ཨ་ཀྱཱ་རིན་པོ་ཆེ་མཆོག་གིས་བོད་མི་རྣམས་ལ་སོ་སོའི་རིག་གཞུང་དང་ཆོས་ལུགས་སོགས་འཛིན་སྐྱོང་བྱེད་དགོས་པའི་འགན་ཡོད་སྐོར་གསུངས་བྱུང་།

དེ་རིང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྐུ་འབུམ་དགོན་པའི་དགོན་བདག་ཟུར་བ་སྐྱབས་རྗེ་ཨ་ཀྱཱ་རིན་པོ་ཆེ་མཆོག་དང་ཚ་ཁོ་དཔོན་པོ་ངག་དབང་གྲགས་པའི་སྐུ་ཐོག་བཞི་བ་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་མཇལ་བཅར་ཞུས་སོང་། སྐབས་དེར་ཨ་ཀྱཱ་རིན་པོ་ཆེ་བློ་བཟང་ཐུབ་བསྟན་མཆོག་གིས་འདི་གའི་གསར་འགོད་པར། ན་ནིང་ ༩༠ གོ་སྟོན་ལོར་༸གོང་ས་མཆོག་ལ་མཇལ་ཁ་ཞུ་སླད་ཡོང་འཆར་ཡོད་ཀྱང་། སོ་སོའི་བརྟག་དཔྱད་སོགས་ཀྱི་རྐྱེན་གྱིས་ཡོང་ཐུབ་མ་སོང་། ད་ལོ་ཡོང་ཐུབ་པའི་དུས་ཚོད་བྱུང་། ༸གོང་ས་མཆོག་ལ་མཇལ་ཁ་ཞུ་རྒྱུའི་སྐལ་བ་ལྡན་སོང་། ༸གོང་ས་མཆོག་གི་གྱ་སྟོན་སྐབས་སུ་ཡོང་བ་ཡིན། ད་བར་འདིར་མ་ཡོང་ནས་ལོ་བཅུ་ཕྱིན་སོང་། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་ལོ་བགྲེས་པོར་ཕེབས་ཀྱི་ཡོད་པར་བརྟེན། སེམས་པའི་ནང་དགའ་བ་དང་སྐྱོ་བ་གཉིས་ཀ་ཡོང་གི་འདུག རྒྱ་གར་ལུང་པར་ནང་ཆོས་ལ་དད་པ་ཡོད་མཁན་དང་མེད་མཁན་རྣམས་ཀྱིས་༸མགོན་པོ་གང་ཉིད་མཆོག་ལ་དགའ་པོ་ཞེ་དྲགས་གནང་བ་མ་ཟད། མཇལ་བཅར་སོགས་གནང་གི་འདུག ༸མགོན་པོ་གང་ཉིད་ཀྱིས་ཉིན་ཞག་ཕྲུགས་གསུམ་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་གྱི་ཡོད་པའི་བཀའ་སློབ་བསྩལ་སོང་། ཞེས་གསུངས་བྱུང་།
བོད་མི་རྣམས་ལ་ལམ་སྟོན་ག་རེ་ཡོད་མེད་ཐད་ཨ་ཀྱཱ་རིན་པོ་ཆེ་མཆོག་གིས། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དུས་རྒྱུན་དུ་ནས་དགུང་ལོ་ ༡༠༠ དང་༡༡༠། མཚམས་རེར་དགུང་ལོ་ ༡༣༠ བར་བཞུགས་ཀྱི་ཡིན་ཞེས་བཀའ་གནང་གི་ཡོད་རེད། ཡིན་ནའང་དུས་ཚོད་རྫོགས་འགྲོ་ཡི་རེད། དེར་བརྟེན་ང་ཚོར་སོ་སོའི་རིག་གཞུང་དང་། སྐད་ཡིག ཆོས་ལུགས་སོགས་འཛིན་སྐྱོང་བྱེད་དགོས་པའི་འགན་འཁུར་ཡོད་པ་རེད། ལྷག་པར་དུ་བྱེས་སུ་ཡོད་པའི་བོད་རིགས་ཉུང་ཉུང་རེད་འདུག ཚང་མས་མཐུན་སྒྲིལ་གནང་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག ང་རང་གི་ངོས་ནས་བཤད་ན། ང་རང་སོག་པོ་རེད། ཡིན་ནའང་ཨ་མདོ་སྐུ་འབུམ་ནས་རེད། སོག་པོའི་ནང་ཚང་མས་ང་ལ་ཨ་མདོ་ཟེར་གྱི་ཡོད་པ་རེད། ཨ་མདོའི་ནང་ཕྱིན་ན་ང་ལ་སོག་པོ་ཟེར་གྱི་ཡོད་རེད། ང་ཚོ་ཆེན་པོ་ཧོར་དང་བཅས་པ་ཧི་མ་ལ་ཡའི་རིགས་རྒྱུད་དང་ཚང་མས་མཐུན་སྒྲིལ་བྱས་ནས་སོ་སོའི་རིག་གཞུང་དང་ཆོས་ལུགས་དེ་དག་འཛིན་སྐྱོང་བྱས་པར་བཀའ་དྲིན་ཆེ་ཞུ་ཡི་ཡིན། ཞེས་གསུངས་བྱུང་།
ཡང་རིན་པོ་ཆེ་མཆོག་གིས། དེ་སྔ་༸སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་མཆོག་གིས་ཨ་རིའི་ཨིན་ཌ་ཡ་ན་ཆོས་ཚོགས་ཤིག་གསར་འཛུགས་གནང་ཡོད་པ་དང་། དེའི་ཐོག་ལ་དཀའ་ངལ་ཏོག་ཙམ་འཕྲད་དེ། ཕྱི་ལོ་ ༢༠༠༦ ལོར་༸མགོན་པོ་གང་ཉིད་མཆོག་གིས་ང་ལ་གནང་བ་དང་། ཁྱེད་རང་གིས་བདག་པོ་རྒྱག་ཤོག་ཅེས་གསུངས་པ་ལྟར། ངས་བདག་པོ་བརྒྱག་ནས་ལོ་ ༢༠ ཙམ་འགྲོ་ཡི་འདུག ཆོས་ཚོགས་ཀྱི་ངོས་ནས་བཤད་ན་ཡག་པོ་ཞེ་དྲགས་འདུག ཆོས་ཚོགས་ནང་མི་མང་པོ་ཡོང་གི་འདུག་ལ། ནང་ཆོས་ངོ་སྤྲོད་དང་། དེ་མིན་བཟང་སྤྱོད་ཀྱི་སྐོར་ལ་ཉམས་མྱོང་སྤེལ་རེས་བྱས་ཏེ་ཡག་པོ་འབྱུང་གི་འདུག དེ་སྔ་ང་རང་སློབ་གྲྭ་ཆེན་མོ་དང་ཆོས་ཚོགས་སུ་ཕྱིན་ནས་བོད་དོན་དང་། སོག་པོའི་སྐོར། དེ་བཞིན་སོག་ཡིག་དང་བོད་ཡིག བོད་རིགས་སོགས་ཀྱི་ཐོག་ནས་དཀའ་ངལ་ག་རེ་འཕྲད་ཀྱི་ཡོད་པ། གང་འདྲ་བྱེད་དགོས་ཀྱི་ཡོད་པའི་ཐོག་འགྲེལ་བཤད་བརྒྱབ་སྟེ་འགྲོ་ཡི་ཡོད། ལོ་རྒས་ནས་ཞེ་དྲགས་འགྲོ་ཐུབ་ཀྱི་མི་འདུག ཡིན་ནའང་འབྲེལ་བ་མུ་མཐུད་དུ་བྱེད་ཀྱི་ཡོད། ཅེས་གསུངས་བྱུང་།
དེ་བཞིན་ཚ་ཁོ་དཔོན་པོ་ངག་དབང་གྲགས་པའི་སྐུ་ཐོག་བཞི་བ་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་གིས་འདི་གའི་གསར་འགོད་པར། དེ་རིང་མཇལ་ཁར་བཅར་བའི་རྒྱུ་མཚན་གཙོ་བོ་ནི་རྒྱལ་མོ་ཚ་བ་རོང་གི་ཚ་ཁོ་ངག་དབང་གྲགས་པའི་ལྷ་སྡེ་མི་སྡེ་ཡོངས་ཀྱི་ཚབ་མཚོན་པ་དང་། དམིགས་བསལ་གྱིས་རྒྱལ་མོ་ཚ་བ་རོང་གི་ཡུལ་དུ་ཚ་ཁོ་ངག་དབང་གྲགས་པའི་དགོན་པ་ ༡༠༨ ཡོད་རེད། དེར་བརྟེན་ཚང་མའི་ཚབ་མཚོན་པ་བྱས་ནས་རྟེན་འབྲེལ་གྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་༸སྐུའི་གོ་སྟོན་དང་བྱམས་བརྩེའི་ལོ་དང་འབྲེལ་ནས་༸མགོན་པོ་གང་ཉིད་མཆོག་ལ་ཚ་ཁོ་ངག་དབང་གྲགས་པའི་སྐུ་ཞིག་སྐྱབས་འཇུག་གི་ཆེད་དུ་སྐུ་ཚེ་ཡུན་དུ་བརྟན་པ་དང་། བོད་ལ་མྱུར་དུ་ཕེབས་རྒྱུའི་ཆེད་དུ་ཕུལ་ཡིན། ༸གོང་ས་མཆོག་གིས་དམིགས་བསལ་གྱིས་ལམ་གཙོ་རྣམ་གསུམ་གྱི་ལུང་ཞིག་གནང་སོང་། དེའི་ནང་ལ་གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན།། ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང་།། སྲིད་པའི་རྩ་བ་གཅོད་པར་མི་ནུས་པས།། དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད།། རྟེན་འབྲེལ་གྱི་སྐོར་ལ་བསམ་བློ་ཡག་པོ་གཏང་ཤོག་ཅེས་བཀའ་སློབ་གནང་སོང་། ཚ་ཁོ་དཔོན་པོ་ངག་དབང་གྲགས་པ་མཆོག་ནི་རྗེ་ཙོང་ཁ་བའི་བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་རྡོ་རོང་མཁས་པ་མི་བཞི་ཟེར་བ་དེའི་ནང་གི་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད། མདོ་སྨད་རྒྱ་རོང་ཕྱོགས་སུ་དམིགས་བསལ་གྱིས་སངས་རྒྱས་ཀྱི་བསྟན་པ་སྤེལ་བའི་ཆེད་དུ་དགོན་པ་ ༡༠༨ ཕྱག་བཏབ་པ་རེད། དེ་ཚར་དུས་རྗེ་རིན་པོ་ཆེ་ལ་སྙན་གསེང་ཞུ་བའི་སྐབས། རྗེ་རིན་པོ་ཆེ་མཆོག་གིས་ལམ་གཙོ་རྣམ་གསུམ་ཕྱག་རྟགས་གནང་བ་རེད། དེ་རིང་༸གོང་ས་མཆོག་གིས་ང་ལ་ལམ་གཙོ་རྣམ་གསུམ་གྱི་ཤོ་ལོ་ཀ་འདི་ལུང་གནང་སོང་། ཞེས་གསུངས་བྱུང་།
བློ་བཟང་བྱང་ཆུབ་འོད་ཟེར་མཆོག་གིས། རྒྱལ་མོ་ཚ་བ་རོང་གི་ཡུལ་དུ་སྤྱིར་བཏང་གིས་བོད་ཀྱི་ས་ཆ་གཞན་དང་མི་འདྲ་བར་ལ་དང་རི་རེ་རེར་སྐད་ཡིག་མི་འདྲ་བ་ཡོད་རེད། དམིགས་བསལ་གྱིས་སྐད་འདི་མི་འདྲ་བ་ཞིག་དང་ཁག་པོ་ཞེ་དྲགས་ཡོད་པ་རེད། དེང་སང་རྒྱ་དང་ཐག་ཉེ་པོ་བྱས་ནས་སྐད་མང་པོ་ཞིག་ཉམས་ཡོད་པ་དང་། ནང་པ་སངས་རྒྱས་པའི་ཆོས་དང་ནང་པ་སངས་རྒྱས་ལ་དད་པ་དེ་ཏན་ཏན་འགྱུར་བ་མེད་པ་ཞིག་ཡོད་ཀྱང་། སྐད་དེ་རྒྱ་སྐད་དུ་འགྱུར་བ་སོགས་ཉེན་ཁ་ཆགས་ཀྱི་ཡོད་ལ། བོད་ཀྱི་ས་ཆའི་ནང་ནས་ས་ཆ་གཉན་འཕྲང་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་རེད། ཅེས་གསུངས་བྱུང་།
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།



