྱི་ཟླ་ ༣ ཚེས་ ༡༢ ཉིན་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བ་ཞིག་གཏན་འབེབས་བྱས་ཡོད། དོན་དུ་བོད་མི་རིགས་གཙོས་གྲངས་ཉུང་མི་རིགས་རྩ་བརླག་གཏོང་འཆར་ཡོད་པས། རང་དབང་ལུང་པར་ཡོད་པའི་བོད་པ་རྣམས་ཉིན་རེའི་འཚོ་གོས་ཙམ་ལ་འཐོམས་ནས་འདུག་པའི་དུས་ཚོད་ཞིག་མ་རེད། ཅེས་བརྗོད་སོང་།
ཐེངས་འདིའི་ཆུ་ཚོད་ ༩༠ རིང་གི་རྒྱལ་ཚོགས་མདུན་གྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ནང་བོད་དོན་ལས་འགུལ་བ་བསྟན་འཛིན་དབང་ཕྱུག་ལགས་དང་། ནེའུ་ཡོག་དང་ནེའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་ཚེ་རིང་ལགས་དང་ཚོགས་མི་ཀུན་ལྡན་པ་སངས་ལགས། འཇམ་དཔལ་ཆོས་བཟང་ལགས། ཚེ་བརྟན་ལགས་བཅས་མཉམ་ཞུགས་གནང་བཞིན་ཡོད་འདུག
ཐེངས་འདིའི་ལས་འགུལ་ཁྲོད་དགོས་འདུན་དོན་ཚན་བདུན་བཏོན་ཡོད་པའི་ནང་། ༡༽ ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་ལོ་ ༦ ཐོག་འཛིན་བཟུང་བཙོན་འཇུག་གིས་ད་ཆ་ལོ་ངོ་ ༣༡ རིང་གར་སོང་ཆ་མེད་དུ་གྱུར་ཏེ་འཚོ་བཞུགས་ཡོད་མེད་ཀྱི་གནས་ཚུལ་ཙམ་ཡང་ཤེས་རྟོགས་མེད་པའི་༧ཀུན་གཟིགས་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ཡབ་ཡུམ་སྐུ་འཁོར་གཙོས་པའི་བོད་ཀྱི་ཆབ་སྲིད་ཀྱི་བཙོན་པ་ཡོངས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་འཕྲལ་དུ་ཀློད་གྲོལ་གཏོང་དགོས། ༢༽ བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་རྩ་མེད་བཟོ་བྱེད་ཀྱི་བཅའ་སྡོད་སློབ་གྲྭ་སོགས་སྲིད་བྱུས་ངན་པ་ཡོངས་སུ་འཕྲལ་དུ་མཚམས་འཇོག་གིས་སོ་སོའི་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་བཟང་པོ་གཅེས་སྲུང་བྱ་རྒྱུའི་འགྲོ་བ་མིའི་ཐོབ་ཐང་སྤྲོད་དགོས་རྒྱུ། ༣༽རྒྱ་ནག་གཞུང་གིས་བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་གཏོར་བཤིག་གཏོང་བཞིན་པའི་ལས་གཞི་ཤིང་ནགས་གཅོད་འབྲེག་དང་། གཏེར་ཁ་སྔོག་འདོན། ཆུ་རགས་བཟོ་སྐྲུན་སོགས་ཨེ་ཤ་ཡ་གཙོས་འཛམ་གླིང་སྤྱིའི་བདེ་འཇགས་དང་གནམ་གཤིས་འགྱུར་ལྡོག་ལ་གནོད་ཚབས་ཆེ་བའི་ལས་གཞི་ཡོངས་འཕྲལ་དུ་མཚམས་འཇོག་དགོས།
༤༽ ༧གོང་ས་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་ཐད་༧མགོན་པོ་གང་ཉིད་མཆོག་དང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་རྣམ་པར་མ་གཏོགས་རྒྱ་གཞུང་གིས་ཐེ་བྱུས་བྱ་རྒྱུ་འཕྲལ་དུ་མཚམས་འཇོག་དགོས་རྒྱུ། ༥༽ རྒྱ་ནག་གཞུང་གིས་ཉེ་ཆར་ཁྲིམས་སུ་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བ་དོན་དངོས་སུ་བོད་མི་རིགས་གཙོ་བོ་བྱས་པའི་གྲངས་ཉུང་མི་རིགས་ཡོངས་ཁྲིམས་ཀྱི་ཐོག་ནས་རྩ་མེད་གཏོང་རྒྱུའི་ངན་ཚབས་ཅན་གྱི་མི་རིགས་བཙན་བསྒྱུར་གྱི་ཁྲིམས་ཡིག་འཕྲལ་དུ་མཚམས་འཇོག་དགོས་རྒྱུ། ༦༽ གཞིས་བྱེས་གཉིས་སུ་བཞུགས་པའི་བོད་མིའི་ནང་མི་སྤུན་མཆེད་ལ་བཙན་དབང་གནོན་ཤུགས་དང་། སྡིགས་ར་སྐུལ་བ་སོགས་རྒྱལ་མཚམས་བརྒལ་བའི་དྲག་གནོན་ཡོངས་སུ་འཕྲལ་དུ་མཚམས་འཇོག་དགོས། ༧༽ བོད་ཀྱི་བདེན་པའི་འཐབ་རྩོད་དང་རང་དབང་རང་བཙན་སླར་གསོའི་ལས་འགུལ་ལ་གུས་བརྩི་དང་འབྲེལ་བོད་རྒྱའི་དཀའ་ངལ་སེལ་རྒྱུར་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཚོགས་པ་ཁག་གིས་མུ་མཐུད་རྒྱབ་སྐྱོར་སྔར་ལྷག་ཡོང་བའི་རེ་སྐུལ་དང་། སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་གྲོས་མོལ་ཡོང་ཐབས་སུ་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་ཞུ་སྐུལ་ཆེད་ཡིན་བཅས་རེད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།




![A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]](https://tibettimes.net/wp-content/uploads/2026/04/Screen-Shot-2026-04-02-at-5.36.58-PM-360x180.png)
