རྒྱ་གར་ནང་གི་བོད་པ་སྐྱབས་བཅོལ་བ་ཚོར་འདས་པའི་ལོ་མང་རིང་སྐྱབས་བཅོལ་ལག་དེབ་ RC ཐད། དཀའ་ངལ་རབ་དང་རིམ་པ་འཕྲད་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༠༣ ཟླ་ ༥ ཚེས་ ༣༠ རྗེས་སུ་རྒྱ་གར་ནང་འབྱོར་རིགས་ལ། བལ་ཡུལ་རྒྱ་གར་གཞུང་ཚབ་ཀྱིས་རྒྱ་གར་ནང་འཛུལ་ཞུགས་ཆོག་པའི་དམིགས་བསལ་དེབ་དཀར་པོ་ཞིག་བཟོས་ཡོད། ལག་འཁྱེར་དེའི་སྟེང་། སྐྱབས་བཅོལ་དང་གནས་སྐོར། ཤེས་ཡོན། གཞན་ཞེས་རིགས་ ༤ ཙམ་ཡོད་ཅིང་། སྐྱབས་བཅོལ་བཀོད་ཡོད་པ་ཧ་ཅང་ཉུང་། ༢༠༠༨ ལོའི་ཟླ་ ༩ པ་ནས་ཤེས་ཡོན་དང་སྐྱབས་བཅོལ་གཉིས་ལ་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་ RC བཟོ་མགོ་བརྩམས་ཡོད་ཀྱང་། གནས་སྐོར་དང་གཞན་གཉིས་ལ་གྲགས་འགུལ་མེད་པར་ལུས།
བོད་ནས་གསར་དུ་འབྱོར་རིགས་ཚང་མ་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་སྐབས། སྐྱབས་བཅོལ་བ་ཡིན་པ་གཅིག་མཚུངས་ཡིན་ཡང་། ཕྱི་སྐད་ཕྱི་ལུགས་མ་ཤེས་པ་དང་། རྒྱ་གར་ནང་གི་འགྲོ་སྟངས་ལ་རྒྱུས་མངའ་མེད་པའི་དབང་གིས་བལ་བོད་ས་མཚམས་བརྒལ་བ་ནས་“རྒྱལ་བ་རིན་པོ་ཆེ་ལ་མཇལ་དུ་ཡོང་བ་ཡིན” ཞེས་ཐུན་མོང་གི་སྐད་ཆ་གཅིག་ལས་མེད། བལ་ཡུལ་སྣེ་ལེན་ཁང་བརྒྱུད་དེ་རྒྱ་གར་གཞུང་ཚབ་ཏུ་སྐྱོད་སྐབས་ཀྱང་། རྒྱ་གར་གཞུང་གི་ངོས་འཛིན་བྱེད་སྟངས་ཤིག་ཡིན་ནམ། བལ་ཡུལ་སྣེ་ལེན་ཁང་གི་ལས་བྱེད་ཚོས་སྐད་སྒྱུར་ཚུལ་བཞིན་མ་བྱས་པས་ལན། གང་ལྟར། སྐྱབས་བཅོལ་བོད་མི་མང་ཆེ་བར་གནས་སྐོར་དང་གཞན་སོགས་ཀྱི་མིང་ཐོག་ནས་ཐོ་འགོད་བྱས་ཡོད་པ་མ་ཟད། ལོ་བཅོ་ལྔ་ཉི་ཤུ་ཅན་གྱི་ན་གཞོན་དག་ལའང་གནས་སྐོར་ཞེས་བཀོད་ཡོད།
ཉེ་བའི་ལོ་འགའི་ནང་ཁོང་ཅག་བོད་གཞུང་བཀའ་ཤག་དང་། སྤྱི་འཐུས་ལྷན་ཁང་སོགས་བཅར་ཏེ་སྐྱབས་བཅོལ་ལག་འཁྱེར་ RC རག་ཐབས་ལ་འབད་བརྩོན་རིམ་པར་བྱས་ཤིང་། ཐེངས་ཤིག་མི་ ༥༠༠ ཙམ་ལྷན་དུ་འཛོམས་ཏེ་ཆོལ་ཁ་རེ་ནས་འཐུས་མི་གཅིག་རེ་བདམས་ཏེ། མིང་ཐོ་བསྡུ་རུབ་ཀྱིས་བོད་གཞུང་ལ་ཞུ་འབོད་བྱས་འདུག སྟབས་ལེགས་པ་ཞིག་ལ་ཉེ་ཆར་ཕྱི་ཟླ་ ༢ པའི་ནང་གློ་བུར་དུ་གསལ་བརྡ་ཞིག་འབྱོར་ཏེ། མི་འགྱང་བར་ RC བཟོ་རྒྱུ་ཡིན་ཚུལ་དང་། པར་དང་མཛུབ་ཐེལ། གནས་ལེན་ཁང་གི་འབྱོར་ཐོ་སོགས་གྲ་སྒྲིག་དགོས་རབས་བསྒྲགས་སྐབས། མང་པོ་ཞིག་ཧ་ཅང་དགའ་སྤྲོ་ཆེན་པོས་ཡུན་རིང་ཡིད་ལ་བརྣག་པའི་ལག་འཁྱེར་དེ་བཟོ་བར་བཅར།
ལག་འཁྱེར་དེ་བཟོ་མགོ་བརྩམས་ཏེ་ཟླ་གཅིག་ལས་མ་འགོར་བར་དོ་བདག་སོ་སོའི་ལག་ཏུ་རག་ཡོད་ཀྱང་། ཡིད་ཕངས་པ་ཞིག་ལ། ལག་འཁྱེར་དེ་རག་སྐབས་དུས་ཡུན་རྫོགས་རྒྱུར་ཉིན་ ༡༥ ལས་མེད་པ་མ་ཟད། དེ་མ་ཐག་རྒྱ་གར་འབྲེལ་ཡོད་ལས་ཁུངས་སུ་བཅར་སྐབས། དུས་ཡུན་ཕར་འགྱང་གི་ཆོག་མཆན་སྤྲད་མི་འདུག འདི་དང་མཉམ་དུ་སློབ་གྲྭ་ཁག་ཅིག་ནས་ཐོན་པའི་སློབ་ཕྲུག་ཚོའི་སྐྱབས་བཅོལ་ལག་འཁྱེར་གྱི་དུས་ཡུན་ཕར་འགྱང་ཕྱིར་བསྡུ་བྱས་ཡོད་འདུག དེ་ནི་རྒྱ་གར་འབྲེལ་ཡོད་ལས་ཁུངས་ཀྱིས། ཁྱེད་ཅག་ཤེས་ཡོན་གྱི་མིང་ཐོག་ནས་སྐྱབས་བཅོལ་ལག་འཁྱེར་བཟོས་ཡོད་སྟབས། སློབ་གྲྭ་ཐོན་པ་དང་མཉམ་དུ་ RC ཡི་དུས་ཡུན་ཡང་རྫོགས་ཚར་བ་རེད། ཅེས་བརྗོད་ཡོད་འདུག
འདི་གའི་གསར་འགོད་པས་གནད་དོན་དེ་དག་ལ་རྒྱུས་ལོན་བྱ་ཆེད། མང་ཚོགས་ཀྱིས་བདམས་པའི་སྐྱབས་བཅོལ་ལག་འཁྱེར་བཟོ་བར་ལས་ཀ་བྱེད་མཁན་ཕུན་ཚོགས་ཆོས་སྡོང་ལགས་སུ་བཅར་འདྲི་ཞུས་སྐབས་ཁོང་གིས་བརྗོད་རྒྱུར། དང་པོ་ང་ཚོ་མི་སྐོར་ཞིག་ངྷ་སའི་པདྨ་ཐང་དུ་འཛོམས་པ་ཡིན། ཁོང་ཅག་ཚང་མའི་ལག་དེབ་དཀར་པོའི་སྟེང་གནས་སྐོར་ཞེས་བཀོད་ཡོད་པ་རྐྱང་རེད། ང་ཚོས་མཉམ་རུབ་ཐོག་སྙན་ཞུ་ཞིག་བྲིས་ཏེ་བཀའ་ཤག་དང་སྤྱི་འཐུས། བདེ་སྲུང་དང་ནང་སྲིད་བཅས་སུ་ཕུལ་བ་ཡིན། སྙན་ཞུ་སྔ་ཕྱི་ཐེངས་གཉིས་ཙམ་ཕུལ་རྗེས་གཞི་ནས་བཀའ་ཤག་གིས་སྐྱབས་བཅོལ་ལག་འཁྱེར་ཞུ་མཁན་ཚོའི་མིང་ཐོ་འཁྱེར་ཤོག་ཟེར། དུས་ཡུན་ཐུང་ཐུང་ནང་མིང་ཐོ་ ༥༠༠ ལྷག་འབྱོར་སོང་། བཀའ་ཤག་གིས་སྤྲད་པའི་འགེངས་ཤོག་སྐོང་སྐབས། གནས་སྐོར་དང་གཞན་བཅས་ཁྱོན་བསྡོམས་མི་ ༧༠༠ ལྷག་འདུག
ཉེ་ཆར་ལག་འཁྱེར་བཟོས་ཏེ་ང་ཚོའི་ལག་ཏུ་འབྱོར་སྐབས། སྔ་མ་དག་དང་མི་འདྲ་བར་ཡིག་ཆའི་སྟེང་གནས་སྐོར་ཞེས་ཡི་གེ་དམར་པོ་ཞིག་བྲིས་འདུག་ལ། དུས་ཡུན་ཡང་ ༢༠༡༡ ལོའི་ཟླ་ ༣ ཚེས ༣༡ བར་རྒྱ་གར་ནང་སྡོད་རྒྱུར་ཆོག་མཆན་ཡོད། ཅེས་བཀོད་འདུག ལོ་རེའི་དུས་ཚིགས་ཕར་འགྱང་གི་ཟླ་ཚེས་ཀྱང་བསུབས་འདུག སྐབས་དེར་ལག་འཁྱེར་གྱི་དུས་ཚོད་རྫོགས་རྒྱུར་ཉིན་ ༥ ལས་མེད་སྟབས། ང་ཚོ་ལམ་སང་རྒྱ་གར་ RC ལས་ཁུངས་སུ་ཕྱིན་ཡང་ཕར་འགྱང་ངོས་ལེན་བྱས་མ་སོང་། ཞེས་བརྗོད་བྱུང་།
ཁོང་ལ་གནས་ཚུལ་འདིའི་སྐོར་ལ་བོད་གཞུང་བདེ་སྲུང་ལས་ཁུངས་ཀྱིས་ལམ་སྟོན་འདྲ་གནང་ཡོད་མེད་དྲིས་སྐབས། ང་ཚོ་འཕྲལ་དུ་བདེ་སྲུང་ལས་ཁུངས་ལ་བཅར་བ་ཡིན། འོན་ཀྱང་ཁོང་ཅག་ལ་ཡང་གསལ་བཤད་ཞུ་རྒྱུ་གང་ཡང་མི་འདུག ལག་འཁྱེར་རྩ་བ་ནས་མེད་པ་ལས་ཅིག་ཡོད་ན་དགའ་བ་རེད། ཅུང་ཙམ་སྒུགས་དང་རིམ་བཞིན་ག་རེ་བྱ་དགོས་མིན་ལྟ་ཆོག་གི་རེད་ཟེར། དེ་ནས་མང་པོ་ཞིག་སྤྱི་འཐུས་ལྷན་ཁང་ལ་ཕྱིན་ཏེ་ཡིག་ངག་གཉིས་ཐོག་ནས་དཀའ་ངལ་ཞུས་སྐབས། སྤྱི་འཐུས་ཚོགས་གཞོན་དང་ང་ཚོའི་འཐུས་མི་བཅས་རྒྱ་གར་ RC ལས་ཁུངས་ལ་བཅར་རྒྱུ་བྱས་ཡོད་ཀྱང་། རྗེས་སུ་སྤྱི་འཐུས་ཚོགས་གཞོན་དང་བཀའ་བློན་ཁྲི་པའི་བར་བཀའ་མོལ་བྱུང་སྟེ། གནད་དོན་འདིའི་ཐད་རྒྱ་གར་གཞུང་ལ་ཡར་ཞུ་བྱས་ཡོད། ཁྱེད་ཚོ་སྔོན་ལ་མ་འགྲོ་བར་གཞུང་གི་བཀའ་ལན་ལ་སྒུགས་དང་། རྗེས་སུ་ཅི་ཞིག་བྱ་དགོས་མིན་ལྟ་ཆོག་གི་རེད་ཟེར་ནས་ལན་ཕེབས་འདུག ཅེས་བརྗོད་བྱུང་།
ཡང་ཁོང་ལ་ཁྱེད་ཅག་གི་ལག་དེབ་དཀར་པོའི་སྟེང་གནས་སྐོར་བཀོད་ཡོད་པའི་རྒྱུ་མཚན་གང་ལ་ཐུག་ཡོད་སྐོར་དྲིས་པར། ནོར་འཁྲུལ་འདི་དག་བཟོ་མཁན་བལ་ཡུལ་སྣེ་ལེན་ཁང་རེད། ང་ཚོ་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་ཏེ་ཐོ་འགོད་བྱས་སྐབས། དོ་བདག་ལ་སྐད་ཆ་མི་འདྲི་བར་གང་དྲན་དྲན་འབྲི་བཞིན་འདུག མི་རེ་ཟུང་གིས་རང་ཉིད་གནས་སྐོར་བའི་ཐོ་གཞུང་ནང་ཡོད་པ་ཤེས་འཕྲལ། འབྲེལ་ཡོད་ལས་བྱེད་ཚོར་བསྒྱུར་བཅོས་གཏོང་རོགས་ཞེས་འབོད་སྐུལ་ཞུས་ཀྱང་། ཁྱེད་ཚོས་ཧ་གོ་བ་མ་རེད་ཟེར་ནས་ཉན་འཇོག་བྱས་མི་འདུག དེའི་དབང་གིས་རྒྱ་གར་གཞུང་ཚབ་ནས་ཀྱང་ངོས་འཛིན་གཅིག་མཚུངས་བྱས་པ་རེད། ཅེས་བརྗོད་བྱུང་།
གནད་དོན་འདིའི་ཐད་བོད་གཞུང་བདེ་སྲུང་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། གནས་སྐོར་བའི་ཁོངས་སུ་ཐོ་འགོད་བྱས་པའི་རིགས་ལ་དེ་སྔོན་ RC བཟོ་སྲོལ་མེད་ནའང་། རྒྱ་གར་དབུས་གཞུང་ལ་སྙན་སེང་རིམ་པར་ཞུས་པར་བརྟེན། ད་ཆར་བཟོ་ཐུབ་ཙམ་བྱུང་བ་རེད། འོན་ཀྱང་དེ་དག་ ༢༠༡༡ ཟླ་ ༣ ཚེས ༣༡ ཉིན་དུས་ཚོད་རྫོགས་ཡོད་པ་དངོས་ཡོད་རེད། ད་ལྟ་བཀའ་ཤག་དང་བདེ་སྲུང་གིས་རྒྱ་གར་དབུས་གཞུང་ལ། སྐབས་དེར་ནོར་འཁྲུལ་ག་རེ་ཤོར་ཡོད་ནའང་། མང་པོ་ཞིག་གནས་སྐོར་བའི་ཐོ་གཞུང་ནང་ཐེབས་ཡོད་པ་རེད། ཁོང་ཚོ་མང་ཆེ་བ་ཆབ་སྲིད་དང་འབྲེལ་བ་ཆགས་ཡོད་ཅིང་། ཤེས་ཡོན་ཁོངས་སུ་ནི་ལོ་ཚད་ཀྱི་ཆ་ནས་ཚུད་ཐབས་མེད་པ་དང་། སྐྱབས་བཅོལ་སྤྲོད་ཀྱི་མེད་སྟབས་གནས་སྐོར་བའི་ཁོངས་སུ་མིང་ཐོ་མི་འགོད་རང་འགོད་ཆགས་པ་རེད། ཕྱིར་བོད་དུ་ལོག་རྒྱུར་དཀའ་ངལ་ཆེན་པོ་ཞིག་ཆགས་ཡོད་སྟབས། ཐེངས་གཅིག་ཁོང་ཚོར་དུས་འགྱང་གི་ཆོག་མཆན་ཡོད་པའི་ལག་འཁྱེར་ RC བཟོ་རྒྱུར་ཆོག་མཆན་གནང་རོགས་ཞེས་སྙན་སེང་ཞུས་ཡོད་པ་རེད། ཅེས་གསུངས་བྱུང་།
ཁོང་ལ་སློབ་གྲྭ་ཁག་ཅིག་ནས་ཐོན་པའི་རིགས་ལའང་སྐྱབས་བཅོལ་ལག་འཁྱེར་ཕར་འགྱང་རག་གི་མེད་པའི་སྐོར་དྲིས་པར། རྒྱ་གར་གཞུང་གི་གཏན་འབེབས་སྲིད་ཇུས་ཀྱི་ལངས་ཕྱོགས་ཧ་ཅང་བརྟན་པོ་རེད། ཐོག་མར་ག་རེའི་ཆེད་དུ་ཡོང་བ་ཡིན་ན་དེར་འགྱུར་བ་གཏོང་ཆོག་གི་མེད་ཅེས་པའི་སྲིད་ཇུས་འདི་ནས་འཕྲོས་ཡོང་པ་ཞིག་རེད། ཤེས་ཡོན་ཁོངས་སུ་ཐོ་འགོད་བྱས་ཡོད་ན། སློབ་གྲྭ་མ་ཐོན་བར་དུ་སྐྱབས་བཅོལ་ལག་དེབ་འཛིན་ཆོག་པ་དང་། ཤེས་ཡོན་སྡེ་ཚན་ནས་ཐོན་ཡོང་སྐབས། ཐོག་མའི་ཡོང་དགོས་པའི་དམིགས་ཡུལ་མཇུག་སྒྲིལ་བ་ཡིན་སྟབས། ཤེས་ཡོན་གྱི་ཐོ་གཞུང་ལ་འགྱུར་བ་བཏང་སྟེ་སྡེ་ཚན་གཞན་ཞིག་གི་ཁོངས་སུ་ཐོ་འགོད་བྱ་ཆོག་གི་མེད་པའི་སྲིད་ཇུས་འཛིན་གྱི་ཡོད་པ་རེད། ཅེས་གསུངས་སོང་།
གསར་འགོད་པ། བནྡེ་སྐྱབས།
བཙན་བྱོལ་གཞུང་ལ་ཁ་མ་གཏོང་ན་སུ་ལ་གཏོང་དགོས་རེད། དོན་དངོས་སུ་བཙན་བྱོལ་གཞུང་རང་ནས་སྤྲད་པའི་འཛིན་གྲྭ་བཅུ་གཉིས་དང་ཚད་མཉམ་གྱི་ལག་འཁྱེར་དེ་ད་ཆ་བཙན་བྱོལ་གཞུང་རང་དུ་འཛིན་གྲྭ་བརྒྱད་པའི་ལག་འཁྱེར་ཚད་མཉམ་དུའང་ངོས་ལེན་བྱེད་ཀྱི་མིན་འདུག དེ་ལས་བྱེད་རེ་ཟུང་ནས་བཟོས་པ་རེད་དམ་ཡང་ན་གཞུང་གིས་རྐང་བཙུགས་ནས་བཟོས་པ་རེད། བསམ་བློ་ཐོངས ཕལ་ཆེར་བཙན་བྱོལ་གཞུང་གི་དམིགས་ཡུལ་གཙོ་བོ་དེ་བོད་ནང་གི་མི་མང་རྣམས་བེད་སྤྱོད་བྱས་ཏེ་ཁོ་རང་ཚོའི་གྲོད་ཁོག་ཁེངས་ཐབས་བྱེད་ཀྱིན་འདུག་བསམ་པའི་ཚོར་སྣང་ཡོང་གིན་འདུག
ང་ཚོས་འདི་ནས་གསར་འབྱོར་བ་ལ་ལྟ་སྟངས་ཡག་པོ་མི་འདུག་ཅེས་བཤད་དོན་ནི་བོད་གཞུང་བཀའ་སྤྱི་གཉིས་ཀྱིས་གྲོས་ཆོད་བཞག་ནས་སྒྲུབ་པ་ཞིག་རེད་ཅེས་བཤད་ཀྱིན་མེད། གཙོ་བོ་ལས་ཀྱི་སྣེ་མོ་བ་དག་གིས་གཞུང་འབྲེལ་ལས་དོན་རྣམས་རང་ཉིད་ཀྱི་དགའ་སྡུག་གི་སེམས་ཁམས་ལྟར་ཁ་རུ་ངོ་མདོག་སྐྱོ་བའི་གསར་འབྱོར་བ་ཚོའི་སྟེང་དུ་སྟོན་གྱིན་འདུག་ཅེས་བཤད་ཀྱིན་ཡོད། བོད་གཞུང་ལས་བྱེད་དག་གིས་མི་ཞིག་ལས་ཁུངས་དུ་འཇུལ་མ་ཐག་ནས་དེའི་རྣམ་པ་ལ་ལྐོག་ལྟ་ཞིག་བྱས་རྗེས་ཁ་རུ་ངོ་མདོག་སྐྱོ་བའི་གསར་འབྱོར་བ་ཞིག་ཡིན་ཚེ་གདོང་གཤིས་འགྱུར་ཅིང་སུན་སྣང་གི་རྣམ་འགྱུར་ཞིག་རང་བཞིན་གྱིས་སྟོན་ཡོང་གི་འདུག་ལ། གལ་སྲིད་མི་དེ་རྣམ་པ་འདྲ་ཆགས་པ་ོཞིག་ཡིན་ཚེ་རང་བཞིན་གྱིས་རྐུབ་བཅག་ལས་ཡར་ལངས་གྲབས་ལངས་གྲབས་བྱེད་ཀྱིན་འདུག་པའི་བྱེད་སྟངས་འདི་དག་གིས་ངའི་སེམས་ཁམས་ལ་བཟོད་དུ་མེད་པའི་རྨ་ཁ་ཟབ་མོ་ཞིག་བཟོས་སོང་། སྐུ་ངོ་ཡིན་ཟེར་མཁན་གྱི་མི་དེ་དག་གི་འགྲམ་ལ་སོང་ཚེ་གསར་འབྱོར་བས་སྐད་ཆ་བཤད་བཞིན་པའི་བར་ནས་ནང་དུ་ཡོང་བའི་ཁོང་གི་ངོ་ཤེས་དེ་ཚོ་དང་མཉམ་དུ་དོན་མེད་ཀྱི་སྐད་ཆ་བཤད་ནས་རྣམ་པ་སྐྱོ་བའི་གསར་འབྱོར་བ་ང་ཁོང་གི་མིག་མདུན་ནས་འབུ་ཞིག་གི་སྣང་བ་ཡང་མི་འདུག་པ་མ་ཟད། ཁོང་ཚོ་སྐད་ཆ་བཤད་ཚར་རྗེས་གསར་འབྱོར་བ་ང་ལ་ལྟ་ཙམ་བྱས་ནས་ཡ་ཡ་ད་ངས་ཧ་གོ་སོང་དེ་རིང་ཆུ་ཚོད་མི་འདུག་རྗེས་མ་ཤོག་ཟེར་བཞིན་འགྲོ་དུས་གསར་འབྱོར་བ་ངས་མིག་ཆུ་ཕྱུ་རུ་གཏོང་འདོད་མེད་ཀྱང་སེམས་ནས་ཨག་སྐད་རེ་འདོན་དགོས་བྱུང་། གསར་འབྱོར་བས་གནས་འདིའི་འགྲོ་སྟངས་འདུག་སྟངས་མི་ཤིས་ལ་སྐད་དང་ཡི་གེ་དེ་བས་ཀྱང་མི་ཤིས་པས་སེམས་ཁོངས་སུ་རང་བཞིན་གྱི་ཉམས་ཆུང་བའི་སྐྱོ་སྣང་ཞིག་གིས་ཁེངས་ཡོད་པའི་ཐོག་ལ་སྐུ་ངོ་དང་ལས་བྱེད་མང་ཤོས་ཤིག་གི་སྣང་མེད་དང་མཐོང་ཆུང་གི་བྱེད་སྟངས་འདི་དག་གིས་གསར་འབྱོར་བས་རྡ་སའི་ར་སྒང་ནས་ས་ལ་རྐང་པ་བརྡབས་ཅིང་གནམ་ལ་ལག་ཟུང་བསྲིང་ནས་ཀུ་རིང་དེ་འདེད་དགོས་བྱུང་བ་ཉུང་ཉུང་མིན། གསར་འབྱོར་བའི་སྐྱོ་གདོང་གི་སྐྲ་ལོ་རིང་དུ་ཕྱིན་ཅིང་རྡ་སའི་སྲིང་ལམ་ནས་ཕྱི་གླིང་བ་ག་ཤས་ཀྱི་རྗེས་ལ་སྤྲང་མིང་མེད་ཀྱང་སྤྲང་བོ་བཞིན་རྒྱུག་དགོས་ཐུག་དུས་གསར་འབྱོར་བ་ཚོ་སྐུ་ངོ་དང་ལས་བྱེད་ཚོའི་མིག་ནང་གི་ངོ་ཚ་ཡིན། གསར་འབྱོར་བར་འདང་ངེས་ཀྱི་ལྟོས་ཆས་མེད་པས་ངོ་གདོང་གི་དཔག་མདངས་སྐྱོ་ཞིང་ལག་འབབ་ཀྱི་དངུལ་ལོ་མེད་པས་གྱོན་གོས་ཀྱི་ཁ་དོག་ལོག་དུས་གསར་འབྱོར་བ་སྐུ་ངོ་ཚོའི་བུ་ཆུང་གི་ངུ་ཁ་ལེན་བྱེད་ཡིན། གསར་འབྱོར་བས་གནས་སྟངས་འདི་དག་མཐོང་དུས་ཕ་ཡུལ་གངས་ཅན་ཞིང་གི་ནིང་མི་སྤུན་མཆེད་དྲེན་པ་གྲངས་ཀྱིས་ག་ལ་ལོངས། གྲོགས་པོ་ཚོ་བོད་དུ་ལོག་འགྲོ་གནས་འདི་ང་ཚོའི་ས་མ་རེད། ས་འདི་ང་ཚོའི་ཁྱིམ་མ་རེད། གསར་འབྱོར་ང་བོད་དུ་ལོག་གི་ཡིན། བདེ་མོ། སྐུ་ངོ་ཚོ་དེ་རིང་ནས་ཁྱོད་ལ་སུན་པོ་བཟོ་མཁན་གཅིག་མེད་པར་ཆགས་ངེས།
འོན་ཀྱང་རྒྱ་གར་ལ་དགེ་མཚན་ཞིག་ཡོད་པ་ནི་རང་དབང་གི་ཁོར་ཡུག་ཆེ་ཙམ་ཡོད་པ་དེ་ཡིནཞིང་། ང་ཚོའི་གཞུང་ཚབ་ཀྱི་དེབ་དཀར་པོ་བརྒྱུད་ནས་ལག་འཁྱེར་བཟོ་བ་དང་། དེ་བཞིན་ཉེ་ཆར་གནས་སྐོར་བ་རྣམ་ལ་མནའ་མ་ཟོས་ཙམ་གྱི་ལག་འཁྱེར་གྱི་གོ་སྐབས་འདི་གནང་བ་སོགས་ཀྱང་རིམ་པ་བརྒྱུད་པ་དུས་ལ་སྒུག་པ་གཞུང་མང་གཉིས་ཀྱིས་རེ་བ་དང་སྙན་ཞུ་བཅས་ལ་ལྟོས་ནས་བྱུང་བ་ཡིན་ལ་གོང་རིམ་གྱི་ཐག་གཅོད་འདི་རིགས་ལ་དངོས་ཡོད་ཀྱི་ནོར་འཁྲུལ་དང་ང་ཚོའི་འཚོ་སྡོད་ལ་དངོས་ཡོད་ཀྱི་དཀའ་ངལ་ཡོད་པ་དངོས་འབྲེལ་ཡིན་སྟབས། རྒྱ་གར་གཞུང་ནས་ཀྱང་དགོངས་པ་ཞིག་སྔ་ཕྱིར་མ་ལྟོས་པར་བཞེས་རྒྱུ་རེད། དེ་ཡང་ང་ཚོ་སྤྲོ་ལངས་མིན་ལ་མ་ལྟོས་པར་གཞུང་བརྒྱུད་ནས་ལས་ཀ་བྱེད་པ་ལས་གཞན་པའི་ཐབས་ལམ་གང་ཡང་མེད་པས་བོད་གཞུང་ལ་རྒྱ་གར་ལ་སླར་ཡང་ཞུ་དགོས་པའི་མཉམ་རུབ་ཀྱི་སྙན་ཞུ་དང་ཞུ་འབོད་དེ་བཞིན་རྒྱ་གར་གཞུང་ལ་ཡང་བྱེད་དགོས།
ཐབས་ལམ་འཚོལ་དགོས། དེ་ནི་ཐ་མའི་བདམས་ཀ་ཡིན།
ངོ་ཚོའི་ཡིད་ཆེས་ལ་ཐལ་དྲགས་རྒྱུ་མེད་ལ། བློ་ཕམ་ལ་ཡང་ཐལ་དྲགས་རྒྱུ་མེད།
ང་ཚོའི་བཙན་བྱོལ་གཞུང་འདིར་ནུས་པ་མི་འདུག་ཟེར་ན་ངས་ངོས་ལེན་ཡོད་དེ། ང་ཚོ་ནི་རྒྱ་གར་གྱི་ངོས་ནས་རྫོང་ཞིག་གི་མངའ་མངའ་ཁོངས་སུ་ཡོད་པའི་སྒྲིག་འཛུགས་ཤིག་རེད།
བཙན་བྱོལ་དེ་ནུས་ཆུང་ཆུང་ཡིན་པའི་མྱུང་ཚོར་མང་པོ་བྱུང་། ཡིན་ན་ཡང་སྐབས་དེར་ང་ཚོ་སྤྲོ་ལངས་རྒྱུའི་ཚབ་ཏུ་ང་ཚོའི་ལས་དབང་དྲན་དགོས། བསམ་གཞིག་བྱེད་དགོས། བཙན་བྱོལ་གཞུང་གཉོམ་པ་ནི་བཙན་བྱོལ་བོད་པ་གཉོམ་པ་ཡང་རེད་ལ་ཁྱེད་དང་ང་གཉོམ་པ་ཡང་རེད།
ང་ཚོས་སོ་སོའི་ཁེ་ཕན་མ་འགྲུབ་པའི་སྐབས་དེར་སུ་ལ་ཡང་མི་རྩི་བ་དངོས་འབྲེལ་ཆགས་ཀྱི་འདུག གསར་འབྱོར་ཚོའི་ནང་ན་ཡང་ང་རང་ཐེ་བའི་ཅི་འདྲའི་མང་པོ་ཞིག་གིས་རྒྱལ་བ་རིན་པོ་ཆེ་མཇལ་འདོད་ཡོད་པ་དང་ཡང་ན་སློབ་གཉེར་བྱ་འདོད་ཡོད་པ།
དེང་སང་གི་གསར་འབྱོར་མང་ཤོས་ནི་དབྱིན་ཡིག་སྦྱོང་དུ་ཡོང་བ་ལྟ་བུ་རེད། ངར་ཆེ་དྲགས་རྒྱུ་གཏན་ནས་ཡོད་མ་རེད།
དེ་བས་ཀྱང་དེང་སང་གི་གསར་འབྱོར་མང་པོ་ཞིག་གིས་སྣེ་ལེན་ཁང་དུ་འབྱོར་བ་དང་ཆབ་སྲིད་བཙོན་པ་བཟོ་མཁན་ཡོད་པ་མ་ཟད། སྤྱིར་བཏང་ཞིག་ཡིན་ན་ཡང་རང་གི་ལག་འཁྱེར་སྦས་ནས་ལམ་ཁ་ནས་བཙན་བརྒལ་བྱས་འདོགས་སྟོན་པ་འདི་རྒྱུན་ལྡན་གྱི་སྣེ་ལེན་ཁང་དུ་འཛུལ་སྟངས་ཞིག་རེད་ལ། ལམ་སང་རྡ་ས་ནས་དབྱིན་ཇི་ཅུང་ཟད་ཀྱི་རྨང་གཞི་བཙུགས་རྗེས་ནུབ་ཕྱོགས་ལ་འཕུར་རྒྱུའི་བསམ་བློ་གཏོང་གིན་ཡོད་པ་ཅི་བས་མང་།
ག་དུས་ཡིན་ན་ཡང་ཕྱོགས་གཞན་ལ་མིག་འབུར་ཚུགས་སུ་ལྟ་དུས་རང་ཉིད་མ་བརྗེད་པ་གནང་རོགས།
ཡང་བོད་ནས་དཀའ་ལས་ཆེན་པོ་རྒྱབ་ནས་འདིར་ཡང་རེ་བ་ཆེན་པོ་རྒྱབ་ཡོད་པར་ཐད་ཀར་སེམས་ཁ་མ་གང་ལྟ་བུའི་གནས་སྟངས་ཡོང་གིན་ཡོད་པ་ངས་ཀྱང་ཚོར་གྱི་ཡོད། དེ་ལ་རྒྱུ་རྐྱེན་གཉིས་ཡོད།
ང་བློ་ཕམ་བྱེད་ས་གཅིག་སྟེ། བལ་ཡུལ་སྣེ་ལེན་ལས་བྱེད་པས་ང་ཚོར་གནས་སྐོར་དང་སློབ་སྦྱོང་གང་ཡིན་ཅི་ལྟར་རྒྱག་དགོས་ཀྱི་གསལ་ཁའི་ལམ་སྟོན་མ་གནང་བར་བློ་འགྱོད་ཡོད།
འོན་ཀྱང་དེ་ཡང་ལས་བྱེད་ཚོས་མ་འབྱོན་པ་དང་འཐུས་ཤོལ་ཡིན་པ་ལས་བསམ་བཞིན་བོད་གཞུང་གིས་གཅིག་བཟོས་བ་གང་ཡང་མ་རེད།
སྐྱབས་བཅོལ་ལག་འཁྱེར་སློབ་སྦྱོང་གི་ཐོག་ནས་བཟོས་པ་དེར་སློབ་སྦྱོང་གི་དུས་ཡུན་རྫོགས་ན་ཡང་ན་སློབ་གྲྭ་གཞན་ལ་འཛུལ་ཞུགས་བྱས་པའི་དངོས་འབྲེལ་དཔང་ཡིག་ལྟ་བུ་ཡོད་ན་མི་ཤེས་མ་གཏོགས་གཞི་རྩའི་རྒྱ་གར་གྱི་ཁྲིམས་ལྟར་ན་དེ་ནས་དུས་ཚོད་ཡོད་མ་རེད་ཟེར་བ་འདི་ངས་ཀྱང་ལག་དེབ་གཟོ་བའི་སྐབས་ནས་གོ་ཐོས་བྱུང་ལ།་ངས་ལག་འཁྱེར་གྱི་དགོན་པའི་ངོས་སྦྱོར་ལ་ཡང་ལོ་བཅུ་གྲངས་ཞིག་ཕོག་ཡོད་པ་རེད།
ལར་གཅིག་བྱས་ན་རྒྱ་གར་གཞུང་ཚབས་ཀྱིས་ང་ཚོ་མང་ཤོས་གནས་སྐོར་ལ་རྒྱག་རྒྱུ་དང་དེ་ནས་སློབ་སྦྱོང་། སྐབས་བཅོལ་ཟེར་བ་ཧ་ཅང་ཉུང་ཉུང་ཞིག་ལས་མི་འབྲི་བ་འདི་ཁོང་ཚོའི་དམིགས་ཡུལ་ཞིག་ཡིན་འདྲ་སྟེ།
ང་ལ་མཚོན་ན་རྒྱ་གར་དུ་བསྡོད་གཏན་ཁེལ་ནས་བལ་ཡུལ་སྣེ་ལེན་ཁང་དུ་འཛུལ་་བ་དང་། མ་ཟད་རྒྱ་གར་གཞུང་ཚབ་ལ་འགྲོ་སྟབས་ཀྱང་བོད་ནང་དུ་སྡོད་པའི་དཀའ་ངལ་སོགས་དང་རྒྱ་མིའི་འཇུ་བཟུང་བཙོན་འཇུག་བྱས་པའི་དཔྱད་ཁྲ་སོགས་དཔང་རྟགས་ཆ་ཚང་ཁུར་ཡོད་པར་མ་ཟད་ཁོང་ཚོས་་ཀྱང་ཆབ་སྲིད་འབྲེལ་ཡོད་ཡིན་པའི་ངོས་ལེན་གྱིས་ལོགས་སུ་གནས་ཚུལ་མང་པོའི་སྟེང་དྲི་བ་བྱས་ཡོད་ན་ཡང་ཐ་མ་དེར་དེབ་དཀར་པོའི་སྟེང་སློབ་སྦྱོང་ཞེས་བྲིས་འདུག
གང་ལྟར་དེ་འདྲ་ཞིག་རེད་ལགས།
ང་ཚོ་མང་པོ་ཞིག་ནི།
རྣམ་འགྲེལ་ལས།
དེ་དག་སྔར་ཡང་གྲུབ་མཐའ་ནི། །རང་གི་འདོད་པ་ཉིད་ཀྱིས་འཛིན། །
དེ་ནི་ཕྱིས་ཀྱང་ཅི་ཞིག་ལྟར། །གཞན་འཛིན་པ་ནི་ཅིས་མི་འཐོབ། །ཅེས་གསུངས་པ་ལྟར་གྱུར་ཡོད་དེ་ཕངས་སོ།།
༄༅། །ངའི་མཐར་འཇུག་གི་རེ་བ་ནི་ཁྱེད་ཅག་བོད་གཞུང་གི་ལས་ཁུངས་ཁག་རྣམས་པ་དང་ལས་བྱེད་རྣམས་པ་ཚང་མར་སྙིང་ཁོངས་རུས་པ་གཏིང་ནས་སྙིང་གཏམ་ཡིན། བོད་ནང་ནས་གསར་དུ་འབྱོར་མཁན་རྣམས་དང་གཞིས་ལུས་བོད་མི་རྣམས་ནི་ཁྱེད་རང་ཚོ་ལ་ཧ་ཅང་གི་རེ་བ་དང་ཡིད་ཆེས་བློ་གཏད་ཆེ་བོ་བྱས་ནས་ཕ་མ་བུ་ཕྲུག་ཚང་མ་ཁ་གཏོར་གྱིས་སྐྱབས་བཅོལ་དུ་ཡོང་གི་ཡོད་པ་རེད། སྐྱབས་བཅོལ་ནང་ལ་སླེབས་པའི་བོད་མི་གསེར་འབྱོར་བ་ཚོ་ལ་མཐོང་ཆུང་དང་ཁྱད་གསོད་ཀྱི་རྣམ་པ་འདྲ་མིན་གྱི་ད་ནི་ཞེན་པ་ལོག་ནས་བོད་གཞུང་ལ་ཁ་གཏོང་བྱེད་མཁན་ཀྱང་མང་པོ་བྱུང་འདུག། དེའི་རྒྱུ་མཚན་ནི་ཁྱེད་རང་ཚོ་གསར་འབྱོར་རྣམས་ལ་སྐྱབས་བཅོལ་གྱི་ལག་འཁྱེར་ཡག་པོ་བཟོས་པ་དང་གཅིག་སྐྱབས་བཅོལ་པའི་ཐོབ་ཐང་མ་སྤྲད་པའི་ངེས་ལན་རེད། དངོས་གནས་ད་རེ་བ་མི་འདུག་ རང་རེའི་མི་སེར་རྣམས་ལ་ལྟ་སྐྱོང་བྱེད་མ་ཐུབ་པ་བོད་རང་བཙན་དང་རང་སྲིད་རང་སྐྱོང་གཅིག་ནི་སེམས་བདག་རེད། ད་ཨ་ཞང་རྒྱ་མི་ལ་དགོངས་དག་ཞུས་ནས་བོད་ལ་ལོག་ན་ཡག།???????????????????????????????????????
བོད་ནས་གསར་དུ་འབྱོར་བ་རྣམས་ལ་རྒྱ་གར་དུ་སྐྱབས་བཅོལ་ལག་འཁྱེར་སྤྲོད་ཀྱི་མེད་པ་འདི་ནི་བོད་ཀྱི་བཙན་བྱོལ་གཞུང་གི་རྩ་བའི་སྲིད་ཇུས་དང་གཞུང་གི་ལས་ཁུངས་ཁག་གིས་ལག་ལེན་དུ་བསྟར་བའི་དགོས་མཁོའི་སྲིད་ཇུས་ཤིག་ཡིན། ང་ཚོ་བོད་དུ་ཡོད་པའི་སྐབས་སུ་ཁོ་ཚོས་ང་ཚོ་ལ་གཅེས་མདོག་དང་ཕན་ཐོགས་མདོག་སོགས་རྒྱལ་སྤྱིའི་ཁྲོད་དུ་ཁྱབ་བསྒྲགས་བྱས་ཏེ་ཁོ་ཚོའི་དགོས་མཁོ་བསྒྲུབས་ཡོད། ད་ལྟ་ང་ཚོ་དངོས་སུ་འདིར་བསླེབས་ཏེ་གཞུང་གི་ལས་ཁུངས་ཁག་གི་ནང་དུ་འགྲོ་དུས་ཁོ་ཚོས་འཇོན་མདོག་དང་ཤེས་ཡོན་ཡོད་མདོག་སོགས་བསྟན་ཏེ་ང་ཚོ་ལ་ཁ་ཡ་མི་བྱེད་པ་དང་མཐོང་ཆུང་བྱེད་ཀྱི་འདུག ཁོ་ཚོས་ང་ཚོ་བོད་དུའང་སྡོད་པར་མ་བཅུག་པ་དང་རྒྱ་གར་དུའང་སྡོད་མི་ཐུབ་པའི་དཀའ་ངལ་དེ་བསམ་བཞིན་དུ་བཟོ་བཞིན་པ་རེད། ཁོ་ཚོ་ལ་སྐྱབས་བཅོལ་ལག་དེབ་དང་མི་སེར་ལག་དེབ་དང་ཕྱི་རྒྱལ་གྱི་ལག་དེབ་སོགས་བཟོས་ནས་བེད་སྤྱོད་བྱེད་བཞིན་ཡོད་ནའང་བོད་ནས་ཡོང་བའི་དཀའ་སྡུག་མྱོང་མཁན་ཚོ་ལ་སྐྱབས་བཅོལ་ལག་དེབ་ཙམ་གྱི་རོགས་རམ་མི་བྱེད་པའི་གནས་ལུགས་འདི་ཅི་ཞིག་ཡིན་ནམ། བོད་ནས་ཡོང་བའི་སྐྱབས་བཅོལ་བ་ཚོས་བཙན་བྱོལ་དུ་སོ་སོས་ཧུར་བརྩོན་གནང་སྟེ་བོད་ཀྱི་རིག་གཞུང་དང་རྒྱལ་ཞེན་ཀྱི་ལ་རྒྱ་དང་བོད་ནང་གི་མི་དམངས་ལ་སེམས་ཤུགས་སྦར་བའི་འབྲེལ་མཐུད་གང་མང་གནང་ཡོད། གལ་སྲིད་ང་ཚོ་ལ་བོད་དུ་མཉམ་འཛོམ་གྱི་གོ་སྐབས་ཤིག་བྱུང་བ་ཡིན་ན་ང་ཚོས་ཁོ་ཚོ་ལ་ཡ་ལན་གྱི་སྡུག་སྦྱོང་དེ་ངེས་པར་དུ་སྤྱོད་དགོས་པ་དང་འདི་ནི་བོད་ནང་གི་མི་དམངས་ཚོས་ཀྱང་ངེས་པར་དུ་ཤེས་དགོས་ངེས་ཡིན།
དྲྭ་གྲོགས་ཚོ། བོད་གཞུང་ལ་དེ་ལྟ་བུ་ཁ་གཏོང་རྒྱུ་ཅི་ཨེ་ཡོད་ན། ད་ལྟ་གཞན་དབང་སྟབས་བསྟུན་ཞིག་ལས་རང་ལ་དབང་བའི་རྒྱལ་ཁབ་ནི་ཡོད་ནི་མ་རེད། དམ་པའི་གསུངས་ལས། །རང་དབང་ཐམས་ཅད་བདེ་བ་སྟེ། །གཞན་དབང་ཐམས་ཅད་སྡུག་བསྔལ་རྒྱུ། ཞེས་གསུངས་ལས་ཤེས་པར་རིགས་སོ།
གསར་འབྱོར་བ་ཚོའི་སྐྱབས་བཅོལ་ལག་འཁྱེར་ལ་སྐོར་ལ་བོད་གཞུང་གི་ལས་སྣེ་ཚང་མའི་འགན་ཡག་པོ་འཁུར་དགོས་པ་རེད། ནང་དགོས་སུ་༧རྒྱལ་བ་རིན་པོ་ཆེའི་ཡང་འགན་འདི་འཁུར་དགོས་པ་ཞིག་རེད། གང་ཡིན་ཟེར་ན་བོད་མི་གསར་བ་ཚོ་༧རྒྱལ་བ་རིན་པོ་ཆེ་བསམ་ནས་ཡིད་ཆས་རེ་བཅོལ་བྱས་ནས་ཡོང་བ་རེད།
ངའི་ཐ་མའི་ཐག་གཅོད་དེ་རང་བཙན་གཙང་མའི་སྒྲིག་འཛུགས་དང་བོད་མིའི་རྩ་དོན་ལ་ཁ་ཞེ་གཉིས་མེད་ཀྱི་དོ་འཁུར་བྱ་མཁན་གྱི་གཞུང་གཅིག་སྐྱབས་བཅོལ་རྒྱུ་ཡིན་ལ། ད་བར་རང་གི་མངའ་འབངས་ལ་རང་གི་སྡུག་སྦྱོང་གཏོང་མཁན་གྱི་གཞུང་འདི་ལྟ་བུ་ཞིག་སྐྱབས་བཅོལ་བ་ངའི་མི་ཚེའི་ནང་གི་འགྱོད་པ་ཆེ་ཤོས་དེ་ཡིན།
ཁ་སང་སྐྱབས་བཅོལ་ལག་དེབ་མ་རགས་བར་དུ་བོད་གཞུང་ལ་་རེ་བ་ཆེན་པོ་བྱས་པ་ཡིན། ད་རེ་བྱས་ཀྱང་ཅང་མིན་འདུག
ཅི་ཡང་བཤད་རྒྱུ་མིན། བཤད་ཀྱང་མི་འདོད་གི གང་ལྟར་གསར་འབྱོར་བ་ཚོ་གནས་གང་དུ་ཕྱིན་ཀྱང་སྡུག་མྱང་རྒྱུ་རེད། འདི་ངེད་ཅག་གསར་འབྱོར་བ་ཚའི་སྤྱི་མཐུན་གྱི་ལས་ལ་སྒོམས་རྒྱུ་ལས་ཐབས་གཞན་ཅི་ཞིག་ཡོད།
ད་ཡིན་ན་བོད་གཞུང་ལ་རེ་བ་རྒྱག་ས་ཞིག་མེད་ནོ་ངོ་མ་ཤེས་སོང་། ང་ཚོར་ལྟ་སྟངས་གཞན་ཞིག་ཡོད་པ་ཁོ་ཐག་རེད། ང་ལྟ་བུ་ལ་མཚོན་ན་དེའི་ཐད་ནས་དཀའ་ངལ་ག་ཚོད་ཡོད་ཀྱང་། འགྲོ་སོང་ག་ཚོད་བཏང་ཡང་། ད་བར་དུ་བོད་གཞུང་ལ་རེ་བ་མ་རླག་ཐབས་བྱས་པ་ཡིན་ཡང་། ད་ངོ་མ་ཧ་གོ་སོང་། རེ་བ་ཆད་སོང་། ཡུལ་གྱར་གཞུང་གིས་བོད་ནང་གི་སྤུན་ཟླ་ཚོའི་ཤ་ཁྲག་ཟོས་ནས་རྒྱག་པ་ཆགས་ཡོད་ཀྱང་དོན་དངོས་ཀྱིས་བོད་ནང་གི་བོད་མི་ཚོར་ཅི་ཞིག་ཕན་ཐོག་ཡོད་དམ། བོད་ནས་རེ་བ་ཆེན་པོ་དང་ཡིད་ཆེས་གཙང་མ་ཞིག་བཟུང་ནས་འདིར་ཡོང་མཁན་ཚོར་སྐྱབས་བཅོལ་བའི་ཐོབ་ཐང་ལག་ཁྱེར་ཙམ་ཡང་སྒྲུབ་ཐུབ་ཀི་མེད་ན་བོད་རྒྱ་ནག་གི་བཙན་འོག་ནས་སྐྱོབ་དགོས་པར་བཤད་པ་དེ་ཚོ་ནི་ཆོ་མེད་པ་རང་རེད། སྐྱག་རྫུན་རང་རེད་འདུག ད་ནས་བཟུང་བོད་ནང་གི་བོད་མི་ཚོ་ཟེར་ནས་སྐད་རྒྱག་རྒྱུའི་ཐོབ་ཐང་རྩ་བ་ནས་མེད་པ་བཟོ་དགོས་འདུག་ད་དཀོན་མཆོག་གསུམ། རྒྱུ་མཚན་བོད་ནང་གི་བོད་མིའི་ཚབ་མཚན་ཚོར་སྐྱབས་བཅོལ་ལག་ཁྱེར་ཙམ་གྱིས་རོགས་སྐྱོར་བྱེད་འདོད་མེད་པ་དང་བྱེད་ཐུག་གི་མེད་ན་བོད་ནང་གི་བོད་མི་ཚོ་ཇི་ལྟར་སྐྱོབ་རྒྱུ་ཡིན་ནམ????????????????????????????????????????????????????????????????????????????????????????????????????????
༄༅། །བཀའ་ཤག་དང་སྤྱི་འཐུས། བདེ་སྲུང་དང་ནང་སྲིད་ལ་སོགས་པ་བོད་གཞུང་དང་གཞུང་ཞབས་རྣམས་ལ་ཞུ་རྒྱུ།
༢༠༠༤དང་༢༠༠༥བར་བོད་ནས་གསར་དུ་འབྱོར་བའི་བོད་མི་མང་པོ་ཞིག་ལ་གནས་སྐོར་དང་གཞན་ཞེས་པའི་མིང་སྣ་ཚོགས་ཤིག་གཏགས་ནས་བོད་གཞུང་ནས་སྐྱབས་འབྱོར་ལག་འཁྱེར་(R.C)ཞེས་པ་དེ་ཡང་བཟོ་ཐབས་ཀྱི་རོགས་རམ་ཡག་པོ་བྱེད་ཀྱི་མི་འདུག། གང་ཡིན་ཟེར་ན་དེ་སྔོན་བདེ་སྲུང་ལས་ཁུངས་ལ་སྐད་ཆ་དྲི་བར་འགྲོ་སྐབས་སྐད་ཆ་རྫིག་རྫིག་དང་ཤོད་ཤོད་བཏང་བ་མ་ཟད་བོད་ལ་ལོག་རྒྱུག་ཟེར་འདུག་པས། དེ་འདྲ་བའི་སྐད་ཆ་བཤད་སྟངས་དེ་ཚོ་རྒྱ་ནག་གི་ལས་ཁུངས་ཁག་དང་ལས་བྱེད་ཚོས་ཀྱང་ཤོད་ཀྱི་མི་འདུག། གལ་སྲིད་སྐྱབས་འབྱོར་ལག་དེབ་བཟོ་ཐུབ་ཀྱི་མེད་ན་གསལ་འགྲེལ་གནང་རོགས་ ང་རང་ཚོས་ཐབས་ཤེས་གཞན་བརྒྱུད་ནས་བཟོ་ན་འདྲ་བོད་ལ་ལོག་ནས་རྒྱ་ནག་གི་R.Cཨེ་བཟོ་ཐུབ་ལྟ་རྒྱུ་དང་རྒྱ་ནག་གི་མི་སེར་བྱེད་རྒྱུ་ལས་རླག་མ་སོང།
གསར་རྙིང་གི་ལྟ་བ་ཤུགས་ཆེན་ཡོད་མཁན་གྱི་ལས་བྱེད་ཁ་གཅིག་གི་ངོ་གདོང་ལ་སྤྲེལ་ལེད་བྱེད་པ་ལས་བོད་ནང་དུ་ཕྱིར་ལོག་བྱེད་པའམ་རང་དབང་དང་འདྲ་མཉམ་གྱི་ཐོབ་ཐང་ཡོད་པའི་ཕྱི་རྒྱལ་ལོང་བ་ཞིག་ལ་འགྲོ་ཐབས་བྱས་ན་ཡག་ཤོས་རེད། གནས་དེ་རུ་ཁྱོད་ལས་ཁུངས་ནང་དུ་འཇུ༹ལ་མ་ཐག་ནས་ངོ་གདོང་ལ་ལྟས་ནས་དགའ་མིན་གྱི་ཕྱོགས་ཞེན་བྱེད་མཁན་མེད་ལ་སྐུ་ངོ་དང་ཕྱུག་བདག་ཡིན་འདོག་གིས་འགྱིང་ནས་སྡོད་མཁན་ཡང་མེད།
གསར་འབྱོར་བའི་སྐྱབས་བཅོལ་ལག་འཁྱེར་གྱི་དཀའ་ངལ་དེ། ད་ཐེངས་གཅིག་པོ་ག་ལ་ཡིན།
བདུན་ཅུ་དོན་དགུའི་ཚུན་ཆད་ལ་སླེབས་པ་ལ་གསར་འབྱོར་བ་ཟེར་གི་ཡོད་ལ། གསར་འབྱོར་བ་ལ་གྲོས་ཆོད་གྲོས་འཆར་ཡང་རབས་དང་རིམ་པ་བཞག་ཡོད་ནི་རེད། ཡིན་ཡང་བཙན་བྱོལ་བའི་ཐོབ་ཐང་གཅིང་ཀྱང་མེས་པས་ཕྱིར་བོད་ཡུལ་དུ་ལོགས་དགོས་པའང་གྲོས་འཆར་བཞག་ཡོད་ནི་རེད། དེ་གཞུང་གི་འགྲོ་སྟངས་རེད། ད་ལྟའི་ལག་ཁྱེར་སྐོར་འདི་མགོ་བཀའ་ཁྲི་ནས་བལ་ཡུལ་གྱི་ལས་བྱེད་དཀྱིལ་མ་སོགས་ཀྱིས་ལས་ནོར་ཞིག་རེད། དེ་ཡིན་པའི་རྒྱུ་མཚན་གྱིས་འབྱུང་འགྱུར་འདི་ལྟར་དཀའ་ངལ་འཕྲད་དང་འཕྲད་ཀྱི་ཡིན་པ་སྨོས་ཅི་དགོས། མི་འགྱངས་བར་བཀའ་ཁྲི་གསར་པ་སླེབས་དུས། གསར་འབྱོར་བ་སྤྱི་བའི་འཐུས་མི་སོགས་ཀྱིས་སྐྱབས་བཅོལ་ལག་ཁྱེར་སྐོར་བགྲོ་གླེང་བྱ་དགོས་པ་མ་ཟད། ད་དུང་གསར་འབྱོར་བའི་ཐཽབ་ཐང་ཀྱང་གླེང་དགོས་པ་སྤྱི་བའི་འཐུས་མི་ལ་རགལས་པ་ན། འདི་སྐོར་རྣམ་གཡེང་ལ་མ་བཏང་བར་སོ་སོ་ལ་དཔེ་བཞག་ཏེ་གཙང་གསལ་བཟོ་དགོས་པའི་དུས་ལ་སླེབས་ཡོད་པ་རེད།
རང་རེའི་སྐྱབས་བཅོལ་བའི་ལག་འཁྱེར་དེ་རྒྱ་གར་གཞུང་གིས་ཕྱིར་འགྱངས་མི་བྱེད་པའི་རྒྱུ་མཚན་ནི། ཕལ་ཆེར་༧རྒྱལ་བ་རིན་པོ་ཆེ་བོད་ཀྱི་དབུ་འཁྲིད་ནས་དགོངས་པ་ཞུས་པ་ལ་བརྟེན་ནས་བྱུང་བ་ཞིག་མ་ཡིན་ནམ།?? གང་ལགས་ཤེ་ན། ད་ལྟ་རྒྱ་གར་གཞུང་གི་སྲིད་བྱུས་ཀྱི་ལང་ཕྱོགས་ཤིག་ལ་བཙན་བྱོལ་བོད་གཞུང་འདི། བཙན་བྱོལ་དུ་ཡོད་པའི་བོད་མི་ཡོངས་ཀྱི་ཚབ་མཚོན་པའི་གཞུང་མ་ཡིན་པར། ༧རྒྱལ་བ་རིན་པོ་ཆེ་དང་། ཁོང་གི་ཆོས་ཕྱོགས་ཀྱི་འབྲེལ་ལམ་གནང་སའི་ཆེད་དུ་བཙུགས་པའི་གཞུང་ཞིག་ལ་ངོས་འཛིན་གནང་གི་ཡོད་པས། ད་༧རྒྱལ་བ་རིན་པོ་ཆེ་བོད་ཀྱི་དབུ་འཁྲིད་མིན་ན། སྤྱི་བྱིངས་བོད་རིགས་ཡོངས་ལ་དེ་ལྟ་བུའི་འཛུགས་རྒྱུའི་ཐོབ་ཐང་ཞིག་ཁྲིམས་ཀྱི་ཐོག་ནས་མི་སྤྲད་རྒྱུའི་རྒྱ་གར་གཞུང་གིས་སྔོན་བརྡ་ཞིག་མ་ཡིན་ནམ།
བཅོས་མིན་སེམས་ཀྱི་ན་ཟུག་ཆེར་ལང་ནས། །རིང་མིན་འགྱོག་པོར་ཀློག་རྗེས་ཚིག་བཅད་འགའ། །དབང་མེད་སྐྱོ་བའི་ངང་ནས་དུས་བབ་ཐོག འགོག་མེད་ཤོར་བ་འདི་ལ་གསན་པར་འཚལ། ཡུན་ནས་གཉེན་ཉེར་སོང་བའི་རྒྱ་ནག་གིས། །དྲངས་བདེན་མེད་པའི་གཉའ་གནོན་བཤུས་གཞོག་འོག། །ས་འཐར་འཁྱམས་པའི་བོད་པའི་སྐྱབས་བཅོལ་བ། །རིང་ནས་སེམས་ཀྱིས་འབྲེལ་བའི་རྒྱ་གར་ལ། །ཁ་ཞེ་མེད་པའི་སྐྱབས་སུ་བཅོལ་ན་ཡང་། །རང་གི་ཁེ་ཕན་ཆེད་དུ་རྩེད་ཆས་སུ། །བེད་སྤྱོད་ལས་གཞན་མེད་པའི་ངང་ཚུལ་འདིས། བཙན་བྱོལ་གཞུང་གིས་གོམ་པ་གསར་བ་ཞིག མི་འདོད་ངང་ནས་མི་སྤོ་ཐབས་མེད་རེད། ཀུན་ལ་ཕན་པའི་ཐབས་ལམ་ལེགས་ཤོས་འགའ། །དོན་དུ་ལེགས་པའི་ལམ་ལས་འདས་ན་ཡང་། །ཅིས་ཀྱང་ཀུན་གྱིས་དཔྱད་པ་མཛད་པར་རིག རྒྱ་གར་མི་སེར་འགྱུར་བའི་ཐབས་ལམ་དང་། །གཞུང་འབྲེལ་ངང་ནས་གཞན་དུ་ཡུལ་སྤོས་དང་། །བཙན་གནོད་འོག་ཏུ་ལོག་རྒྱུ་གསུམ་པོ་རེད། ་ །སྣང་མེད་བཞག་ན་འགྲིག་མེད་བལ་ཡུལ་དང་། །བོད་ཀྱི་གནས་ཚུལ་ཉིད་དང་རྒྱ་གར་དང་། །བོད་ཀྱི་ཡུལ་མིའི་བར་གྱི་འབྲེལ་ལམ་བལྟོས། །སྔོན་སོང་འབྲས་རྟགས་ཕར་བལྟས་ཚུལ་གསལ་ཀྱང་། །སྐྱིད་ཉལ་ངང་ནས་རྨོངས་དད་ཀྱིས་སྒྲིབ་ནས། །འགྲིགས་འགྲོ་སྙོམས་པས་བོད་མི་སྐྱབས་མི་ཐུབ།
རྐྱེན་ངན་མུན་པ་གཏིབས་པོའི་ཀློང་རོལ་ནས། །རྣམ་དཔྱོད་སྒྲོན་མེ་ཆུང་ངུ་ཀུན་གྱིས་སྦོར། །ལེགས་ཉེས་གནད་ཀྱི་ཐོག་ལ་ཕྱི་བཤོལ་དང་། སྒྱིད་ལུགས་མེད་པའི་ངང་ནས་བགྲོས་ན་ལེགས། ཁྲིམས་འཐུན་མེད་པའི་ལས་ཀ་གང་བྱས་ཀྱང་། །ནག་ཉེས་ཅན་གྱི་གྲས་ལས་མི་འདས་པས། །མི་རབས་ཚ་རྒྱུད་ཀུན་ཀྱང་ནག་ཉེན་ཅན། །བྱེད་པར་འདོད་དམ་དབུ་ནག་སྤུན་ཟླ་དག འཛམ་གླིང་བགྲོད་བཞིན་སེམས་རྨ་ཇེ་གཟེར་རེད། །གནས་ཚུལ་དྲན་བཞིན་སེམས་མུན་ཇེ་གཏིབས་རེད། །འོན་ཀྱང་གང་ཡང་ཅིས་ཀྱང་བྱེད་ཐུབ་པས། །ཞུམས་མེད་སྤོབས་པ་འཆང་ཞིག་སྤུན་ཟླ་དག