བསྟན་འཛིན་ཤེས་རབ།
ཞོགས་པ་སྔ་མོའི་ལྷོ་ཕྱོགས་ཀྱི་མཁའ་དབུགས་ནི་ཆེས་གཙང་ཞིང་བསིལ་བག་ལྡན་པ་ཞིག་རེད། ཚ་བ་དང་འུར་ཟིང་འཇགས་པའི་དུས་མཚམས་ཀྱི་ཁུག་སོ་འདིའི་ནང་ཕྱོགས་བཞི་མཚམས་བརྒྱད་ན་ལྗང་མདོག་གིས་བརྟས་པའི་ལྗོན་ཤིང་ཚོགས་ནི་སྟུག་པོར་གཟེངས་ཤིང་། ལམ་འགྲམ་གཡས་གཡོན་གྱི་འཇག་རྩའི་ཚོགས་ནི་ཞོགས་སྨུག་སྲབ་བུའི་ཀློང་ན་ཟིལ་བ་ཁྲོམ་མེར། ཅི་ཞིག་གིས་ལྷིང་འཇགས་ཀྱི་ཁོར་ཡུག་ཁད་ཀྱིས་དཀྲོགས་པར་སྐྲག་པ་དང་འདྲ་ལ་སྣུམ་རྫས་རླངས་འཁོར་རམ་འབག་གཙོག་ཅན་གྱི་འཕྲུལ་ཆས་གང་ཞིག་འོང་བར་དངངས་པ་དང་ཡང་ཀུན་ནས་མཚུངས། ང་དུས་རྒྱུན་དུས་ཚོད་འདི་དག་ཁྲོད་དུ་བྲེལ་བྲེལ་འཚབ་འཚབ་ཀྱི་ཕར་བསྐྱོད་ཅིང་ཚ་ཟེར་ངམ་ངམ་འབར་བའི་ཉིན་གུང་ཕྱིར་སླེབས་ཐེངས་རེར། གདོང་ལ་མ་བཅོས་ལྷུན་འགྲུབ་ཀྱི་འཛུམ་གྱིས་འཁྱུད་ཅིང་འཚོ་བའི་གཉའ་མནོན་གྱི་བསམ་བློས་བཙན་འཛུལ་མ་ཐེབས་པའི་དྭངས་གཙང་གི་བྱིས་པ་གཉིས་མཐོང་ཡོང། བྱིས་པ་དེ་གཉིས་ལས་གཅིག་ནི་ལོ་ན་བརྒྱད་དགུ་ཅན་གྱི་བུ་ཞིག་ཡིན་པ་དང་གཅིག་ནི་ལོ་ན་བཅུ་བཅུ་གཅིག་ཙམ་དུ་སོན་པའི་བུ་མོ་ཞིག་རེད། བྱིས་པ་འདི་གཉིས་ནི་རྡ་ཞོལ་བུ་ཁྱིམ་སློབ་གྲྭའི་སློབ་མ་ཡིན་ལ། ད་ལྟའི་སློབ་གྲྭའི་གུང་གསེང་གི་སྐབས་འདིར་གཉེན་ཉེ་ལག་གི་འབྲེལ་བ་ཅི་ཡང་མེད་པའི་གྲྭ་བ་ཞིག་གིས་འདི་ག་འབྲས་སྤུངས་སུ་གུང་གསེང་དུ་བླངས་འདུག
གོ་ཐོས་ལ་བྱིས་པ་འདི་གཉིས་ལས་བུ་མོ་དེ་ནི་ཨ་མདོའི་ཡུལ་ག་གེ་མོ་ཞིག་ནས་ཡིན་པ་དང་་བུ་དེ་ནི་བལ་བོ་དང་ཉེ་བའི་བོད་ཀྱི་ས་མཚམས་ཤིག་ནས་ཡིན་པར་བཤད། ཁོང་གཉིས་ལ་འདྲ་ས་ཞིག་ཡོད་པ་ནི་གཉིས་ཀ་དྭ་ཕྲུག་ཡིན་པ་དེ་རེད། གཞན་གྱིས་བཤད་པ་ལྟར་ན་ཁོང་གཉིས་ཀྱི་སྔོན་ཆད་ཀྱི་ལོ་རྒྱུས་ནི་ཧ་ཅང་ཡ་ང་ཞིང་སྙིང་རྗེ་བ་ཞིག་རེད་ཟེར། དེ་ཡང་ཡིན་ཏེ་དྭ་ཕྲུག་ཅིག་ལ་མཛེས་ཤིང་སྡུག་པའི་འཚོ་བའི་ལོ་རྒྱུས་ཤིག་ག་ལ་ཡོད།
དུས་ཚོད་འདི་དག་གི་ཁྲོད་ཁོང་གཉིས་ཀྱང་ཁོ་བོ་བཞིན་དུས་ཚོད་ཀྱི་འཁོར་བསྐྱོད་བར་ན་བྲེལ་བས་འདུར་བཞིན་འདུག་པ་དང་། མི་འདྲ་ས་ནི་ཁོང་གཉིས་སློབ་སྦྱོང་གིས་བྲེལ་འདུག་པ་དང་སེམས་ཁོང་ལ་ཡིད་ཆེས་དང་རེ་བས་ཁེངས་ཡོད་པ་དེ་རེད།
ལོ་རེའི་བོད་ཟླ་བཅུ་གཅིག་པའི་ཟླ་དཀྱིལ་ཙམ་དུ་དུས་རྒྱུན་སློབ་གྲྭ་ཁག་གིས་གུང་གསེང་གཏོང་གི་ཡོད་པ་དང་། གུང་གསེང་གི་དུས་ཚོད་སླེབས་ཐེངས་བཞིན་རྒྱ་གར་གྱི་ས་གནས་གང་རུང་ནས་སྐྱེས་པའི་སློབ་ཕྲུག་ཚོ་ནི་རང་རང་གི་ཕ་མ་ཡོང་སྟེ་བསུས་འགྲོ་བ་དང་། བོད་ནས་འབྱོར་བའི་སློབ་ཕྲུག་རྣམས་ནི་གུང་གསེང་དུ་འགྲོ་ཡུལ་དང་ལེན་མཁན་མེད་པ་རེད། ཁོང་ཚོའི་མང་བོ་ཞིག་ལ་གདན་ས་སོགས་ཀྱི་ནང་སྤུན་མཆེད་དང་ཤ་ཉེ་ལག་གིས་སྦྲེལ་བའམ་ཕ་ཡུལ་གཅིག་པས་སྦྲེལ་བའི་གྲྭ་བ་གང་འཚམ་ཡོད་མོད། ཁོང་ཚོ་ཡང་བསླབ་པ་སློབ་གཉེར་གྱིས་བྲེལ་བཞིན་པ་རྐྱང་ཡིན་པས། སློབ་ཕྲུག་དེ་དག་ཕར་བསྐྱལ་ཚུར་ལེན་བྱེད་རྒྱུའི་དུས་ཚོད་དང་འཚོ་བ་གོ་སྒྲིག་བྱེད་པའི་དངུལ་དེ་འདྲ་མང་བོ་ཞིག་ག་ལ་ཡོད། དེ་བས་སློབ་ཕྲུག་དེ་དག་གཞན་དག་སོང་ཤུལ་དུ་སེམས་པ་ཐང་དུ་ལྷུང་བཞིན་སྡོད་དགོས་བྱུང་གི་ཡོད།
རྒྱུས་མངའ་གསལ་བོ་མེད་མོད། གོ་ཐོས་ལ་ལོ་རེ་གཉིས་ཤིག་གི་གོང་ནས་བཟུང་གདན་ས་སོགས་སུ་སློབ་ཕྲུག་རྣམས་གུང་གསེང་དུ་སླེབས་ཚད་མང་དུ་སོང་ཡོད་པ་དང་། དེ་ནི་ཕྱིའི་རྒྱལ་ཁབ་དག་ཏུ་གནས་པའི་སྒེར་གྱི་ཚོགས་པ་དང་མི་སྒེར་གྱིས་མཐུན་རྐྱེན་སྦྱར་བས་ཡིན་སྐད།
དྭ་ཕྲུག་འདི་གཉིས་ལ་མཚོན་ན། སློབ་གྲྭའི་གུང་གསེང་སྐབས་སློབ་གྲོགས་ཕལ་མོ་ཆེ་རང་རང་ས་ནས་གུང་གསེང་དུ་བཤར་སོང་བས། ཤུལ་དུ་ཁོང་གཉིས་གཅིག་པོ་ཡིད་སེམས་ཁོང་དུ་ཆུད་དེ་ཡོད་པ་དང་། ལྷག་དོན་བུ་མོ་དེ་སེམས་པ་ཕམ་དྲགས་རྐྱེན་སེམས་ནད་ཅན་དུ་འགྱུར་གྲབས་ཡོད་འདུག གནས་སྟངས་འདི་འདྲ་ཞིག་གི་སྐབས་སུ་འབྲས་སྤུངས་སྒོ་མང་གི་གྲྭ་བ་ཞིག་གིས་ཤེས་པས། ཁོང་གིས་ལས་གྲོགས་སྐོར་ཞིག་དང་གྲོས་བསྡུར་བགྱིས་ཏེ། ད་ནས་བཟུང་ཁོང་ཚོ་མི་རེས་སློབ་ཕྲུག་གཉིས་རེའི་གུང་གསེང་གི་འགན་དེ་འཁུར་རྒྱུ་བྱས་པ་དང་། སློབ་གྲྭའི་འབྲེལ་ཡོད་རྣམས་ལ་དེ་ལུགས་འགྲེལ་བརྗོད་དང་འབྲེལ་དགོངས་འཁྲོལ་ཞུས་ཏེ་འདི་ག་འབྲས་སྤུངས་སུ་ཁྲིད་ཡོང་འདུག དྭ་ཕྲུག་འདི་གཉིས་གུང་གསེང་དུ་སླེབས་རྗེས་གཅིག་ནས་ཤུལ་དུ་གཅིག་བུར་ཡུལ་ཡུལ་བོར་ལྷག་པའི་ཡིད་མུག་གི་འཚོ་བ་མྱོང་མ་དགོས་པ་དང་། གཉིས་ནས་ཁོར་ཡུག་དང་ཁོར་ཡུག་གི་མི་སྣའི་སྤྲོ་སྣང་དང་གཅེས་སྐྱོང་ཚོར་བ། གསུམ་ནས་འུར་འུར་ལང་ལོང་གིས་སློབ་གྲོགས་གཞན་དང་འདྲ་བར་དྲི་མས་མ་གོས་པའི་བོད་ཀྱི་འཚོ་བ་དང་དགོན་པའི་སློབ་གསོ་མྱངས་པ་བཅས་ཀྱིས། ད་ལྟ་ཁོང་གཉིས་ནི་སྔོན་གྱི་ཡིད་སེམས་ཁོང་དུ་ཆུད་པའི་དྭ་ཕྲུག་དེ་གཉིས་རེད་ཟེར་ན་རྣར་མི་འགྲོ་བའི་ཚད་དུ་གྱུར་འདུག ད་དུང་སྤྱིར་བཏང་གི་འཚོ་བའི་འགྲོ་འདུག་སོགས་ཀྱི་ཐད། བབ་ཆགས་དང་ལྷོད་ཡངས་ཀྱི་བྱ་སྤྱོད་ཅིག་ལྡན་པས། ཁོ་གཉིས་ནི་ཅི་འདྲའི་མི་རྒན་ཞིག་ལོས་ཡིན་སྙམ་པའི་སྣང་བ་ཡང་སྟེར།
འབྲས་སྤུངས་སྒོ་མང་གྲྭ་ཚང་ལ་དགོན་པ་དང་བར་ཐག་དེ་ཙམ་མི་རིང་བའི་འདབས་རོལ་ཏུ་མགྲོན་ཁང་ཞིག་ཡོད། དེ་ནི་ཆེད་དུ་ཕྱོགས་ནས་ཕེབས་ཡོང་བའི་མི་སྐྱ་མགྲོན་པོ་རྣམས་སྡོད་སར་བཟོས་པ་ཞིག་རེད། ལོ་ནམ་ཞིག་ནས་འགོ་བཙུགས་པ་མི་ཤེས་མོད། ད་ལྟ་དེའི་ནང་འབྲས་སྤུངས་སུ་གུང་གསེང་དུ་སླེབས་པའི་སློབ་ཕྲུག་ཡོངས་ལ་འཛིན་གྲྭ་ཞིག་ཚུགས་འདུག་པ་དང་། དེ་ནི་སློབ་ཕྲུག་གུང་གསེང་དུ་ལེན་མཁན་རྣམས་ཀྱིས་ཆེད་འཛུགས་བྱས་པ་ཞིག་རེད། འཛིན་གྲྭ་འདིར་སུམ་རྟགས་དག་གསུམ་དང་སྙན་ངག་སོགས་བོད་ཀྱི་ཐུན་མོང་རིག་གནས་དང་། ཡ་རབས་བཟང་སྤྱོད་ཀྱི་སློབ་གསོ། ནང་ཆོས་ཀྱི་རྨང་གཞིའི་རྒྱུན་ཤེས་། ལས་འབྲས་དང་གྲུབ་མཐའ་ངོ་སྤྲོད། རིགས་ལམ་གྱི་འགྲོ་སྟངས་སོགས་སློབ་ཀྱི་ཡོད་པ་དང་། རང་ཁོངས་དགེ་འདུན་པའི་ཁྲོད་ཀྱི་དྲག་གྲས་འདེམས་སྒྲིག་གིས་ཆེད་དུ་སློབ་ཁྲིད་ཀྱི་ཁུར་སྐྱོང་དུ་བཅུག་ཡོད་པ་རེད།
ས་མཐར་གྱར་བས་ཡིན་ནམ། ཡང་ན་མཐོ་རིམ་སློབ་གསོ་མྱངས་པས་ཡིན། ད་ལྟ་སློབ་ཕྲུག་འདི་དག་ལ་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཆགས་ཡོད་པ་ནི། གཞིས་ཆགས་ཀྱི་ཕྲུ་གུ་ཚོ་དང་བསྡུར་ཐབས་མེད་པར་འགན་འཁུར་གྱི་བསམ་བློ་དང་འདུ་ཤེས་ཤིག་འཚར་ལོངས་འབྱུང་གི་ཡོད་པ་དང་། ཕྲུ་གུ་ཆུང་བ་ལོ་བདུན་བརྒྱད་ནས་ཆེ་བ་ལོ་བཅོ་ལྔ་བཅུ་དྲུག་ཅན་འདི་ཚོ་གཤིས་རྒྱུད་ཡ་མ་བརླ་རུ་གྱུར་པའི་གཞིས་ཆགས་ཚོའི་རྒྱ་གར་གཤིས་རྒྱུད་ཀྱི་ཤུགས་རྐྱེན་ལས་ཚུར་དྲངས་ཏེ་སླར་བོད་ཀྱི་གཤིས་ཀའི་སྣུམ་གྱིས་ཟིན་གྱིན་པ་དེ་རེད།
ཁོང་ཚོ་གདན་ས་སོགས་སུ་སླེབས་རྗེས། སླད་མེད་དྭངས་གཙང་དང་བྱམས་སྙིང་རྗེ། རིས་མེད་ཀྱི་བརྩེ་བ་བཅས་ཀྱི་ཁོར་ཡུག་ཁྲོད་འཇིག་རྟེན་གཞན་ཞིག་ཏུ་སླེབས་འདྲའི་ཚོར་བས་བཟི་བ་དང་ཆབས་ཅིག བོད་ཀྱི་ཐུན་མོང་མ་ཡིན་པའི་ཧུར་བརྩོན་དང་བརྟན་ཚུགས་ཀྱི་གཤིས་ཀ་བགོས་ལ། གནས་ལུགས་ཀྱི་སྒོ་ཅི་ཡང་གཏན་ཚིགས་དང་རྒྱུ་མཚན་གྱིས་འཚོལ་བའི་རིགས་ལམ་གྱི་རྣམ་བཞག་དེ་མཐོང་བས། སྔར་ནས་ཡང་ཡང་རྣ་ཐོས་ཡོད་རུང་ངེས་ཤེས་སྐྱེས་མ་མྱོང་ཞིང་རྩ་ཆེན་ཡིན་ཞེས་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ལ་ངེས་པ་རེ་རྙེད་ཡོད།
༧ གོང་ས་མཆོག་གིས་དུས་རྒྱུན་དུ་། བོད་མི་ལ་བོད་མིའི་གཤིས་རྒྱུད་དགོས། ཡ་རབས་བཟང་སྤྱོད་དགོས། གཞན་ཕན་ལྷག་བསམ་དགོས། རིག་གནས་ཤེས་བྱ་དགོས། སློབ་ཕྲུག་ཚོས་བོད་ཀྱི་རིག་གནས་སློབས། བོད་གཤིས་ཟུངས། རིགས་ལམ་སློབས་གསུངས་པ་བཞིན། གོང་གསེང་དུ་སླེབས་པའི་སློབ་ཕྲུག་འདི་ཚོའི་ཟླ་གཅིག་ལྷག་གི་གུང་གསེང་གི་དུས་ཚོད་འདི་ནི་མ་སྒྲིག་ལྷུན་གྱིས་གྲུབ་པ་ལྟར། ༧གོང་ས་མཆོག་གི་དཀའ་དགོངས་དེ་དག་དངོས་སུ་ལག་ལེན་དུ་བསྟར་བའི་གོ་སྐབས་ཤིག་ཏུ་གྱུར་ཡོད། སྤྱིར་ན་སློབ་གྲྭ་དངོས་གཞིའི་ཁོངས་སུ་ཡང་བཀའ་དགོངས་དེ་བཞིན་སྒྲུབ་ཀྱི་མེད་པ་མིན་མོད། ཁོར་ཡུག་དང་ཆེད་སྦྱོང་སློབ་ཚན་སོགས་ཀྱི་དབང་གིས་དེ་ཙམ་གྱི་སྤུས་དག་པོ་དང་གཏིང་ཟབ་པོ་ཞིག་ཡོང་མི་ཐུབ་པ་ནི་སུ་ལ་ཡང་ལེ་ཁག་དཀྲི་ས་མེད་པའི་དོན་ཞིག་ཡིན།
རིག་པ་གཞོན་པའི་དུས་ན་སློབ། །ཅེས་པ་ལྟར་ཡུལ་སྲོལ་གོམས་གཤིས་ཀྱང་སོགས་ཀྱང་དེ་བཞིན་ལོས་ཡིན། ད་ཆ་ང་ཚོར་རེ་བ་ཞིག་ཡོད་པ་ནི་ང་ཚོའི་མ་འོངས་པའི་གསོན་རྩ་སྟེ་བོད་ཕྲུག་འདི་ཚོ་བོད་མི་ཚད་ལྡན་ཏག་ཏག་ཞིག་ཏུ་འགྱུར་རྒྱུ་དེ་ཡིན་པས། དེ་ལ་གོ་སྐབས་ནམ་ཡོད་ལ་བརླན་གྱིས་བརླན་ཞིང་སྣུམ་གྱིས་གསོ་དགོས་པ་ལོས་ཡིན།
བྲེལ་བྲེལ་འཚབ་འཚབ་ཀྱི་འཚོ་བའི་དུས་ཚོད་འདི་དག་ཁྲོད། གུང་གསེང་དུ་སླེབས་པའི་སློབ་ཕྲུག་ཚོར་སྒྲིག་པའི་གོ་སྒྲིག་དང་ཁོང་ཚོའི་འགྱུར་བ་དེ་མཐོང་ཡོང་སྐབས། བདག་གི་སེམས་ཁོང་སྤྲོ་བས་བརྟས་ཤིང་། སྤོབས་པ་དང་སེམས་ཤུགས་ཀྱིས་མ་འོངས་པའི་བོད་དང་དེའི་འདུན་ལམ་ལ་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་བྱུང་།
དྲ་གྲོགས་རྣམ་པ་ཚོ། རང་རང་གི་ཚོར་བ་དང་ཚོད་དཔག་ཡན་གར་བ་དེ་ཚོ་ཁྱེར་ཡོང་སྟེ་གཞན་གྱི་རྩོམ་ཡིག་ལ་བཤགས་བཅོས་མ་གནང་རོགས། མི་སྒེར་གྱི་དོན་གནད་གླེང་ཚེ་ཁོ་བོའི་ཟིན་བྲིས་ནང་ཕེབས་རོགས། མ་གཞི་ད་ནས་བཟུང་ཁོ་བོ་ཟིན་བྲིས་སོགས་ཀྱི་ནང་ཡོང་མིན་མི་ཤེས་མོད། གང་ལྟར་ཕྱི་རོལ་ཏུ་མི་སྒེར་གྱི་སྐོར་མ་གླེང་རོགས་ཞེས་རེ་སྐུལ་ཞུ་བ་ལགས།
བསྟན་འཛིན་ཤེས་རབ་ལགས།
ཨ་ཁུ་དགེ་མཐོང་གི་གཏོར་མ་དེ་ཁྱེད་ཀྱི་ཞབས་བརྟན་ཆགས་པ་འདྲ། བཤད་ས་བུ་མོ་དང་། ཉན་ས་མནའ་མ་ཡིན་ཁོས་ལོས་ཤེས། ཐད་ཀར་གཏུག་རེས་མ་བྱས་པ་འགྲིག་གི དགོངས་ཚུལ་ལ་རྒྱབ་སྐྱོར་ཡོད། མ་ཟད་ཁྱོད་ལ་ལོ་རྔ་ཟླ་རྔ་འདིར་གཏོར་ཟོར་རྣོན་པོ་དེ། མི་ཟུག་པའི་ཆེད་དུ་ངས་ཁོ་ལ་ཆ་གསུམ་ཞིག་གཡུགས་ཡོད། དེ་མཁྱེན་སོང་ངམ།
བདེན་བདེན་
དགེ་མཐོང་བཤད་ན་དགེ་བཐོང་བདེན།
བསྟན་འཛིན་བཤད་ན་བསྟན་འཛིན་བདེན།
དེས་ན་ད་ལན་ཁྱེད་གཉིས་ལ།
ལྔ་བཅུ་ལྔ་བཅུ་གཟིངས་རྟགས་ཡོད་།
ཕན་ཚུན་ལ་རོགས་རམ་གནང་བར་བསྔགས་བརྗོད་ཞུ།
ཁྱེད་ཀྱི་རྩོམ་ཡིག་འདི་བསམ་བཞིན་དུ་ཨ་ཁུ་དགེ་མཐོང་ལ་བྲིས་ནི་ཡིན་ས་རེད།
ཁ་སང་གི་ཁྱེད་གཉིས་ཀྱི་རྩོད་གཞི་རུ་ཁྱེད་གཉིས་ཀ་འགྲིག་འདུག
གཅིག་གིས་ཡག་ས་ཞིག་ནས་གླེང་བ་རེད་ལ་
གཞན་དེས་སྡུག་ས་ཞིག་ནས་བཤད་ནི་རེད་
རེ་བ་དང་ཡིད་ཆེས་ཡོད་པ་ཧ་ཅང་བཟང་གི། མི་ཞིག་ལ་རེ་བ་དང་ཡིད་ཆེས་མེད་པའི་དུས་སྐབས་ཤིག་ཤར་རྒྱུ་ཡོད་པ་རེད། དུས་དེར་སླེབས་དུས་ཚང་མ་ཚར་ཡོད་པ་རེད། དེའི་ཕྱིར་ཁྱོད་ལ་རེ་བ་དང་ཡིད་ཆེས་འདི་འདྲ་ཡོད་པ་བཟང་གི། འོན་ཀྱང་རེ་བ་འཛིན་སྟངས་དང་ཆེས་སླེབས་སྟངས་ཀྱི་ཐད་ནས་ད་དུང་བསམ་དགོས་པ་ཡོད་ཚོད་འདུག