ད་དུང་བོད་དོན་བདེན་མཐའ་མ་གསལ་བར་དུས་ཡུན་གང་ཙམ་འགོར་གཞི་བྱུང་ན་ཡང་། གཞིས་བྱེས་བོད་མི་ཚང་མས་སྙིང་སྟོབས་ཞུམ་མེད་ཀྱི་སྒོ་ནས་བོད་མིའི་ཐུན་མིན་ཁྱད་ཆོས་ཡ་རབས་བཟང་སྤྱོད་ཉམས་མེད་རྒྱུན་འཛིན་གནང་གལ་ཆེ། འདི་ནི་བོད་མིའི་ངོ་བོ་དང་མི་རིགས་ཀྱི་མཚོན་རྟགས་ཡིན་པ་མ་ཟད། བོད་དོན་ལ་རྒྱ་རིགས་ཀྱིས་མཚོན་རྒྱལ་སྤྱི་མང་ཚོགས་ཀྱི་བརྩེ་དུང་དང་རྒྱབ་སྐྱོར་ཐོབ་རྒྱུའི་གཞི་རྩ་ཉག་གཅིག་དེ་ཡིན་ཟེར།
དེ་རིང་ནི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ཡིན་ལ། དེ་རིང་ནི་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཁོང་དགུང་གྲངས་དོན་ལྔར་ཕེབས་པའི་དགའ་སྐྱོ་ཟུང་གི་དུས་དྲན་ཡང་ཡིན། དེ་རིང་ཞོགས་པར་བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་དམངས་ཚང་མ་སྤྲོ་འཛུམ་གྱིས་ཁེངས་ཏེ། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་སྟེང་དུ་བསྟན་སྲུང་དམར་ནག་གཉིས་ཀྱི་བསྐང་འཕྲིན་གསུང་བསྐུལ་དང་། ལྷ་རྒྱལ་རིར་བསང་གསོལ་དར་འཐེན་གྱི་ཆོ་ག་གྲུབ་རྗེས་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། དཔལ་རྒྱལ་བ་ཀརྨ་པ་མཆོག་བཅས་ཀྱི་ཕེབས་བསུའི་དབུས་༧གོང་ས་མཆོག་གསུང་ཆོས་ར་བའི་བཞུགས་ཁྲིར་འཁོད་ཅིང་། བོད་གཞུང་ཟློས་གར་ཚོགས་པའི་རྔ་རོལ་དང་བཅས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་བྱས་ཡོད། དེ་ནས་ཞབས་ལོ་ ༢༥ འཁོར་པའི་གཞུང་ཞབས་བགྲེས་པོ་གཉིས་དང་གཞུང་ཞབས་གཟེངས་ཐོན་གཉིས་ལ་༧གོང་ས་མཆོག་གིས་བྱ་དགའི་གསོལ་རས་བསྩལ་ཅིང་། བཀའ་བློན་ཁྲི་པ་མཆོག་གིས་དབུས་སྨན་རྩིས་སྨན་སྦྱོར་ཁང་དེབ་སྐྱེལ་གྱི་ཕྱག་འཁྱེར་དང་མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་གྱིས་དབྱིན་བསྒྱུར་བྱས་པའི་དཔེ་དེབ་༼ ས་བྱི་ཞི་རྒོལ་ཆེན་མོ ༽ གཉིས་དབུ་འབྱེད་དང་སྦྲགས་བཀའ་ཤག་གི་གཏམ་བཤད་ཡིག་ཐོག་ནས་སྒྲོག་སྦྱོང་གནང་ཡོད།
བཀའ་ཤག་གི་གཏམ་བཤད་ནང་བཀོད་དོན། བཀའ་ཤག་གིས་དེ་རིང་གོ་སྐབས་འདི་བརྒྱུད་ནས་གཞིས་བྱེས་བོད་རིགས་ཡོངས་ལ་གལ་ཆེའི་གཞེན་སྐུལ་འགའ་ཤས་ཞུ་རྒྱུ་ཡིན། ཕྱི་ལོ་ ༢༠༠༨ ལོར་བོད་རིགས་ཡོངས་ཀྱིས་བསམ་པའི་ནུས་པ་ཆིག་སྒྲིལ་གྱི་ངོ་བོ་གསལ་སྟོན་དང་། འཇིག་རྟེན་སྐྱེ་འགྲོ་ཡོངས་ཀྱིས་བོད་དོན་ལ་བརྩེ་ཞེན་རྒྱབ་སྐྱོར་ཅི་ཙམ་ཡོད་པ། ལྷག་པར་དུ་༧གོང་ས་མཆོག་གི་ནམ་མཁའ་དང་མཉམ་པའི་འཕྲིན་ལས་ཀྱི་ནུས་པར་བཟོད་ཐབས་དཀའ་བ་བཅས་ལ་བརྟེན། ཕ་རོལ་པོས་ཆབ་སྲིད་དང་དཔལ་འབྱོར། མི་ཤུགས་བཅས་ཀྱི་ནུས་པ་ཡོད་རྒུ་གཅིག་ཏུ་སྤངས་ཏེ་བོད་རིགས་ནང་ཁུལ་དཀྲུགས་རྐྱེན་དང་། བཙན་བྱོལ་བོད་མི་དང་གནས་ཡུལ་རྒྱལ་ཁབ་ཁག་གི་ཡུལ་མིའི་དབར་དཀྲུགས་རྐྱེན། ༧གོང་ས་ཆེན་པོའི་གསང་གསུམ་མཛད་འཕྲིན་ལ་འགོག་རྐྱེན་བཟོ་ཐབས་སོགས་ངན་གཡོ་སྣ་ཚོགས་ཤིག་བཤམས་དང་གཤོམ་བཞིན་པ་ཡིན་པའི་གནས་ཚུལ་འདི་དག་ལ་གཞིས་བྱེས་བོད་མི་ཡོངས་ནས་སྤྱང་གྲུང་དོད་པོས་གདོང་ལེན་གྱིས་ནང་ཁུལ་ཆིག་བསྒྲིལ་དང་ཡུལ་མིར་མཐུན་འབྲེལ། འགལ་རྐྱེན་མི་འབྱུང་བའི་ཡིད་གཟབ་རྒྱུན་དུ་གནང་དགོས་པའི་རེ་སྐུལ་ནན་པོ་ཞུ་རྒྱུ་ཡིན། རིང་མིན་ཡོང་རྒྱུའི་བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་པ་དང་བཀའ་ཁྲི་སྐབས་གསུམ་པའི་འོས་བསྡུའི་ལས་རིམ་རྣམས་ཧ་ཅང་གལ་གནད་ཆེ་བ་ལྟར། མང་ཚོགས་ཀྱིས་སེམས་ཚོར་རྣོན་པོས་གོ་བསྡུར་དང་བགྲོ་གླེང་འགྲོ་བཞིན་པའི་སྐབས་འདིར་ཕ་རོལ་པོའི་ངན་བྱུས་སིམ་འཛུལ་མི་ཡོང་བའི་ཆེད་ཐུགས་གཟབ་ནན་པོ་གནང་དགོས་མ་ཟད། བོད་པ་མི་རེ་ངོ་རེས་རང་རང་གི་མང་གཙོའི་ཁེ་ཕན་དང་འགན་ཁུར་ལས་ཕྱི་བཤོལ་མི་བྱེད་པར་ལྷག་བསམ་དང་། སྙིང་སྟོབས་ཞུམ་པ་མེད་པའི་སྒོ་ནས་འོས་བསྡུའི་ལས་རིམ་ནང་མཉམ་ཞུགས་ངེས་པར་ཐུབ་ཐབས་དང་། གཞན་ཟེར་གཡམ་རྒྱུགས་མ་ཡིན་པར་སོ་སོའི་རང་དབང་གི་རྣམ་དཔྱོད་བེད་སྤྱོད་ཀྱི་ཐོག་ནས་གདམ་བྱའི་གདམ་ཁ་མ་ནོར་བ་གནང་རྒྱུ་ཧ་ཅང་གལ་ཆེ། ཞེས་དང་།
ད་ཆ་རྒྱལ་སྤྱི་དང་རྒྱལ་ནང་གི་འགྱུར་འགྲོས་གང་ལ་གཞིགས་ཀྱང་བོད་དོན་བདེན་མཐའ་གསལ་ལ་ཉེ་བའི་ཕྱོགས་སུ་སྐྱོད་བཞིན་པ་ཡིན་ནའང་། ༧གོང་ས་མཆོག་གིས་རྒྱུན་དུ་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་བཀའ་སློབ་ཕེབས་དོན་བཞིན་ད་དུང་བོད་དོན་བདེན་མཐའ་མ་གསལ་བར་དུས་ཡུན་གང་ཙམ་འགོར་གཞི་བྱུང་ནའང་གཞིས་བྱེས་བོད་མི་ཚང་མས་སྙིང་སྟོབས་ཞུམ་མེད་ཀྱི་སྒོ་ནས་བོད་མིའི་ཐུན་མིན་ཁྱད་ཆོས་ཡ་རབས་བཟང་སྤྱོད་ཉམས་མེད་རྒྱུན་འཛིན་གནང་གལ་ཆེ། འདི་ནི་བོད་མིའི་ངོ་བོ་དང་མི་རིགས་ཀྱི་མཚོན་རྟགས་ཡིན་པ་མ་ཟད། བོད་དོན་ལ་རྒྱ་རིགས་ཀྱིས་མཚོན་རྒྱལ་སྤྱི་མང་ཚོགས་ཀྱི་བརྩེ་དུང་དང་རྒྱབ་སྐྱོར་ཐོབ་རྒྱུའི་གཞི་རྩ་ཉག་གཅིག་དེ་ཡིན། དེ་བཞིན་ན་གཞོན་ཡོངས་ནས་ཤེས་ཡོན་སློབ་སྦྱོང་སྤྱི་དང་། ཁྱད་པར་རིག་གཅིག་རྐང་འཛིན་ལ་འབད་བརྩོན་གྱིས་སྲོལ་རྒྱུན་དང་དེང་རབས་ཀྱི་ཤེས་ཡོན་འདབ་ཤོག་གཉིས་ལྡན་ཡོང་ཐབས་ཀྱང་ངེས་པར་གནང་དགོས། གོང་ས་མཆོག་གི་ལམ་སྟོན་འོག་གཞིས་བྱེས་བོད་མི་ཡོངས་ཀྱིས་ཚད་མཐོའི་མང་མོས་ཀྱི་ལམ་ནས་གཏན་ལ་ཕབ་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་དོན་བདེན་མཐའ་གསལ་བའི་ཐབས་ལམ་ཉག་གཅིག་དེ་ཡིན་སྟབས། བཙན་བྱོལ་བོད་གཞུང་བཀའ་ཤག་གིས་མང་ཚོགས་དང་སྤྱི་འཐུས་ཀྱི་ཚད་མཐོའི་མང་མོས་དང་། སྤྱི་མོས་ཀྱི་རྒྱབ་སྐྱོར་བཀའ་ལུང་སྔ་རྗེས་སུ་ཐོབ་པ་གཞི་བཟུང་དམ་འཛིན་རྒྱུན་སྐྱོང་བྱེད་མུས་ཡིན་ཞིང་། སྲིད་བྱུས་འདི་ལ་བོད་མི་ཚང་མས་རང་གི་རྣམ་དཔྱོད་ཀྱིས་བརྡར་ཤ་ཆོད་པའི་ཐོག་ནས་རྒྱབ་སྐྱོར་ལྷོད་མེད་གནང་བའི་ཡིད་ཆེས་ཡོད། ཅེས་གསུངས་བྱུང་།
དེའི་རྗེས་བོད་མི་མང་སྤྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་ཀྱི་གཏམ་བཤད་སྒྲོག་སྦྱོང་གནང་དོན། ༧གོང་ས་མཆོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཕྱག་ལེན་བསྟར་ཏེ། སྐུ་ཚབ་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚན་པ་དང་འབྲེལ་མོལ་ཐེངས་དགུ་གནང་བའི་ནང་དོན་བོད་མའི་མངོན་འདོད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་མིང་དོན་མཚུངས་པའི་རང་སྐྱོང་ཚད་ལྡན་གྱི་དགོས་འདུན་ལ་རྒྱ་ནག་ཕྱོགས་ནས་ཁག་འདོགས་སྣ་ཚོགས་ཀྱིས་གཡོལ་ཐབས་ཁོ་ནའི་སྲིད་བྱུས་བཟུང་བར་བརྟེན། ད་བར་གྲུབ་འབྲས་མ་བྱུང་བའི་ལན་པ་དེ་རྒྱ་ནག་མགོ་ཁྲིད་ཚོར་ཡོད། ཉེ་བའི་ཆར་ཡང་རྒྱ་ནག་ཆབ་སྲིད་དབང་འཛིན་པ་ཚོས་བོད་ཀྱི་བླ་སྤྲུལ་རྣམ་པ་དང་བོད་རིགས་ཤེས་ཡོན་ཅན་ཚོར་མི་རིགས་ཁ་བྲལ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་ཚུལ་སོགས་ཆབ་སྲིད་ཀྱི་ཉེས་འཛུགས་སྣ་ཚོགས་ཀྱིས་རྡུང་རྡེག་བཙོན་འཇུག་གི་ལས་འགུལ་སྤེལ་བ་དང་། བོད་རིགས་ཁོར་ཡུག་སྲུང་སྐྱོབ་པ་དང་སྤྱི་ཚོགས་བདེ་དོན་སྒྲུབ་པ་པོ་རྣམས་ལའང་ཉེས་མེད་ཉེས་འཛུགས་ཀྱིས་བཙོན་འཇུག་མནར་གཅོད་གང་འདོད་གཏོང་བཞིན་པར་བློ་ཕམ་ཚད་མེད་དང་བཅས་དེ་རིང་གི་གོ་སྐབས་འདི་བརྒྱུད་སྐྱོན་བརྗོད་ཤུགས་དྲག་བྱེད་རྒྱུ་ཡིན། ཞེས་དང་།
བོད་གངས་ཅན་གྱི་ཞིང་ས་འདི་ཉིད་མགོན་པོ་གང་གི་གདུལ་ཞིང་དུ་བདག་གིར་བཞེས་ཏེ་ཕས་བུ་ལ་གདམས་པ་བཞིན་གཞིས་བྱེས་བོད་མིའི་འདི་ཕྱི་འཕྲལ་ཡུན་གྱི་ཕན་བདེ་ཁོ་ནར་དགོངས་ཏེ། མ་འོངས་བོད་ཀྱི་མདུན་ལམ་མང་གཙོ་ཡང་དག་པར་ཁྲིད་གནང་མཛད་རྒྱུའི་རླབས་ཆེན་གྱི་དགོངས་གཞི་ལྟར། རང་རེ་བོད་མི་ཚང་མས་རང་དོན་རང་གཅེས་ཀྱིས་སྤྱི་ནོར་༧གོང་ས་མཆོག་གི་དགོངས་པའི་ཕྱོགས་སུ་ནུས་སྟོབས་བསྐྱེད་དེ། མདུན་སྐྱོད་བྱེད་དགོས་པ་དུས་ཀྱི་དགོས་མཁོ་གཙོ་ཆེ་ཤོས་དེ་ཡིན། མང་གཙོ་ཚད་ལྡན་ཞིག་ཡོང་རྒྱུར་འོས་བསྡུའི་ལམ་ནས་ཐག་གཅོད་བྱེད་དགོས་སྟབས་རིང་མིན་བོད་མི་མང་སྤྱི་འཐུས་དང་། བཀའ་བློན་ཁྲི་པའི་འོས་བསྡུའི་ལས་རིམ་འདི་དག་མ་འོངས་བོད་མི་སྤྱིའི་མདུན་ལམ་ལ་ཐད་ཀར་འབྲེལ་བ་ཆགས་ཡོད། གདམ་བྱ་འདེམས་བྱེད་ཀྱི་འགན་དབང་ཆ་ཚང་རང་ལག་ཏུ་ཡོད་དུས་རང་གིས་མ་འཕྱུག་པར་མདའ་མོ་འབེན་འཁྱོལ་ཡོང་ཆེད་འོས་བསྡུའི་ལས་རིམ་ནང་ཞུགས་རྒྱུར་དང་ལེན་བྱ་དགོས་པ་ལས། འོས་བསྡུའི་སྐབས་རང་གིས་དོ་ཁུར་གང་ཡང་མེད་པར་ཕྱིས་སུ་མ་འགྲིག་མ་འཐུས་ཀྱི་སྐད་ཅོར་སྟོང་བཤད་བྱེད་པ་ནི་མིག་ལྡན་གཡང་མཆོང་གི་དཔེ་ལས་མ་འདས་པས་ཚང་མས་གཟབ་གལ་ཆེ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་རྣམས་དང་། བཀའ་བློན་ཁྲི་བ་བཅས་ཀྱི་གལ་གནད་ལ་བོད་མི་ཚང་མས་དགོངས་བཞེས་ཀྱིས་བོད་སྤྱིའི་བདེ་དོན་ཆེད་ནུས་པ་འདོན་ཐུབ་པའི་སྤྱི་མི་ཚད་ལྡན་ཤ་སྟག་འོས་འདེམ་ཐུབ་རྒྱུར་ཁུར་འགན་སྔར་བས་ཆེ་བ་བཞེས་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།
མཇུག་ཏུ་༧གོང་ས་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདིར་རྒྱ་རིགས་གྲོགས་པོ་འགའ་ང་རང་གི་སྐྱེས་སྐར་ཐོག་ཕེབས་འདུག་པ་ཚོར་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་ནང་དུ་ཡོད་པའི་གཞིས་ལུས་རྒྱ་ཆེ་མི་དམངས་ཚོ་ངའི་སྐྱེས་སྐར་དུས་ཆེན་ལ་སེམས་ནང་ཚོར་བ་ཤུགས་ཆེན་པོ་ཞིག་ཡོང་གིན་ཡོད་ཀྱང་། ཕྱི་ལོགས་སུ་སྟོན་མ་ཐུབ་པ་ཆགས་བསྡད་ཡོད། སེམས་ནང་དད་པ་དམ་ཚིགས་གཡོ་བ་མེད་པར་བསྡད་ཡོད་སྟབས། ཁོང་ཅག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གཞན་རྒྱ་གར་གཙོ་བོར་གྱུར་བའི་ཕྱི་རྒྱལ་ཁག་ཏུ་ཡོད་པ་ཚོས་དེ་རིང་ངའི་སྐྱེས་སྐར་ཐོག་སྨོན་ལམ་རྒྱག་གིན་ཡོད་པ་རེད། ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རང་ངར་དམིགས་བསལ་བཤད་རྒྱུ་མི་འདུག མདུན་ཕྱོགས་སུ་སྦྱར་ཡོད་པའི་དཔར་དེར་བལྟས་པ་ཡིན་ན། ང་རིང་ཆུང་དུས་ནས་ཕོ་གསར་གྱི་སྐབས། དེ་ནས་རིམ་པའི་རྒས་པའི་སྐབས་སོགས་མཐོང་སྐབས། མི་ཚེ་འཕྲོ་བརླག་རང་མ་རེད་སྙམ་པ་ཞིག་ཡོང་གིན་འདུག ང་དགེ་སློང་ཡིན་བསམ་པའི་སྤོབས་པ་ཞིག་རྟག་པར་སྐྱེས་ཀྱི་འདུག ཐོག་མ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ནས་བཟུང་སངས་རྒྱས་ཀྱི་ཆོས་རྒྱུད་སྤྱི་དང་། ལྷག་པར་དུ་དཔལ་ན་ལན་ཊིའི་ཆོས་རྒྱུད་ཀྱི་བཀའ་བསྟན་མང་པོ་བོད་དུ་ཡོད་པ་དེ་དག་ལ་སྦྱང་སྟེ་ཡོང་བ་རེད། ད་ལྟ་ལོ་བདུན་ཅུ་དོན་ལྔར་སླེབས་ཡོད་ཀྱང་། དུས་ཚོད་ག་དུས་ཡོད་ན་གཞུང་དེ་དག་ལ་རྟག་པར་ལྟ་བཞིན་ཡོད། ཕན་ཐོགས་ཆེན་པོ་ཡོང་གིན་འདུག རྣམ་དཔྱོད་འཕེལ་བ་དང་བློ་མིག་ཡངས་པོར་འབྱེད་པ། དེའི་རྐྱེན་པས་རང་ཉིད་ཀྱི་སེམས་སྐྱིད་པ། སེམས་སྐྱིད་པ་ལ་བརྟེན་ཏེ་ལུས་བདེ་བ་ཡོང་གི་འདུག རིགས་རུས་ཕོ་མོ་མེད་པར་ཚང་མ་གཅིག་པ་རེད། སྡུག་བསྔལ་སེལ་རྒྱུ་དང་བདེ་བ་བསྒྲུབ་རྒྱུའི་ཐོབ་ཐང་ཡོད་པ་རེད། བདེ་སྐྱིད་སྒྲུབ་སྟངས་ཐད་མི་མང་པོ་ཞིག་གིས་དབང་ཡོད་པ་དང་། ཕྱིའི་དངོས་པོའི་མཐུན་རྐྱེན་བྱུང་ན། བདེ་སྐྱིད་ཡོད་པ་ཞིག་ལ་མཐོང་གིན་ཡོད་ཀྱང་། དེ་འདྲ་ཞིག་མ་རེད། དབང་ཡོད་པ་དང་དཔལ་འབྱོར་གྱིས་འདང་བསྡད་ཡོད་ཀྱང་སེམས་སྡུག་བསྔལ་གྱིས་མནར་ཡོད་པ་མང་པོ་མཐོང་རྒྱུ་འདུག ནང་སེམས་ལ་བདེ་སྐྱིད་ཡོད་ན་ཕྱིའི་མཐུན་རྐྱེན་མེད་ཀྱང་། སེམས་གཏིང་ནས་བག་ཕེབས་པ་དང་སྣང་བ་སྐྱིད་པ་ཡོང་གི་རེད། རང་ཉིད་བག་ཕེབས་པ་དང་སྣང་བ་སྐྱིད་པ་ཙམ་དུ་མ་ཟད། འཛམ་གླིང་ཡོངས་ལ་ཞི་བདེ་ལྷིང་འཇགས་ཡོང་གི་རེད། ཅེས་གསུངས་སོང་།
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།
གོང་ས་མཆོག་གི་འཁྲུངས་སྐར་ལ་མཚམས་འདྲི་བཀྲིས་བདེ་ལེགས་ཞུ་བ་དང་
ཆབས་ཅིག་ སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་འདུན་ཞུ་།
གསར་འགོད་པ་མཆོག་ལ་ཞུ་རྒྱུར།
གུས་ཞབས་མེད་པ་ཆགས་སོང་སྟེ། འདིར་བྲིས་ནོར་ཁག་ཅིག་ཟུར་འདོན་ཞུས་ཡོད་པར་བསྐྱར་ཞིབ་ཅིག་གནང་བའི་རེ་བ་ཞུ་ཡི་ཡོད། མ་གཞི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་འདི་ཁོ་ནར་ཡིག་ནོར་རིགས་མེད་པ་ཞིག་གནང་རེ་ཆེ་བར་ཡོད་དེ། བྲེལ་སྟབས་ཀྱིས་བྱས་པས་ཡིན་མིན་གང་ལྟར། འདི་ལྟར་སྤེལ་སླེབས་པས་འདི་ལྟར་ཞུ་སྐུལ་ཞིག་ཞུ་དགོས་ཆགས་སོང་ཞུའོ།།
སྤྱིོར་ཉེ་བའི་ཆར་ནས་དུས་བབ་ཀྱི་ཡིག་ནོར་ཐེར་འདོན་ལ་སུན་ནས་བསྡད་ཡོད་ཀྱང་། ད་རེས་སྐུའི་འཁྲུངས་སྐར་ལའང་གུས་མེད་ལྟ་བུའི་བྱེད་སྟངས་འདིས་རྐྱེན་བྱས་ཏེ། ཡིག་ནོར་ཐེར་འདོན་ཞུས་པ་ལ་དགོངས་འགལ་མེད་པ་ཞེས་ཀྱང་ཞུའོ།།
གང་ཙམ་ ༼གང་འཚམ༽
རྒྱལ་སྤྱི་མང་ཚོགས་ ༼རྒྱལ་སྤྱིའི་སྤྱི་ཚོགས༽
རྒྱལ་དར་མཁའ་དབྱངས་ ༼རྒྱལ་དར་མཁའ་དབྱིངས༽
གཞུང་ཞབས་བགྲས་པོ་ ༼གཞུང་ཞབས་བགྲེས་པོ༽
རིག་གཅིག་རྐང་འཛིན་ ༼རིགས་གཅིག་རྐང་འཛིན༽
ཤེས་ཡོན་འདབ་ཤོག་གཉིས་ལྡན་ ༼ཤེས་ཡོན་འདབ་གཤོག་གཉིས་ལྡན༽
བཀའ་བརྟེན་ ༼བཀའ་བསྟན༽
དོན་བཀྲ་ལགས། དུས་ཐོག་ཏུ་གསར་འགྱུར་འདོན་སྤེལ་གནང་བ་སྐུ་དྲིན་ཆེ།
ངས་འདི་ནས་གསར་འགྱུར་ནང་ཡིག་ནོར་འགའ་ཤས་མཐོང་བྱུང་ཡང་།
སླར་ཡང་ནོར་བཅོས་ཞུ་ཁོམ་མི་འདུག །རྗེས་སུ་ཐུགས་གཟབ་གནང་རོགས་ཞེས་གཞེན་སྐུལ་ཞུ་བཞིན་ཡོད།
བསེ་རུ་སླར་ཡང་རང་ཉིད་ཀྱི་ཆེད་ཁ་ཞོར་ལག་ཞོར་དུ་དྲ་ཐོག་ཏུ་ཡོང་སྟེ། དྲ་གྲོགས་ཚོར་གཞེན་སྐུལ་དང་སྐུལ་ལྕག་ལྟ་བུ་ཞུ་བར་བཅར་བཞིན་ཡོད། །
སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་ཆབ་གཅིག་ཏུ་་་་ སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་སྙིང་ནས་ཞུ།