མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

བོད་ཀྱི་དུས་བབ།
༢༠༢༦/༠༦/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་ཁུངས། བོད་ཀྱི་དུས་བབ།

རྩོམ་པ་པོ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་།  ཕན་ཐོགས།

ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༣ ཚེས་ ༡༢ ཉིན། རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་》གཏན་ལ་ཕབ་ཅིང་། ཟླ་ ༧ ཚེས་ ༡ ཉིན་ནས་ལག་བསྟར་བྱེད་རྒྱུ་རེད། བཅའ་ཁྲིམས་འདི་འདོན་འཕེལ་བྱུང་བ་ནས་ལག་བསྟར་བྱེད་ལ་ཉེ་བའི་བར་དུ་ཕྱི་ཕྱོགས་ནས་གནས་དོན་དེར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། རྒྱལ་སྤྱིའི་ཚོགས་སྡེ་གང་ས་ནས་རྒྱ་ནག་གིས་“མི་རིགས་མཐུན་སྒྲིལ་”གྱི་མིང་འཁྱེར་ནས། དོན་དངོས་ཐོག་“གྲངས་ཉུང་མི་རིགས་”སུ་འབོད་པའི་བོད་པ་གཙོས་པའི་མི་རིགས་གཞན་རྣམས་བཙན་གྱིས་མཉམ་བསྲེས་དང་རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་ཡིན་པར་སྐྱོན་བརྗོད་ཤུགས་ཆེན་གནང་བཞིན་ཡོད། རྒྱ་གཞུང་གི་མཐར་ཐུག་དམིགས་ཡུལ་ནི་“གྲངས་ཉུང་མི་རིགས་”རྣམས་“ཀྲུང་ཧྭ་མི་རིགས་ཀྱི་ལྟ་བ་” 「中華民族價值觀」ཟེར་བ་རྒྱ་མིའི་ལྟ་བ་ཅན་དུ་བསྒྱུར་ནས། རྒྱ་གཞུང་དབང་འཛིན་པས་རྒྱ་གོང་བུ་གཅིག་འགྱུར་འོག་ཆབ་སྲིད་བརྟན་ལྷིང་དང་སྤྱི་ཚོགས་ལྷིང་འཇགས། ལྷག་པར་མི་རིགས་གཞན་ཐོག་དབང་སྒྱུར་བྱེད་བདེ་བ་ཡོང་ཆེད་ཡིན།

 

རྒྱ་ནག་གི་《མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་》འདིར་དོན་ཚན་ ༦༥ ཡོད་པ་དང་། དོན་ཚན་དང་པོའི་ནང་“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་” 「鑄牢中華民族共同體意識」ཞེས་པ་དེ་ཁྲིམས་ནང་བཅུག་ཡོད། འདི་ནི་རྒྱ་ནག་གིས་ཐེངས་དང་པོར་“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་”ཞེས་པ་ཁྲིམས་སུ་བཅུག་པ་ཡིན་ལ། ༢༠༡༨ ལོར་རྒྱ་ནག་གིས་ཐེངས་དང་པོར་“ཀྲུང་ཧྭ་མི་རིགས་” 「中華民族」ཞེས་པའི་ཐ་སྙད་དེ་རྩ་ཁྲིམས་ནང་བཅུག་རྗེས། ད་ཐེངས་ཡང་བསྐྱར་“ཀྲུང་ཧྭ་མི་རིགས་”ཀྱི་གནས་བབ་དེར་ཁྲིམས་ཐོག་ནས་གཏན་འབེབས་ནན་སྐུལ་བྱས་པ་ཞིག་ཀྱང་ཡིན།

“ཀྲུང་ཧྭ་མི་རིགས་”ཞེས་པའི་ཐ་སྙད་འདི་རྩ་ཁྲིམས་ནང་བཅུག་པ་ནི། ཕྱི་ལོ་ ༡༩༤༧ ལོར་རྒྱ་ནག་གོ་མིན་ཏང་སྲིད་གཞུང་གིས་སྒྲུབ་མ་ཐུབ་པའི་འདུན་པ་ཞིག་ཡིན་ལ། རྒྱ་ནག་གུང་ཁྲན་ཏང་གིས་སྲིད་དབང་བཟུང་རྗེས་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་བཞིན་པའི་དམིགས་འབེན་ཞིག་དང་། ༢༠༡༨ ལོར་ཞི་ཅིན་ཕིང་གཞུང་གིས་མཐར་དམིགས་འབེན་འདི་སྒྱུབ་ཐུབ་པ་བྱས་ཡོད། རྒྱ་ནག་གཞུང་དང་རྒྱ་མིའི་ངོས་ནས་བཤད་ན་དེ་ནི་རྒྱལ་ཁ་ཆེན་པོ་ཞིག་རེད།

དུས་རབས་ ༡༩ པའི་མཇུག་ཏུ་“མི་རིགས་” 「民族」ཞེས་པའི་ཐ་སྙད་དེ་ཉི་འོང་ནས་རྒྱ་ནག་ཏུ་དར་རྗེས། “ཀྲུང་ཧྭ་མི་རིགས་”ཞེས་པའི་མི་རིགས་རིག་པའི་ཐ་སྙད་འདི་བྱུང་བ་དང་། དེའི་རྗེས་སུ་“ཀྲུང་ཧྭ་ཆེན་པོ་” 「大中華」རྒྱའི་མི་རིགས་རིང་ལུགས་སུ་རྒྱ་བསྐྱེད་ཕྱིན་པ་རེད།

“ཀྲུང་ཧྭ་”ནི་“ཀྲུང་ཡོན་ཧྭ་ཤཱ་” 「中原華夏」ལ་ཟེར་བ་དང་། ཀྲུང་ཡོན་ས་ཁུལ་ནི་རྒྱ་མིའི་སྲིད་དབང་གི་འབྱུང་ཁུངས་ཡིན། “ཀྲུང་ཧྭ་མི་རིགས་”ནི་“ཀྲུང་ཡོན་ཧྭ་ཤཱ་མི་རིགས་”ཏེ་རྒྱ་མི་ལ་ཟེར་བ་རེད། རྒྱ་མིའི་“ཀྲུང་ཧྭ་མི་རིགས་”ཀྱི་ངོས་འཛིན་དང་བསྡུར་ན། བོད་པ་ལའང་དེ་དང་འདྲ་བའི་འབོད་སྟངས་ཡོད་དེ། བོད་ཀྱི་བཙན་པོའི་སྲིད་དབང་ནི་ཡར་ཀླུང་གཙང་པོའི་རྒྱུད་དུ་བྱུང་བས། བོད་པས་རང་གི་མི་རིགས་ལ་“གངས་ཅན་བོད་པ་”དང་“གདོང་དམར་བོད་པ།” “བཙན་པོའི་གདུང་རྒྱུད།” “བོད་པ་”ཞེས་འབོད་པ་མ་ཟད། “ཡར་ཀླུང་མི་རིགས་”ཞེས་ཀྱང་འབོད་སྲོལ་ཡོད།

“ཀྲུང་ཧྭ་མི་རིགས་”དང་“ཡར་ཀླུང་མི་རིགས་”ནི་ཕན་ཚུན་འབྲེལ་བ་མེད་པའི་མི་རིགས་ཀྱི་ངོས་འཛིན་གཉིས་ཡིན། འདི་གཉིས་རང་སོ་སོའི་མི་རིགས་ཀྱི་སྒྲོམ་གཞིའི་ནང་བཞག་ན་འོས་ཤིང་འཚམས་པ་ཞིག་ཡིན་མོད། འོན་ཀྱང་དབང་ཤུགས་ལ་བརྟེན་ནས་མི་རིགས་གཞན་ཞིག་ལ་ཁྱོད་ཀྱི་“མི་རིགས་ཀྱི་རིན་ཐང་ལྟ་བ་” 「民族價值觀」ཞེས་པ་དེ་བཙན་གྱིས་ངོས་ལེན་བྱེད་དུ་བཅུག་ན། དེ་ནི་མི་རིགས་རིང་ལུགས་པ་དང་རིགས་རྒྱུད་རིང་ལུགས་པའི་བྱེད་སྟངས་དམར་རྗེན་ཞིག་རེད།

འོ་ན། ཀྲུང་ཡོན་རྒྱའི་རིག་གནས་ཀྱིས་མཐོང་ཆུང་བྱེད་སའི་“ཕྱོགས་བཞིའི་ཀླ་ཀློར་” 「四方蠻夷」འབོད་པའི་ཡ་གྱལ་བོད་པ་རྣམས་ཇི་ལྟར་བྱས་ནས་“ཀྲུང་ཧྭ་མི་རིགས་”ཆགས་པ་རེད་དམ། འདི་ནི་གནའ་བོའི་“རྒྱ་མིར་བསྒྱུར་ནས་མཐའ་འཁོབ་པ་བཅོས་པ་” 「以漢化夷」དང་“ཧྭ་ཤཱ་ཡིས་རིགས་གཞན་བསྒྱུར་བ་” 「用夏變夷」ཟེར་བ་ནས། དེང་སང་གི་“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་”ཞེས་པའི་བར། དེ་ཚོ་ཚང་མ་ནི་དབང་ཤུགས་ཅན་གྱིས་ཉམ་ཆུང་ལ་བཙན་གནོན་བྱེད་པ་དང་། ཉམ་ཆུང་མི་རིགས་ཀྱི་རིག་གནས་རྩ་མེད་བཟོ་བའི་བྱེད་ཐབས་ཤིག་རེད།

བོད་པས་ནམ་ཡང་“ཀྲུང་ཧྭ་མི་རིགས་”ཟེར་བ་དེར་ངོས་འཛིན་བྱས་མྱོང་མེད། རྒྱ་ནག་གོ་མིན་ཏང་སྲིད་གཞུང་གི་དུས་སྐབས་སུ་“ཀྲུང་ཧྭ་མི་རིགས་”ཞེས་པའི་ཐ་སྙད་གསར་དུ་བཟོ་དུས་ཀྱི་བོད་པས་ངོས་ལེན་བྱས་མེད་ལ། དེ་རིང་གི་བོད་པས་ཀྱང་དེ་བཞིན་ཡིན།

ཐའེ་ཝན་ཀྲུང་དབྱང་ཉམས་ཞིབ་ཁང་གི་འབུམ་རམས་རིམ་པའི་ཆེད་དོན་ཉམས་ཞིབ་པ་དང་། རྒྱལ་སྲུང་སློབ་ཆེན་གྱི་ཆབ་སྲིད་དམག་འཁྲུག་སློབ་གླིང་གི་སློབ་དཔོན་ཅན་ཅིན་ཧྲེང་ 「簡金生」 གིས་《བོད་པས་བོད་ཀྱི་སྐོར་གླེང་བ། རྒྱ་ནག་མི་སེར་རྒྱལ་ཁབ་སྐབས་ཀྱི་བོད་པའི་བོད་ཀྱི་ལྟ་བ་》ཞེས་པའི་རྩོམ་ཡིག་ནང་གནས་ཚུལ་འདིར་དཔང་རྟགས་གནང་ཡོད།་ ཁོང་གིས་“རྒྱ་མིས་འདོན་པའི་‘ཀྲུང་ཧྭ་མི་རིགས་’དང་བོད་ལ་བདག་དབང་ཡོད་པའི་འདོད་ཚུལ་ལ་དམིགས་ཏེ། བོད་པ་ཚོས་‘མི་རིགས་ལྔ་མཐུན་སྒྲིལ་’དང་‘མཆོད་ཡོན་འབྲེལ་བ་’ཞེས་ལན་བཏབ་ཡོད། བོད་པའི་ངོས་ནས་བཤད་ན། ‘ཀྲུང་ཧྭ་མི་རིགས་’ཞེས་པའི་ཐ་སྙད་འདིས་མི་རིགས་མཉམ་བསྲེས་རྒྱ་བསྒྱུར་བྱེད་རྒྱུར་དམིགས་པ་ཞིག་རེད། ‘མི་རིགས་ལྔ་མཐུན་སྒྲིལ་’ཞེས་པའི་ཚིག་འདི་ཕྱི་ཚུལ་ནས་བལྟས་ན། ཉུང་མཐར་ཡང་གོ་གནས་འདྲ་མཉམ་གྱི་བོད་རིགས་ཤིག་ཡོད་པར་བརྩི་བ་རེད། དེ་ལས་ལྡོག་སྟེ། ཀྲུང་ཧྭ་མི་རིགས་གཅིག་ལ་རྒྱབ་སྐྱོར་བྱས་ན། བོད་པའི་ཆོས་སྲིད་ཟུང་འབྲེལ་གྱི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་སྲོལ་རྒྱུན་དེ་བརླག་འགྲོ་བ་མཚོན་གྱི་ཡོད།” ཅེས་གསུངས་ཡོད།

དེ་རིང་ཡང་། བོད་མི་ཚོས་རང་ཉིད་ཀྱི་མི་རིགས་ངོ་བོ་དང་རིག་གཞུང་ངོས་འཛིན། ཆོས་དད་རང་མོས། མི་རིགས་ཀྱི་ཐོབ་ཐང་སོགས་ཀྱི་ཆེད་དུ་རྩ་ཆེའི་ཚེ་སྲོག་བློས་གཏོང་བྱེད་བཞིན་ཡོད། ཉེ་བའི་ལོ་ཤས་ནང་ཕྱི་ཕྱོགས་སུ་ར་སྤྲོད་བྱུང་བའི་ནང་། བོད་ཨ་མདོ་མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་པའི་ཁྲི་པ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་ནས་རྒྱ་ནག་གཞུང་གིས་བསྐོས་པའི་པཎ་ཆེན་རྒྱལ་མཚན་ནོར་བུར་སྣེ་ལེན་བྱེད་རྒྱུར་ཁས་མ་བླངས་པའི་རྗེས་སུ་ཁོང་གར་སོང་ཆ་མེད་དུ་གྱུར་པ་དང་། ༢༠༢༥ ལོའི་ཟླ་ ༤ པར་ཁོང་ཝི་ཏི་ནམ་ 「Vietnam 」ནང་རྒྱ་གཞུང་གིས་ལྐོག་གསོད་བྱས་པ་ར་འཕྲོད་བྱུང་ཡོད། ༢༠༢༢ ལོའི་ཟླ་ ༢ ཚེས་ ༢༥ ཉིན། བོད་ཀྱི་གཞས་པ་གྲགས་ཅན་ཚེ་དབང་ནོར་བུས་ལྷ་སའི་པོ་ཏཱ་ལའི་མདུན་དུ་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་རྗེས་འདས་གྲོངས་སུ་ཕྱིན་ཡོད། ན་གཞོན་ཚེ་དབང་ནོར་བུ་འདས་རྗེས་ཁོང་གི་ཕ་ཆོས་རྒན་ལགས་སུ་རྒྱ་གཞུང་གིས་འདྲི་རྩད་དང་བསུན་པོ་མང་དུ་བཟོས་ཏེ་སྡུག་བཟོད་མི་བདེ་པ་བསུན་གཙེར་བྱས་རྐྱེན་ལོ་དེའི་ཕྱི་ཟླ་ ༥ པའི་ཚེས་ ༡༡ ཉིན་རང་སྲོག་བཅད་ཡོད་པའི་གནས་ཚུལ་བྱུང་ཡོད།

བོད་ནི་རྒྱ་ནག་གིས་“མི་རིགས་མཐུན་སྒྲིལ་”རྒྱ་བསྒྱུར་སྲིད་བྱུས་ཀྱི་ཚོད་ལྟའི་ར་བ་ཞིག་ཡིན།

ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་རྒྱ་གཞུང་ལ་ངོ་རྒོལ་གྱིས་ཞི་རྒོལ་ཆེན་པོ་གནང་བར། དེ་མ་ཐག་རྒྱ་ནག་གིས་དྲག་གནོན་བྱས། དེའི་རྗེས་སུ་རྒྱ་ནག་གིས་བོད་ནང་“མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་”ཤུགས་ཆེ་རུ་བཏང་བ་དང་། “མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མིག་དཔེ་འདེམས་སྒྲུག་དང་གཟེངས་བསྟོད་”ཀྱི་ལས་འགུལ་ཡང་བསྟུད་མར་སྤེལ་བཞིན་པ་རེད།

ཕྱི་ལོ་ ༢༠༠༩ ལོར་བོད་རང་སྐྱོང་ལྗོངས་ཟེར་བས་《མི་རིགས་མཐུན་སྒྲིལ་གྱི་མིག་དཔེ་འཛུགས་སྐྲུན་བྱེད་རྒྱུའི་སྐོར་གྱི་བསམ་འཆར་》བཏོན་ཏེ། ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་“མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་དཔེ་སྟོན་གཞི་རྟེན་”འཛུགས་དགོས་པའི་བཀའ་བཏང་ཡོད། ༢༠༡༡ ལོར་《མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་དང་མིག་དཔེ་འདེམས་སྒྲུག་གི་ལས་འགུལ་སྤེལ་རྒྱུའི་སྐོར་གྱི་བསམ་འཆར་》བཏོན། ༢༠༡༣ ལོར་《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་མིག་དཔེ་འདེམས་སྒྲུག་གཟེངས་བསྟོད་བྱེད་ཐབས་》བཟོས།

གཞན་ཡང་། ༢༠༡༠ ལོར་《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག་》གཏན་ལ་ཕབ་པ་དང་། ༢༠༡༤ ལོར་《མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག་》དང་《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག་》བཏོན་པ། དེ་ནས་ ༢༠༡༦ ལོའི་《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག་》 ༢༠༡༩ ལོའི་《རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག་》 ༢༠༢༠ ལོའི་《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་མིག་དཔེ་ཁུལ་འཛུགས་སྐྲུན་གྱི་སྲོལ་ཡིག་》མཐའ་མ་ ༢༠༢༣ ལོར་《མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་སྲོལ་ཡིག་》ལག་བསྟར་བྱས་པ་བཅས།

དེ་ནས་རྒྱ་གཞུངགིས་ ༢༠༢༣ ལོའི་ཟླ་༨ པར་ 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་》ཟེར་བའི་ཁྲིམས་དེ་སྐབས་འདིའི་མི་དམངས་མཐུས་ཚོགས་ཀྱི་ཁྲིམས་འཛུགས་རྣམ་གྲངས་ནང་བཅུག་ཡོད། ༢༠༢༤ ལོའི་ཟླ་༧ ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་《མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་》གཏན་འབེབས་བྱ་རྒྱུ་ཁ་གསལ་བཏོན་ཡོད། ༢༠༢༥ ལོའི་ཟླ་༨ པར། ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་གཙོ་སྐྱོང་གནང་ནས། 《མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་》ཀྱི་འཆར་ཟིན་ལ་ཞིབ་འཇུག་བྱས་པ་དང་། ༢༠༢༦ ལོའི་ཟླ་༣ པའི་ཚེས་༡༢ ཉིན་དངོས་སུ་ཕྱིར་བསྒྲགས་བྱས།

རྒྱ་གཞུང་གིས་བཤད་པར། ”འདི་ནི་ལོ་ངོ་30ལྷག་ཙམ་རིང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཐོག་ཞིབ་འཇུག་བྱས་པའི་ཁྲིམས་གཞི་ཐོག་མ་དེ་ཡིན། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་དེ་ཁྲིམས་འཛུགས་ཀྱི་རྣམ་གྲངས་འཛུགས་པ་དང་། འཆར་ཟིན་འགོད་པ། གྲོས་ཞིབ་བྱེད་པ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཡོད།”

རྒྱ་ནག་གིས་བོད་ས་ཡོངས་སུ་《མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག་》ཟེར་བ་སྔ་ས་ནས་ལག་བསྟར་བྱས་ཡོད་པ་དང་། “མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མིག་དཔེ་འདེམས་སྒྲུག་གཟེངས་བསྟོད་”ཀྱི་ལས་འགུལ་ཡང་མུ་མཐུད་སྤེལ་བཞིན་ཡོད།

སྔར་རྒྱུན་བཞིན་བོད་ནི་རྒྱ་ནག་གི་དྲག་གནོན་སྲིད་བྱུས་ཀྱི་ཚོད་ལྟའི་ར་བ་ཡིན་ལ། ཐེངས་འདིའི་“མི་རིགས་མཐུན་སྒྲིལ་”གྱི་མིང་ཐོག་ནས་མི་རིགས་རྒྱ་བསྒྱུར་བྱེད་པའི་སྲིད་བྱུས་འདིའང་དེ་བཞིན་ཡིན། བོད་ནང་《མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག་》གི་ཚོད་ལྟ་རིམ་པར་བྱས་པའི་རྐྱེན་གྱིས། གཞི་ནས་ད་ལན་རྒྱ་ནག་རྒྱལ་ཡོངས་རང་བཞིན་གྱི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”འདི་གཏན་ལ་ཕབ་ཐུབ་ཡོད།

ང་ཚོས་དྲན་གསོ་བྱེད་དགོས་པ་ཞིག་ལ། ཁྲེན་ཆོན་གོ་ 「陳全國 」ནི་བོད་དང་ཤིན་ཅང་ནང་དྲག་གནོན་སྲིད་བྱུས་སྤེལ་བའི་རྐྱེན་གྱིས་ཁོའི་མིང་ངན་རྒྱལ་སྤྱིའི་ཐོག་ཁྱབ་ཡོད་ལ། བོད་ནང་གི་“མི་རིགས་མཐུན་སྒྲིལ་”ཤུགས་སྣོན་གྱི་སྲིད་བྱུས་དེ་ཡང་ཁྲེན་ཆོན་གོ་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་གི་དྲུང་ཆེ་བྱེད་སྐབས་ཀྱི་“གྲུབ་འབྲས་”ཤིག་ཡིན།

གཞན་ཡང་། རྒྱ་ནག་གིས་བོད་ནང་སྤེལ་བའི་“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མིག་དཔེ་འདེམས་སྒྲུག་གཟེངས་བསྟོད་”ཀྱི་ལས་འགུལ་དེ་ནི། རིག་གནས་གསར་བརྗེའི་སྐབས་ཀྱི་“དམར་སྲུང་དམག་” 「紅衛兵」དང་“ཧུར་བརྩོན་ཅན་”「積極分子」འདེམས་སྒྲུག་དང་གཅིག་མཚུངས་རེད། “མི་རིགས་མཐུན་སྒྲིལ་གྱི་ཧུར་བརྩོན་པ་” 「民族團結積極分子」རྣམས་ཀྱིས་རྒྱ་ནག་དང་གུང་ཁྲན་ཏང་། ཀྲུང་ཧྭ་མི་རིགས་ལ་དགའ་ཞེན་དང་ཟོལ་མེད་ཀྱི་རྣམ་འགྱུར་བསྟན་ནས་རྒྱ་གཞུང་གིས་ངོས་ལེན་དང་གོ་སྐབས་རག་ཐབས་བྱེད་དགོས། དེ་ལས་ལྡོག་སྟེ། རྒྱ་གཞུང་གིས་“མི་རིགས་མཐུན་སྒྲིལ་”གཏོར་བཤིག་གཏོང་མཁན་གྱི་དོགས་ཡོད་མི་སྣའི་གྲས་སུ་ཚུད་ཚེ། རྒྱ་གཞུང་གིས་ཁོ་ཚོ་ནི་སྤྱི་ཚོགས་བརྟན་ལྷིང་མེད་པའི་རྒྱུ་རྐྱེན་དུ་ངོས་བཟུང་ནས་མི་དེ་དག་གི་འཚོ་བར་དཀའ་ངལ་སྣ་ཚོགས་བཟོ་བ་དང་། གོ་སྐབས་དང་མཐུན་རྐྱེན་གང་ཡང་མི་རེག་པར་སྤྱི་ཚོགས་ཀྱི་ཟུར་དུ་འབུད་ཀྱི་ཡོད། ཚབས་ཆེ་བ་རྣམས་ལ་“མི་རིགས་མཐུན་སྒྲིལ་གཏོར་བཤིག་”དང་། “སྤྱི་ཚོགས་བརྟན་ལྷིང་གཏོར་བཤིག” “རྒྱལ་ཁབ་ཁ་བྲལ་”སོགས་ཀྱི་ཉེས་མིང་བཀལ་ནས་ཆད་པ་གཅོད་པ་དང་བཙོན་འཇུག་བྱེད་ཀྱི་ཡོད།

རྒྱ་ནག་གིས་མི་རིགས་གཞན་གྱི་མི་འདྲ་བའི་ཆ་དང་དམིགས་གསལ་ཁྱད་ཆོས་རྣམས་ཉེན་ཁར་ངོས་འཛིན།

རྒྱ་ནག་གི་《མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་》འདི་ནི་“མཐུན་སྒྲིལ་”གྱི་མིང་ཐོག་ན་ཡོད་མོད། འོན་ཀྱང་གལ་ཏེ་ང་ཚོས་བཅའ་ཁྲིམས་འདིའི་ནང་དོན་དང་། བརྗོད་ཚིག ཆབ་སྲིད་ཀྱི་རྒྱབ་ལྗོངས་སོགས་ལ་ཞིབ་ཏུ་བལྟས་ན། འདི་ནི་མི་རིགས་མཐུན་སྒྲིལ་དང་འབྲེལ་བ་གང་ཡང་མེད་པ་ཤེས་ཐུབ། འདི་ནི་མི་རིགས་གཞན་གྱི་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་ལམ་ལུགས་ཤིག་མ་ཡིན་ལ། འདྲ་མཉམ་གྱི་གནས་སྟངས་འོག་མཉམ་གནས་བྱེད་པའི་ཁྲིམས་ཀྱི་སྒྲོམ་གཞི་ཞིག་ཀྱང་མ་ཡིན། དེ་ལས་ལྡོག་སྟེ་རྒྱལ་ཁབ་ཀྱི་དབང་ཤུགས་ཀྱིས་མི་རིགས་གཞན་རྣམས་རྒྱ་མིའི་འོག་མཉམ་བསྲེས་དང་། མི་རིགས་གཞན་རྒྱ་བསྒྱུར་གྱི་ལས་གཞི་དེ་ཁྲིམས་ལུགས་ཅན་དང་ལམ་ལུགས་ཅན་དུ་བསྒྱུར་བ་ཞིག་རེད། ཁྲིམས་དེའི་དོན་ཚན་ནང་ཡང་ཡང་འཁོད་པ་ནི་ཁ་བྲལ་ལ་ངོ་རྒོལ་དང་། རྒྱལ་ཁབ་ཀྱི་བདེ་འཇགས། སྤྱི་ཚོགས་བརྟན་ལྷིང་སོགས་སྲིད་དབང་བརྟན་སྲུང་གི་ཆབ་སྲིད་ཀྱི་སྐད་ཆ་ཤ་སྟག་རེད།

རྒྱ་ནག་གི་《མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་》ཀྱིས་“གྲངས་ཉུང་མི་རིགས་”ཀྱི་རིག་གནས་མཚོན་སྟངས་དང་། མི་རིགས་ཀྱི་ངོ་བོ་ངོས་འཛིན། ལོ་རྒྱུས་ཉམས་ཞིབ་སོགས་ཚང་མ་ཆབ་སྲིད་ཀྱི་ཞིབ་བཤེར་ཁྱབ་ཁོངས་སུ་བཅུག་ཡོད། དེ་ནི་ཤིན་ཏུ་ཉེན་ཁ་ཆེ་བའི་གནས་སྟངས་ཤིག་རེད། རྒྱ་ནག་གིས་“གྲངས་ཉུང་མི་རིགས་”ཀྱི་ལོ་རྒྱུས་བཤད་པའི་དབང་ཆ་བཟུང་ཡོད་པ་དང་། ཁོ་ཚོའི་“སྤེལ་རེས་གསུམ་” འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་ 「三交政策,即是交流、交往、交融」ཞེས་པའི་སྲིད་བྱུས་ནི། “ཀྲུང་ཧྭ་ཆེན་པོ་”ཡི་འདུ་ཤེས་འོག་ནས། “གྲངས་ཉུང་མི་རིགས་”ཀྱི་ངོ་བོ་དང་རིག་གནས། ཆོས་ལུགས། ལོ་རྒྱུས་སོགས་ལ་“ཀྲུང་གོ་ཆེན་པོ་”དང་མཐུན་པའི་“ངེས་ཚིག་”དང་“འགྲེལ་བཤད་”གསར་པ་རྒྱག་པ་དེ་རེད།

རྒྱ་ནག་གི་ལངས་ཕྱོགས་ནི། “གྲངས་ཉུང་མི་རིགས་”ཀྱི་བྱ་བ་ཐམས་ཅད་“ཀྲུང་ཧྭ་ཆེན་པོ་”རྒྱ་མི་དང་འབྲེལ་བ་བཏགས་དགོས་པ་དང་། “ཀྲུང་ཧྭ་ཆེན་པོ་”ཡི་སྒྲོམ་གཞིའི་འོག་ནས་མ་གཏོགས་“གྲངས་ཉུང་མི་རིགས་”གསོན་གནས་བྱེད་འཇུག་གི་མེད།

གལ་ཏེ་མི་རིགས་ཤིག་ལ་རང་ཉིད་ཀྱི་ལོ་རྒྱུས་དང་རིག་གཞུང་བཤད་པ་དང་འགྲེལ་བརྗོད་བྱེད་པའི་དབང་ཆ་མེད་ཚེ། དེ་ནི་རང་ཉིད་ཀྱི་ལོ་རྒྱུས་དང་རིག་གནས་བརླག་པ་དང་གཅིག་མཚུངས་རེད། གཟུགས་པོ་གནས་ཡོད་ཀྱང་། གཞི་རྩའི་ཆ་ནས་མི་རིགས་འདི་རྩ་མེད་དུ་སོང་བ་དང་ཆ་རེད། གང་ཡིན་ཟེར་ན། ཁྱོད་རང་མི་གཞན་པ་ཞིག་ཏུ་གྱུར་ཟིན་པའི་ཕྱིར། རྒྱ་ནག་གིས་“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་”ཟེར་བ་འདི་ནི། “གྲངས་ཉུང་མི་རིགས་”ཀྱི་རིག་གནས་རྩ་མེད་བཟོ་བ་དང་རིག་གནས་ཀྱི་རིགས་རྒྱུད་རྩ་མེད་བཟོ་བའི་ལས་འགུལ་ཞིག་རེད། འདི་ནི་དམར་རྗེན་གྱིས་མངའ་ཁོངས་བཙན་བཟུང་དང་མེ་སེར་སྤེལ་བའི་དབང་སྒྱུར་བྱེད་སྟངས་ཤིག་རེད།

རྒྱ་ནག་གིས་དུས་རྟག་ཏུ་ “མི་རིགས་ཀྱི་གནད་དོན་” དེ་ “བདེ་འཇགས་ཀྱི་གནད་དོན་”དང་འབྲེལ་བ་སྦྱོར་བ་དང་། “མི་རིགས་མཐུན་སྒྲིལ་” དེ་ “ཁ་བྲལ་ལ་ངོ་རྒོལ་”དང་འབྲེལ་བ་སྦྱོར་གྱི་ཡོད། ༢༠༠༨ ལོར་བོད་ནང་ཞི་རྒོལ་ཆེན་མོར་རྒྱ་གཞུང་གིས་དྲག་གནོན་བྱས་རྗེས། བོད་ནང་“མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་”ཤུགས་ཆེ་རུ་བཏང་བ་ནི་དཔང་རྟགས་གསལ་ཤོས་ཞིག་རེད།

ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༥ ཚེས་ ༡༦ ཉིན། བོད་ཁམས་སྐྱེ་དགུ་མདོའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་གིས། New York Times ཀྱི་བཅར་འདྲི་དང་ལེན་གནང་ནས་སྐྱེ་དགུ་མདོའི་ནང་བོད་ཀྱི་སྐད་ཡིག་གི་ཉག་ཁྲ་བའི་གནས་སྟངས་བརྗོད་པར། རྒྱ་གཞུང་གིས་ཁོང་ལ་“རྒྱལ་ཁབ་ཁ་བྲལ་གྱི་ངན་བསྐུལ་བྱས་པའི་ཉེས་མིང་”འོག་ལོ་ ༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད། ཁོང་བཙོན་གྲོལ་ཐོབ་རྗེས་ད་ལྟ་ཡང་རྒྱ་ནག་གི་སོ་ལྟའི་འོག་ཏུ་གནས་ཡོད།

བཀྲ་ཤིས་དབང་ཕྱུག་གི་གནད་དོན་དེས་ར་སྤྲོད་བྱས་པ་ནི། རྒྱ་ནག་གིས་དུས་རྟག་ཏུ་མི་རིགས་ཀྱི་གནད་དོན་དེ་ཆབ་སྲིད་ཅན་དུ་བསྒྱུར་བ་དང་། “གྲངས་ཉུང་མི་རིགས་”ཀྱི་དངོས་ཡོད་རེ་འདུན་རྣམས་ཆབ་སྲིད་ཀྱི་ཉེན་ཁ་དང་འབྲེལ་བ་བཏགས་པ་དེ་རེད། རྒྱ་ནག་གི་ལྟ་བ་དང་གཏན་འབེབས་བྱ་ཐབས་འདི་འདྲའི་འོག་ནས། མི་རིགས་དབར་གྱི་མི་འདྲ་བའི་ཆ་དང་དམིགས་གསལ་ཁྱད་ཆོས་ཡོད་པ་དེ་ཚོ་ཉེན་ཁར་ངོས་འཛིན་པ་དང་། “མི་རིགས་མཐུན་སྒྲིལ་”ནི་ཆབ་སྲིད་ཀྱི་བཀའ་རྒྱ་ཞིག་ཏུ་གྱུར་ཡོད།

ཐེངས་འདིར། རྒྱ་ནག་གི་《མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་》གཏན་ལ་ཕབ་པ་དེ་ནི་རྒྱ་ནག་གི་ལྟ་བ་དང་གཏན་འབེབས་བྱ་ཐབས་དེ་ཚོ་ཁྲིམས་ལུགས་ཅན་དང་ལམ་ལུགས་ཅན་དུ་བསྒྱུར་བ་ཞིག་རེད།

རྒྱ་ནག་གིས་“མི་རིགས་མཐུན་སྒྲིལ་”སྲིད་བྱུས་ཀྱིས་བོད་ནང་ཅི་ཞིག་བྱས་ཡོད་དམ།

རྒྱ་ནག་གི་《མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་》ཀྱི་སྙིང་པོ་ནི། “ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་”ཞེས་པའི་མིང་ཐོག་ནས་“གྲངས་ཉུང་མི་རིགས་”ཀྱི་མི་རིགས་ངོ་བོ་རྩ་མེད་བཟོ་བ་དང་། “ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་བ་”ཞེས་པའི་མིང་ཐོག་ནས་“གྲངས་ཉུང་མི་རིགས་”ཀྱི་ཆོས་དད་རང་དབང་ལ་བཙན་གནོན་བྱེད་པ། “རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བ་”ཞེས་པའི་མིང་ཐོག་ནས་“གྲངས་ཉུང་མི་རིགས་”ཀྱི་སྐད་ཡིག་རྩ་མེད་བཟོ་བ་བཅས་རེད།

རྒྱ་ནག་གི་སྤྱི་བདེ་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དང་ཉེས་དོན་སེམས་ཁམས་རིག་པའི་མཁས་དབང་ལི་ཝན་ཅིན་ 「李玟瑾」གྱིས་དེ་སྔ་གསུང་བཤད་ཅིག་གི་ནང་དུ། “ཚང་མས་ཤེས་གསལ་ལྟར། འཇིགས་སྐུལ་གྱི་གནད་དོན་དང་མི་རིགས། དད་མོས། ཆོས་ལུགས་ཀྱི་གནད་དོན་རྣམས་ལྷན་དུ་འདྲེས་ཡོད། ང་ཚོའི་རྒྱལ་ཁབ་ཀྱི་ས་ཁུལ་མང་པོ་ནི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཡིན། དེར་ཁྱད་པར་གྱི་གནད་དོན་ཡོད་པས། སྐབས་རེར་བརྟན་ལྷིང་མེད་པའི་གནད་དོན་ཡོང་གི་ཡོད། ད་ལྟ་ས་ཁུལ་འགའ་ཤས་ལ་ང་ཚོར་ཐབས་ཤེས་མེད། དེར་བརྟེན་ང་ཚོས་དམག་དཔུང་འབོར་ཆེན་དེར་བཏང་ནས་སྲུང་བཞིན་ཡོད།” “ང་ཚོས་སྤྱིར་བཏང་མི་ལ་བཤད་དུས་སློབ་གསོའི་སྐོར་བཤད་ཀྱི་ཡོད། དེར་བརྟེན་སློབ་གསོ་ལའང་ལོ་ཚད་ཀྱི་དབྱེ་བ་ཡོད་པར་འདོད། དོན་དངོས་ཐོག་ས་ཁུལ་དེ་དག་ཏུ་གལ་ཆེ་ཤོས་ཅི་ཞིག་སྒྲུབ་དགོས་སམ་ཞེ་ན། བུ་བཅོལ་ཁང་འཛུགས་དགོས་པ་དེ་རེད། གལ་ཏེ་ལོ་ཆུང་བྱིས་པའི་དུས་སུ་སློབ་གསོ་འདི་དམ་འཛིན་བྱས་ན། དེ་ནི་དམའ་འབྲིང་དང་ཆེད་ལས་སློབ་ཆེན་ལས་སྙིང་པོ་ཆེ་བ་ཡོད།” ཅེས་བཤད་ཡོད།

ལི་ཝན་ཅིན་གྱིས་ལོ་ ༦ མ་ལོན་པའི་གོང་གི་་“གྲངས་ཉུང་མི་རིགས་”བྱིས་པ་རྣམས་མཉམ་བསྲེས་ཀྱིས་རྒྱ་བསྒྱུར་བྱེད་རྒྱུ་ནི་གལ་ཆེན་པོ་ཡིན་པའི་བསམ་འཆར་བཏོན་པ་དང་། ཁོ་མོས་ད་དུང་མཁས་པའི་བསམ་འཆར་འདི་དག་རྒྱ་ནག་དབུས་སྲིད་གཞུང་ལ་ཕུལ་ཡོད་ཅེས་བཤད་ཡོད།

དེར་བརྟེན། རྒྱ་ནག་གིས་“ཀྲུང་ཧྭ་མི་རིགས་”ཀྱི་འདུ་ཤེས་ཟེར་བ་དེའི་ཆེད་དུ། སྔ་ས་ནས་ཕམ་ཉེས་སུ་སོང་བའི་ཕྱི་ཕྱོགས་དྲིལ་བསྒྲགས་ཀྱི་“ཁུང་ཙི་སློབ་གླིང་” 「Confucius Institute) 」བོད་དུ་སྤོས་ཏེ། “ཁུང་ཙི་སློབ་ཁང་” 「孔子學堂」ཞེས་པའི་མིང་ཐོག་ནས་བོད་པའི་བྱིས་པ་རྣམས་ལ་རྒྱ་མིའི་ཁུང་ཙིའི་བསམ་བློ་དང་རིག་གནས་སློབ་ཁྲིད་བྱེད་ཀྱི་ཡོད།

རྒྱ་ནག་གཞུང་གི་གསར་འགྱུར་ལྟར་ན། ༢༠༢༣ ལོ་ནས་བཟུང་། རྒྱ་གཞུང་གིས་གཞིས་ཀ་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གཅིག་པོའི་ནང་སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་བཅས་ ༡༡༠ ནང་“ཁུང་ཙི་སློབ་ཁང་”བཙུགས་ཡོད། རྒྱ་གཞུང་གིས་བཤད་པར་རིག་གནས་ཀྱི་ངོས་འཛིན་ནི་གཏིང་ཟབ་པའི་ངོས་འཛིན་ཞིག་ཡིན་པ་དང་། དེ་ནི་མི་རིགས་མཐུན་སྒྲིལ་གྱི་རྩ་བ་ཡིན། “ཁུང་ཙི་སློབ་ཁང་”འཛུགས་པ་ནི་“ངོས་འཛིན་ལྔ་”ཡི་སློབ་གསོར་ཤུགས་སྣོན་བྱེད་པ་དང་། རིག་གནས་ཀྱི་ངོས་འཛིན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་ནུས་པ་ཆེན་པོ་ཐོན་གྱི་ཡོད་ཅེས་བསྒྲགས་ཡོད།

རྒྱ་ནག་གི་བྱེད་སྟངས་འདི་ནི་“མཐུན་སྒྲིལ་”གྱི་མིང་ཐོག་ནས་མི་རིགས་མཉམ་བསྲེས་དང་བོད་མི་རྒྱ་བསྒྱུར་བྱེད་པ་ཞིག་ཡིན་ལ། རྒྱ་གཞུང་གིས་རྒྱའི་ཁུང་ཙིའི་བསམ་བློ་དང་རིག་གནས་སྤྱད་དེ། བོད་པའི་གདོད་མའི་ནང་ཆོས་བསམ་བློ་དང་སྲོལ་རྒྱུན་རིག་གནས་ཀྱི་ཚབ་བྱེད་ཐབས་བྱེད་ཀྱིན་ཡོད། དེ་ལྟར་བྱས་ནས་བོད་པའི་བྱིས་པ་རྣམས་ཀྱི་རང་མི་རིགས་ཀྱི་ངོས་འཛིན་དང་རིག་གནས་ཀྱི་ངོས་འཛིན། ཆོས་ལུགས་ཀྱི་ངོས་འཛིན་བཅས་སྲབ་ཏུ་གཏོང་བཞིན་ཡོད།

པར་རིས། རྒྱ་ནག་གུང་ཁྲན་ཏང་གཞིས་ཀ་རྩེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་དྲ་བ་ནས། རྣམ་གླིང་རྫོང་དམའ་འབྲིང་གཉིས་པའི་དགེ་སློབ་རྣམས་ཀྱིས་ཁུང་ཙི་སློབ་ཁང་ནང་《论语》 「Analects of Confucius 」ཀློག་བཞིན་པ།

དེ་བཞིན་དུ། བོད་ཀྱི་ནང་བསྟན་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་མཁན། བོད་མི་རིགས་ཀྱི་ངོ་བོ་གནས་སའི་གལ་ཆེ་ཤོས་ཀྱི་གཞི་རྟེན་ཞིག་ཡིན། དེར་བརྟེན་བོད་ཀྱི་དགོན་པ་དང་གྲྭ་བཙུན་རྣམས་རྒྱ་གཞུང་གིས་ནམ་ཡང་ཉེན་ཁ་ཅན་དུ་རྩི་བ་དང་། རྒྱ་གཞུང་གིས་བོད་ནང་ལག་བསྟར་བྱེད་པའི་དྲག་གནོན་སྲིད་བྱུས་དེ་དགོན་པ་དང་གྲྭ་བཙུན་རྣམས་ལ་དམིགས་བསལ་ཤུགས་ཆེན་བྱེད་ཀྱི་ཡོད།

ཟླ་ ༦ ཚེས་ ༡༤ ཉིན། རྒྱ་ནག་གཞུང་གིས་བོད་ཨ་མདོ་མགོ་ལོག་ཁོངས་ཀྱི་དགོན་པ་མང་པོའི་ནང་། ལོ་ཚད་ ༡༨ མ་ལོན་པའི་བྱིས་པ་དགོན་པར་ཞུགས་ནས་སློབ་སྦྱོང་བྱེད་རྒྱུ་བཀག་སྡོམ་བྱས། སྲིད་བྱུས་དེ་ནི་ ༡༩༩༣ ཙམ་ནས་བོད་ཀྱི་ས་གནས་མང་པོར་ལག་བསྟར་བྱས་པའི་གནས་ཚུལ་བྱུང་པ་དང་། ༢༠༠༨ ལོའི་གཡས་གཡོན་ནས“བོད་རང་སྐྱོང་ལྗོངས་”ནང་དམ་པོའི་ངང་ལག་བསྟར་བྱས་ཡོད། ཉེ་བའི་ལོ་ཤས་ནང་བཀག་སྡོམ་འདི་ཁམས་དང་ཨ་མདོ་ས་ཁུལ་དུ་ལག་བསྟར་བྱེད་བཞིན་ཡོད་པ་དང་། རྔ་བ་ཀིརྟི་དགོན་པ་གཙོས་པའི་བོད་ཀྱི་དགོན་པ་ཁག་ནས་རྒྱ་ནག་གཞུང་གིས་ཡང་ཡང་བཙན་གྱིས་ལོ་ཆུང་གྲྭ་པ་རྣམས་དགོན་པ་ནས་ཕྱིར་འཕུད་དེ། གཏན་སྡོད་སློབ་གྲྭར་ནང་བཙན་འཁྲིད་བྱེད་བཞིན་ཡོད།

ཡང་རྒྱ་ནག་གིས་“རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བ་”ཞེས་པའི་མིང་ཐོག་ནས། བོད་ས་ཡོངས་ཀྱི་སྒེར་བཙུགས་སློབ་གྲྭ་རྣམས་བཙན་གྱིས་སྒོ་བརྒྱབ་བཅུག་རྗེས། གཏན་སྡོད་སློབ་གྲྭ་「 Boarding Schools」 དང་བུ་བཅོལ་ཁང་འབོར་ཆེན་བཙུགས་ཡོད། བཙན་བྱོལ་བོད་མིའི་སྤྱི་ཚོགས་རིག་པ་བ། འབུམ་རམས་པ་རྒྱལ་ལོ་ 「Gyal Lo」 ལགས་ཀྱིས་བོད་ནང་དངོས་སུ་བརྟག་དཔྱད་བྱས་པ་བརྒྱུད། རྒྱ་ནག་གཞུང་གིས་བཙན་གྱིས་གཏན་སྡོད་སློབ་གྲྭ་བརྒྱུད་ནས་སློབ་གྲྭའི་གནོན་ཤུགས་དང་ཆད་པ་ནན་པོ་གཅོད་པའི་ཐབས་ཤེས་ཀྱིས་བོད་པའི་བྱིས་པ་དང་ཕ་མ། ཕ་སྐད། སྲོལ་རྒྱུན་རིག་གནས། ཐ་ན་བོད་པའི་སྤྱི་ཚོགས་བར་གྱི་འབྲེལ་བ་བཅད་དེ། བོད་ཀྱི་རིག་གནས་རྩ་མེད་བཟོ་བར་རྩོམ་བཞིན་པའི་ངན་བྱུས་དེ་ཐེར་འདོན་བྱས་ཡོད། རྒྱ་ནག་གི་བྱ་སྤྱོད་ངན་པ་འདི་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔ་ས་ནས་ཤེས་གསལ་རེད།

ཐེངས་འདིའི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ཀྱི་དོན་ཚན་ ༡༥ པའི་ནང་དུའང་།་“ ལོ་ཆུང་བྱིས་པས་རྒྱ་སྐད་ཤེས་པར་སྐུལ་འདེད་གཏོང་བ་ ”ཟེེར་བ་གལ་ཆེན་པོ་ཡིན་པ་བཤད་ཡོད། རྒྱ་ནག་གི་བྱེད་སྟངས་འདི་དག་ནི་ལི་ཝན་ཅིན་གྱིས་བཏོན་པའི་ལོ་ ༦ མ་ལོན་པའི་སྔོན་ལ་མི་རིགས་མཉམ་བསྲེས་དང་རྒྱ་བསྒྱུར་བྱེད་དགོས་པའི་བསམ་འཆར་ལག་ལེན་བྱས་པ་ཞིག་རེད།

རྒྱ་ནག་གི་དམིགས་ཡུལ་ནི། བོད་པའི་བྱིས་པ་རྣམས་རང་གི་ནང་མི་དང་ཁ་བྲལ་དུ་བཏང་སྟེ། ནང་མིས་བྱིས་པར་ཆོས་ལུགས་དང་རིག་གནས། ཕ་སྐད་སོགས་ཀྱི་ཤུགས་རྐྱེན་ཐེབས་རྒྱུ་མེད་པར་བཟོས་ནས། རྩ་བ་ནས་བོད་པ་རྣམས་མཉམ་བསྲེས་ཀྱིས་རྒྱ་བསྒྱུར་དམིགས་ཡུལ་སྒྲུབ་ཀྱི་ཡོད།

མདོར་ན། རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”འདི་ནི་“མཐུན་སྒྲིལ་”གྱི་མིང་ཐོག་ནས། “ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་”སྙིང་པོར་བྱས་ཏེ། དོན་དངོས་ཐོག་“གྲངས་ཉུང་མི་རིགས་”ཀྱི་མི་འདྲ་བའི་ཆ་དང་དམིགས་གསལ་ཁྱད་ཆོས་རྣམས་ཉེན་ཁར་ངོས་འཛིན་ནས་། མི་རིགས་གཞན་གྱི་ངོ་བོ་དང་རིག་གཞུང་གི་ངོས་འཛིན། ཆོས་དད་སོགས་རྩ་མེད་བཟོ་བའི་བཙན་གནོན་གྱིས་མི་རིགས་རྒྱ་བསྒྱུར་གྱི་ལས་གཞི་ངན་པ་ཞིག་རེད།

འདི་ནི་རྒྱ་ནག་གི་“ཀྲུང་ཧྭ་ཆེན་པོ་” 「大中華」རྒྱའི་མི་རིགས་རིང་ལུགས་ཀྱི་བསམ་བློ་དང་བྱ་ཐབས་འོག་ “གྲངས་ཉུང་མི་རིགས་”ཀྱི་རིག་གནས་རྩ་མེད་བཟོ་བ་དང་རིག་གནས་ཀྱི་རིགས་རྒྱུད་རྩ་མེད་བཟོ་བའི་ལས་འགུལ་ཞིག་རེད། འདི་ནི་དམར་རྗེན་གྱིས་མངའ་ཁོངས་བཙན་བཟུང་དང་མེ་སེར་སྤེལ་བའི་དབང་སྒྱུར་བྱེད་སྟངས་ཤིག་ཀྱང་རེད།

རྒྱ་ནག་གི་མཐར་ཐུག་གི་དམིགས་ཡུལ་ནི། “གྲངས་ཉུང་མི་རིགས་”རྣམས་“ཀྲུང་ཧྭ་མི་རིགས་ཀྱི་རིན་ཐང་ལྟ་བ་”ཟེར་བའི་རྒྱ་མིའི་ལྟ་བ་ཅན་ཏུ་བསྒྱུར་བཀོད་བྱས་ནས། “གྲངས་ཉུང་མི་རིགས་”རྣམས་“ཀྲུང་ཧྭ་ཆེན་པོ་”རྒྱ་མིའི་ངོས་འཛིན་དང་རྒྱ་ནག་གི་ཅི་གསུང་བཀའ་སྒྲུབ་བྱེད་མཁན་ཤ་སྟག་བཟོས་ནས། རྒྱ་གཞུང་གིས་དབང་སྒྱུར་བྱེད་བདེ་བ་ཡོང་ཆེད་ཡིན།

 

དཔྱད་གཞིའི་ཡིག་ཆ་ཁག

【1】 簡金生,藏人論藏:民國時期藏人的西藏觀,台灣師大歷史學報Issue 50 (2013/12),P97-153

http://hprc.cssn.cn/gsyj/shs/ssmzf/201712/P020180416411936627602.pdf

【2】 【投書】鑄牢中華魂?對西藏百年壓迫的升級:習近平加強火力的「中華民族化」熔爐https://www.twreporter.org/a/opinion-tibet-resist-chinese-nation
【3】 李玫瑾:青少年成长中的心里抚养—解析家庭教育中孩子心里问题的由来!https://www.youtube.com/watch?v=eWDhisRQnrU
【4】 “中国好声音”走红藏族歌手自焚抗暴?藏人组织呼吁真相https://www.rfa.org/mandarin/yataibaodao/shaoshuminzu/hx-03072022083515.html
【5】 西藏歌手次旺诺布自焚死亡后,他的父亲不堪警察骚扰和殴打也被逼自杀https://www.chinaaid.net/2022/05/blog-post_90.html
【6】 流亡藏人团体:西藏果洛龙恩寺住持红格尔多吉仁波切在越南遭中共跨国杀害https://cn.vot.org/2025/04/07/%e6%b5%81%e4%ba%a1%e8%97%8f%e4%ba%ba%e5%9b%a2%e4%bd%93%ef%bc%9a%e8%a5%bf%e8%97%8f%e6%9e%9c%e6%b4%9b%e9%be%99%e6%81%a9%e5%af%ba%e4%bd%8f%e6%8c%81%e7%ba%a2%e6%a0%bc%e5%b0%94%e5%a4%9a%e5%90%89%e4%bb%81/
【7】 扎西文色受審,否認「煽動分裂」https://cn.nytimes.com/china/20180105/tibet-china-language-separatism-tashi/zh-hant/
【8】 刘刚,新中国民族团结教育历史进程与基本特征述略,新疆社会科学,2017年第3期
【9】 不是民族团结,而是民族同化——评《民族团结法》https://www.msguancha.com/a/lanmu2/2026/0313/25205.html
【10】 Beijing Is Legalizing the Assimilation of Tibetans and Other Ethnic Minorities

https://thediplomat.com/2026/03/beijing-is-legalizing-the-assimilation-of-tibetans-and-other-ethnic-minorities/

【11】 南木林县第二中学:海拔4000米之上,他们的世界不止雪山

https://rikaze.xzdw.gov.cn/xwzx_455/ttxw/202604/t20260401_660097.html

【12】 西藏:中国被指透过寄宿学校制度压缩藏语教育https://www.bbc.com/zhongwen/simp/chinese-news-68526757
【13】 西藏久治县多座寺院遭限制,未成年人被禁止入寺学习https://cn.vot.org/2026/06/20/%e8%a5%bf%e8%97%8f%e4%b9%85%e6%b2%bb%e5%8e%bf%e5%a4%9a%e5%ba%a7%e5%af%ba%e9%99%a2%e9%81%ad%e9%99%90%e5%88%b6%ef%bc%8c%e6%9c%aa%e6%88%90%e5%b9%b4%e4%ba%ba%e8%a2%ab%e7%a6%81%e6%ad%a2%e5%85%a5%e5%af%ba/
【14】 中国藏语广播网 ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། 2026-06-25 09:32:00 བཀོད་དོན།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese