མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་གཞི་དང་བསླབ་གཞིའི་དོགས་སློང༌།

བོད་ཀྱི་དུས་བབ།
༢༠༡༢/༠༧/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྡོ་རྗེ་རིན་ཆེན།

བོད་དུ་སློབ་ཆུང་འགྲིམ་སྐབས་ཞིང་ཆེན་དང་ལྗོངས་ལྔའི་མཉམ་སྒྲིག་སློབ་གཞི་ཞེས་པའི་དེབ་ཅིག་ལ་ལྟ་ཀློག་བྱས་པ་དྲན་སོས་པ་དང༌། དེ་བཞིན་བྱང་ཆུབ་ཆོས་འཕེལ་གྱིས་རྩོམ་སྒྲིག་བྱས་པའི་བོད་ཡིག་བསྐྱར་སྦྱོང་ནང་དོན་ཕྱོགས་བཏུས་ཞེས་པའི་དམའ་འབྲིང་གི་སློབ་དེབ་ཅིག་ལའང་ལྟ་ཀློག་བྱས་པ་དྲན་གྱིན་འདུག

འདིར་ཤོད་འདོད་པའི་སྙིང་པོ་ནི་ཀློག་དེབ་དེ་དག་གི་ཁྲོད་སློབ་གཞི་ཞེས་པའི་ཡིག་འབྲུ་འདི་གཉིས་ངའི་མིག་ལམ་ན་ད་དུང་གཟུགས་ཅན་བཞིན་སྣང་བ་དང༌། བཙན་བྱོལ་བོད་གཞུང་གི་ཤེས་ཡོན་སྲིད་ཇུས་གསར་བ་དང་འབྲེལ་ནས་ཡིག་ཆ་ཁག་ཏུ་བསླབ་གཞི་ཞེས་ཐོན་བཞིན་པ་མ་ཟད། བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་འདོན་སྤེལ་གནང་བའི་སྔོན་འགྲོ་དང་གཞི་རིམ་འོག་མའི་ཤེས་ཡོན་སྲིད་བྱུས་རྩ་འཛིན་ཡིག་ཆའི་སྟེང་དུའང༌། སྔོན་འགྲོ་དང་གཞི་རིམ་འོག་མའི་བསླབ་གཞི་རྩ་འཛིན་ཞེས་འཁོད་འདུག་པ་དེ་གཉིས་ང་ལ་མཚོན་ན་དོགས་གནས་ཤིག་ཡིན་པ་ཟད། བོད་ཕྱི་ནང་གཉིས་ཀྱི་མིང་ཚིག་ཁ་གྱེས་སྟངས་ཤིག་ཀྱང་རེད། 

སྔོན་ཆད་ངེད་ནས་ལོག་སྒྲུབ་ལྒང་བུ་དབུག་པའི་གཙགས་བུ་ཞེས་པའི་རྩོམ་བྱང་ཞིག་མཐོང་མྱོང༌། རྩོམ་བྱང་དེའི་ཐོག་དོ་བདག་དང་ཐད་ཀར་བགྲོ་གླེང་བྱས་ཀྱང་སྐབས་ཐོག་ཏུ་གྲུབ་འབྲས་ཅང་མ་ཐོན། ལོ་ཤས་རྗེས་ནས་ཁོང་གིས་དེ་ཁྱེད་རང་བདེན་འདུག་ཅེས་ང་ལ་བདེན་ཁ་ཕྱིན་མྱོང༌། ད་རེས་སྔོན་གྱི་རྩོམ་བྱང་དེ་མཚན་གཞིར་བྱས་ཏེ་སློབ་གཞི་དང་བསླབ་གཞི་གང་ཞིག་དོན་ལ་འབྱོར་མིན་སྐོར་བསམ་འཆར་ཐུང་ངུ་ཞིག་བརྗོད་པར་འདོད། 

དེ་ཡང་རང་རེའི་མི་རིགས་འདིར་ཡང་གནའ་ནས་བརྡ་སྤྲོད་ཀྱི་སྐད་ཡིག་རང་ཆས་སུ་ཡོད་པ་དང༌།  ཕྱིས་སུ་བརྡ་སྤྲོད་ཀྱི་གཞུང་ལུགས་གཏན་འབེབས་བྱས་པ་ནས། ཡི་གེ་གང་ཞིག་བྲིས་ཀྱང་བརྡ་སྤྲོད་ཀྱི་གཞུང་ལུགས་དང་མཐུན་དགོས་པར་སྣང༌། ལོག་སྒྲུབ་ལྒང་བུ་དབུག་པའི་གཙགས་བུ་ལྟ་བུར་མཚོན་ནའང་བྱ་བྱེད་ལས་གསུམ་དང་དངོས་པོ་བདག་གཞན་གྱིས་བསྡུས་དགོས།  དཔེར་ན།  ལོག་སྒྲུབ་ལྒང་བུ་དབུག་པའི་གཙགས་བུ་ཞེས་པ་འདིའི་ནང་གི་བྱ་བའི་ལས་ནི་ལོག་སྒྲུབ་ལྒང་བུ་ཡིན་པ་དང༌།  འབིགས་མཁན་གང་ཟག་དེ་བྱེད་པ་པོ་དང༌།  འབིགས་བྱེད་གཙགས་བུ་བྱེད་པ། འབིགས་པ་བྱ་བ་ཡིན་པ་རེད། དེ་བཞིན་འབིགས་མཁན་དང་འབིགས་བྱེད་གཙགས་བུ་གཉིས་དངོས་པོ་བདག་དང༌། དབུག་བྱའི་ལོག་སྒྲུབ་ལྒང་བུ་ནི་དངོས་པོ་གཞན་ཡིན། 

 རྩ་བར་སྔོན་འཇུག་སྐབས་སུ་མཁན་པོས་“མོ་ནི་བདག་ད་”ཞེས་པའི་བདག་སྒྲས་སྔོན་འཇུག་གི་མོ་འ་ཡིག་དེ་དངོས་པོ་བདག་གཞན་གཉིས་ལས་བདག་ལ་འཇུག་པ་གསལ་བོར་བསྟན་པ་དང༌། དངོས་པོ་བདག་སྟོན་བྱེད་ཀྱི་ལས་ཚིག་ཡིན་ན་དུས་ལྟ་བ་ཡིན་པའི་ཁྱབ་པ་ངེས་པས་ན། ལོག་སྒྲུབ་ལྒང་བུ་དབུག་པའི་གཙགས་བུ་ཞེས་མི་ཟེར་བར། ལོག་སྒྲུབ་ལྒང་བུ་འབིག་པའི་གཙགས་བུ་ཞེས་ཟེར་དགོས་པ་ཡིན།

དཔེ་དེ་བཞིན་དུ་དགེ་རྒན་གྱིས་སློབ་མར་སློབ་དེབ་སྟེང་སློབ་ཁྲིད་བྱས་ལྟ་བུར་བྱ་བྱེད་ལས་གསུམ་དགར་ཚེ། སློབ་མཁན་དགེ་རྒན་བྱེད་པ་པོ་དང༌།  སློབ་བྱེད་ཀྱི་སློབ་དེབ་བྱེད་པ།  བསླབ་པར་བྱ་བའི་ཡུལ་གྱི་སློབ་མ་བྱ་ཡུལ། བསླབ་བྱའི་སློབ་ཁྲིད་བྱ་བའི་ལས་དང༌། སློབ་མཁན་དགེ་རྒན་དང་སློབ་བྱེད་ཀྱི་སློབ་དེབ་གཉིས་དངོས་པོ་བདག  བསླབ་བྱའི་ཡུལ་དང་བསླབ་བྱ་གཉིས་དངོས་པོ་གཞན་ཡིན།

ཡིག་མཁན་ཞིག་ལ་མཚོན་ན།  ཡིག་མཁན་རང་ཉིད་བྱེད་པ་པོ་དང་འབྲི་བྱེད་སྙུ་གུ་བྱེད་པ་ཡིན། ཡིག་མཁན་གྱིས་སྙུ་གུ་སྤྱད་དེས་བྱ་བའི་ལས་ཡི་གེ་བྲིས་པ་དང༌།  སློབ་མཁན་དགེ་རྒན་གྱིས་སློབ་གཞི་དཔེ་དེབ་སྤྱད་ནས་བསླབ་བྱའི་སློབ་ཚན་བསླབས་པ་གཉིས་རིགས་འགྲེ་ཞིང༌། འབྲི་མཁན་དང་སློབ་མཁན་གཉིས་དངོས་པོ་བདག་དང༌། འབྲི་བྱེད་དང་སློབ་བྱེད་གཉིས་ཀྱང་དངོས་པོ་བདག་ཡིན།

དེ་ལྟ་ན་མཁན་པོས་རྩ་བར་“ཕོ་ནི་འདས་དང་གཞན་སྒྲུབ་ཕྱིར་”ཞེས་སྔོན་འཇུག་གི་ཕོ་བ་ཡིག་དེ་དངོས་པོ་བདག་གཞན་གཉིས་ལས་གཞན་ལ་འཇུག་པ་དམིགས་ཀྱིས་བཀར་བའང་དགོས་པ་དེ་ལྟར་ཡིན་པར་སྙམ། 

མདོར་བསྡུས་ན་བསླབ་ཡུལ་སློབ་མར་བསླབ་བྱའི་རིག་གནས་ཇི་ལྟར་སློབ་དགོས་མིན་རྩ་འཛིན་མཁན་དེ་དགེ་རྒན་དང་འཛིན་བྱེད་དེ་སློབ་གཞི་ཡིན་ཞིང༌། སློབ་གཞི་དེ་སློབ་མཁན་དགེ་རྒན་གྱི་སློབ་བྱེད་ཡིན་པར་བརྟེན་བདག་གཞན་གཉིས་ལས་དངོས་པོ་བདག་ཡིན་དགོས་པ་ཡང་དེ་ལྟར་རེད།

ཡང་གཅིག་བཤད་ན་བསླབ་ཡུལ་སློབ་མར་ལྟོས་ཏེ་སློབ་མཁན་དགེ་རྒན་གྱིས་བསླབ་བྱའི་གནས་གང་ཞིག་ཇི་ལྟར་སློབ་པར་བྱེད་པའི་གཞི་འཛིན་ས་ལ་སློབ་གཞི་ཞེས་བསྙད། སྐབས་འདིར་བསྟན་གྱི་གཞི་ནི་གནས་སམ་རྩ་བའམ་ངོ་མའི་དོན་ཡིན། དཔེར་ན་གཞི་དེབ་ཅེས་པ་མ་དེབ་ལ་གོ་བ་ལྟར་རོ། །

ཡང་འདིར་གསལ་བཤད་ཞུ་རྒྱུ་ཞིག་ལ། འདུལ་བ་ན་བསླབ་གཞི་ཞེས་པ་དང་འདི་གཉིས་གཏན་ནས་མི་འདྲ། དགེ་སློང་རྣམས་ཀྱིས་བསླབ་དགོས་པའི་ཚུལ་ཁྲིམས་ཏེ་སྲུང་བྱ་གཞི་བཅུ་ལ། བསླབ་གཞི་བཅུ་ཞེས་དང༌། དེ་བཞིན་བསླབ་པའི་གཞི་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ཞེས་པ་རྣམས། སློབ་མཁན་ཏེ་དགེ་སློང་རྣམས་ལ་ལྟོས་ཏེ་བྱ་བའི་ལས་ཡིན་སྟབས་བསླབ་གཞི་ཞེས་མིང་གིས་རིགས་པ་དང༌། དེ་བཞིན་སྦྱང་གཞི་ཡང་དེ་དང་མཚུངས། སྦྱོང་མཁན་སློབ་མར་ལྟོས་ཏེ་སྦྱང་བྱ་རྣམས་ལ་སྦྱང་གཞི་ཞེས་ཟེར་དགོས།

སྦྱང་གཞི་ནི་སྦྱང་བྱ་ཡིན་པས་སྦྱོང་མཁན་སློབ་མར་བརྟེན་དགོས་པ་དང༌། སློབ་གཞི་ནི་སློབ་བྱེད་ཡིན་པས་སློབ་མཁན་དགེ་རྒན་ལ་བརྟེན་དགོས་པའི་གནད་ཀྱིས་བོད་ནང་གི་གཞི་རིམ་སློབ་དེབ་ཁག་ཅིག་ཏུ།  བོད་རང་སྐྱོང་ལྗོངས་སློབ་གཞི་རྩོམ་སྒྱུར་ཞེས་དང༌། བོད་རང་སྐྱོང་ལྗོངས་སློབ་གཞི་ཞིབ་བཤེར་ཞེས་འབྱུང་བཞིན་པ་རྣམས་གོང་གསལ་བོད་ཀྱི་བརྡ་སྤྲོད་རྟགས་འཇུག་གི་རྩ་བའི་གཞུང་དང་མཐུན་པར་འདོད་པས་གཟུར་གནས་དཔྱོད་ལྡན་རྣམས་ཀྱིས་དཔྱད་པར་འཚལ་ལོ། །

འབྲེལ་ཡོད་གསར་འགྱུར།

Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

ཆུ་ཚོད་ ༩ སྔོན་ལ།
Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

ཆུ་ཚོད་ ༡༠ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༡ སྔོན་ལ།
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

༢༠༢༥/༠༧/༠༤
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

༢༠༢༥/༠༧/༠༤
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

༢༠༢༥/༠༧/༠༤

མཆན། 32

  1. བདེ་རྒྱལ། says:
    ལོ་ 13 སྔོན།

    རྩོམ་ཡིག་འདིའི་མགོ་བརྗོད་ནས་རྩོམ་པ་པོའི་ཞེ་འདོད་༼སློབ་གཞི་དང་བསླབ་གཞིའི་དོགས་སློང༽་ཞེས་བྲིས་པ་ལྟར་དོགས་གནས་སམ་དཔྱད་གཞིར་བཞག་སྟེ། ཐག་གཅོད་རྒྱ་ཆེ་གཟུར་གནས་མཁྱེན་ལྡན་ཡོངས་ཀྱིས་གནང་དགོས་པ་ཞིག་ལ་རེ་འདུན་མངོན་འདུག་མོད། བགྲོ་གླེང་འདི་ཡི་ནང་གི་ཕྱོགས་སྔ་གཙོ་བོ་ཞིག་ཚ་ཤོད་པ་རེད་འདུག

    Reply
  2. ཚ་ཤོད་ཤེས་རབ། says:
    ལོ་ 13 སྔོན།

    བྱ་གཞུང་དཔལ་རྡོར་མིང་སྙན་པོ་འདུག བྱ་གཞུང་དཔལ་གྱི་རྡོ་རྗེ་ཟེར་གྱི་ཡོད་པ་འདྲ། མིང་དེར་གསན་ཚེ་དམ་པ་ཞིག་མིན་འགྲོ། དམ་པའི་སྐྱེས་མཆོག་གང་ཉིད་ལ་ཞུ་རྒྱུར། ད་ཁྱེད་ཚོས་རྡོ་རྗེ་རིན་ཆེན་ཟམ་གདོང་བླ་མའི་མཉམ་རྩོད་འཇུག་རྒྱུ་ཡིན་པ་འདྲ། དེ་དུས་ང་ཡང་ཟ་དང་ཟུར་ཞིག་ལ་འབོད་རོགས། འདི་ན་ང་ཡིས་གཙོས་རྡོ་རིན་ཆེན་གྱི་འདོད་ཚུལ་འཛིན་མཁན་ཡང་སྐོར་ཞིག་མཆིས། ཁྱེད་རང་གཙོས་ཁྱེད་རང་ལྟར་གྱི་འདོད་ཚུལ་འཛིན་མཁན་ཡང་སྐོར་ཞིག་འདུག སྔ་རྒོལ་ཕྱི་རྒོལ་གཉིས་གྲུབ་མི་འདུག་གམ། དེ་དུས་ཟུར་དཔང་ཡང་སུམ་འགྲེལ་སྨྲ་མཁན་ཁག་ཅིག་གདན་འདྲེན་ཞུ་དགོས་པ་མིན་འགྲོ། སུ་སུ་ལེགས་སམ། ཨ་ལ་རྩེད་མོ་སྟེ་གཏམ་ཀུ་རེའི་ཚུལ་ཡིན། ཁྱེད་ཀྱིས་འདི་འདྲ་ཞིག་ཟེར་གྱི་འདུག་གཱ ༼སློབ་དེབ་ཟེར་དུས་བསླབ་གཞི་དེ་སློབ་བྱེད་ཀྱི་དཔེ་དེབ་ལ་གོ་ཞིང་བསླབ་གཞི་ཟེར་དུས་བསླབ་པར་བྱ་བའི་གནས་ལ་གོ་དགོས། དེར་རྟེན་བསླབ་བྱའི་གནས་དང་བསླབ་གཞི་གཉིས་དོན་གཅིག་པ་ཡིན། བསླབ་གཞི་ཞེས་མིང་འདོགས་དགོས་དོན་བསླབ་གཞི་རྩ་འཛིན་གྱི་སློབ་དེབ་ལ་ལྟོས་ནས་བཏགས་པ་ཞིག་མ་ཡིན་པར་བསླབ་བྱའི་རིག་གནས་ཀྱི་ནང་དོན་གང་དང་གང་གཞིར་བཟུང་དགོས་མིན་ལ་ལྟོས་ནས་བཏགས་པ་རེད། དེས་ན་དངོས་པོ་བདག་གཞན་གཉིས་ལས་གཞན་ཡིན་དགོས།༽ཞེས་པ་འདི་རེད་པཱ། དཔེར་བརྗོད་འདི་བཞིན་རྡོ་རྗེ་རིན་ཆེན་གྱིས་ཀྱང་མ་རེད་ཟེར་གྱི་མི་འདུག ཡིན་ནའང་མི་འདྲ་ས་དེ་མདོར་བསྡུས་ན། རྩ་འཛིན་ཡིག་ཆ་དེ་དགེ་རྒན་གྱི་སློབ་ཕྲུག་ལ་བསླབ་བྱའི་རིག་གནས་སློབ་བྱེད་ཅིག་ཆགས་པར་སོང་། སློབ་གཞི་འབྲི་དགོས་པ་མིན་འགྲོ་ཚང་མས་དཔྱད་རོགས་ཞེས་ཤོད་ཀྱིན་མི་འདུག་གམ། ང་རང་གི་བསམ་ཕྱོགས་ཀྱང་སློབ་གཞི་ཡིན་ཙང་། བགྲོ་གླེང་འདིའི་ཁ་འཛིན་དུ་ཡོང་བ་ལས་རྡོ་རྗེ་རིན་ཆེན་གྱི་ཕྱོགས་འཛིན་བྱས་ནས་བགྲོ་གླེང་ནང་ཞུགས་ཀྱི་མེད།

    Reply
  3. བྱ་གཞུང་དཔལ་རྡོར། says:
    ལོ་ 13 སྔོན།

    རྡོ་རྗེ་རིན་ཆེན་ལགས། མང་པོ་ཞུ་དགོས་ཀྱི་མི་འདུག རང་གིས་བྲིས་པའི་”བསླབ་ཡུལ་སློབ་མར་ལྟོས་ཏེ་སློབ་མཁན་དགེ་རྒན་གྱིས་བསླབ་བྱའི་གནས་གང་ཞིག་ཇི་ལྟར་སློབ་པར་བྱེད་པའི་གཞི་འཛིན་ས་ལ་སློབ་གཞི” ཞེས་པས་གསལ་པོར་བསྟན་འདུག་སྟེ། བསླབ་གཞི་དང་སློབ་དེབ་གཉིས་ཀྱི་བདག་གཞན་འཇུག་སྟངས་མི་འདྲ། སློབ་དེབ་ཟེར་དུས་བསླབ་གཞི་དེ་སློབ་བྱེད་ཀྱི་དཔེ་དེབ་ལ་གོ་ཞིང་བསླབ་གཞི་ཟེར་དུས་བསླབ་པར་བྱ་བའི་གནས་ལ་གོ་དགོས། དེར་བརྟེན་བསླབ་བྱའི་གནས་དང་བསླབ་གཞི་གཉིས་དོན་གཅིག་པ་ཡིན། བསླབ་གཞི་ཞེས་མིང་འདོགས་དགོས་དོན་བསླབ་གཞི་རྩ་འཛིན་གྱི་སློབ་དེབ་ལ་ལྟོས་ནས་བཏགས་པ་ཞིག་མ་ཡིན་པར་བསླབ་བྱའི་རིག་གནས་ཀྱི་ནང་དོན་གང་དང་གང་གཞིར་བཟུང་དགོས་མིན་ལ་ལྟོས་ནས་བཏགས་པ་རེད། དེས་ན་དངོས་པོ་བདག་གཞན་གཉིས་ལས་གཞན་ཡིན་དགོས། ནོར་ས་དེ་བསླབ་གཞི་དེ་སློབ་དེབ་ནང་བཞིན་གྱི་དཔེ་དེབ་ཅིག་ལ་གོ་བ་བླངས་པས་ནོར་བ་ཡིན་ནམ་སྙམ། ཁྱེད་ཀྱིས་ཚིག་གྲུབ་ཅིག་བཟོས་པ་དེའི་ནང་གི་བསླབ་བྱའི་གནས་ཟེར་བ་དེ་ནི་བསླབ་གཞི་ཡིན་པ་མ་ཤེས་པ་དེ་དངོས་གནས་ཁྱེད་ཀྱིས་ཐུགས་ཉམས་གཞག་མི་འདུག གལ་སྲིད་ཁྱེད་ཀྱིས་རྩོད་སྟངས་དེ་འདྲ་ཞིག་ཟམ་གདོང་རིན་པོ་ཆེའི་མདུན་སར་སླེབས་ཚེ་དངོས་གནས་ངོ་གནོང་བ་ཞིག་བཟོས་ཡོང་། ལངས་རྒྱུ་མེད་ནི་ཞིག་བཟོ་རྒྱུ་རེད་ཡ།

    Reply
  4. ཚ་ཤོད་ཤེས་རབ། says:
    ལོ་ 13 སྔོན།

    དེད་དཔོན་ལ་ཞུ་རྒྱུར། ལས་བྲེལ་བར་གསང་ནས་ཁྱེད་ཀྱི་མཆན་ལ་ལྟ་ནོར་ཤོར་འདུག རེད། ཁྱེད་ཀྱིས་འདི་ལྟར་ལབ་འདུག་གཱ༼སློབ་དེབ་ཅེས་པ་འདི་དངོས་པོ་གཞན་ཡིན་ཡང་བསླབ་དེབ་མི་ཟེར་པའི་རྒྱུ་མཚན་དམིགས་བསལ་བཤད་དུ་མེད། འདི་བརྗོད་བདེ་བའི་དབང་གིས་མིང་འདི་རིག་གནས་གསར་བརྗེ་བྱུང་བའི་རྗེས་སུ་བཏགས་པ་རེད། སྔོན་གྱི་དུས་སུ་འདིའི་ཐ་སྙད་འདི་མེད།༽ཅེས་པ་འདི་རེད། ལྟ་ནོར་ཤོར་བའི་ཐད་དགོངས་སེལ་ཞུ་བ་དང་འབྲེལ་དེ་ཐད་གསལ་ཞིག་བཤད་འདོད་བྱུང་། སློབ་དེབ་ཅེས་པ་འདི་རིག་གསར་གྱི་རྗེས་སུ་བྱུང་ཡང་མ་བྱུང་ཡང་། གཙོ་བོ་དེ་བདག་གཞན་གྱི་དགོངས་པ་དང་བསྟུན་དགོས་པ་ཞིག་མ་རེད་དམ། གོང་བརྗོད་བཞིན་བདག་གཞན་གྱི་རྣམ་གཞག་འདི། བོད་སྔ་རབས་ནས་རིམ་བཞིན་རྡོ་ལག་བརྒྱུད་བཞིན་གྱི་ཁྲིད་རྒྱུན་རྒྱུད་པ་མ་ཉམས་པར་ཡོང་ཡོད་སྟབས། སློབ་དེབ་ཅེས་པའི་བརྡ་སྦྱོར་བྱེད་སྟངས་དེ་ཡང་བདག་གཞན་གྱི་དབང་གིས་བརྡ་སྦྱོར་བྱེད་སྟངས་ཤིག་རེད། རིག་གསར་གྱི་རྗེས་སུ་མིང་བྱུང་མ་བྱུང་ཞིག་ལ་འབྲེལ་བ་འདུག་གམ།
    གཉིས་པ།༼བདག་གཞན་གྱི་རྣམ་གཞག་འདིའི་སྐབས་སུ་བོད་ཀྱི་སུམ་འགྲེལ་མཁན་པོ་རྣམས་ལུང་རིགས་ཀྱི་རྩེད་བྲོ་འཁྲབ་ས་རྗེས་སུ་སྤྱན་འབུལ་ཞུ་ངེས་ཡིན༽ཞེས་པ་ལྟར། ཁྱེད་ལ་ཤོད་རྒྱུ་ཡོད་ན་ཤོད་དང་། ང་ཚོས་རིམ་གྱིས་བགྲོ་གླེང་བྱ། གཞོན་དུས་ནས་བགྲོ་གླེང་བྱ་རྒྱུར་དགའ་མཁན་ཞིག་ཡིན། གོ་སྐབས་དེ་ང་ལ་མཚོན་ན་མ་འཐོབ་པའི་དཀའ་ངལ་ཡོད། མ་གཞི་སུམ་འགྲེལ་མཁན་པོ་རྣམས་བྱ་བྱེད་ཀྱི་རྣམ་གཞག་རེ་ཟུང་ཐད་དགོངས་པ་མི་མཐུན་པ་བྱུང་ཡོད། དེ་ལ་བདག་གཞན་གྱི་རྣམ་གཞག་ཐད་དགོངས་པ་མི་མཐུན་པ་ཞེས་ཆེན་པོར་སྒྲོ་བཏགས་ན་མི་ལེགས། དེ་གཅིག་ཡིན།
    གསུམ་པ་དེ། ཁྱེད་ལ་འདྲི་རྒྱུ་ཞིག་ཡོད། ཅི་ཕྱིར་གཏམ་རྗོད་པ་པོ་དང་། རྗོད་བྱེད་ཀྱི་ལྕེ་ཞེས་རྗོད་གཉིས་ལ་སྔོན་འཇུག་བ་ཡིག་མ་བྲིས་པ་རེད། དེ་གསལ་བོར་ཤེས་ན། སློབ་མཁན་དགེ་རྒན་དང་། སློབ་བྱེད་སློབ་དེབ་གཉིས་ལ་སྔོན་འཇུག་བ་ཡིག་མ་བྲིས་པའི་རྒྱུ་མཚན་གཅིག་མ་གཏོགས་མེད་ལ། དེ་གཉིས་རྒྱུ་མཚན་གཅིག་པ་ཡིན། དེ་ཤེས་པ་ལ་བདག་གཞན་གྱི་རྣམ་གཞག་དེ་ཞིབ་ཏུ་ཤེས་དགོས་ཞེས་ངས་ཡང་ཡང་ཤོད་བཞིན་ཡོད། ང་ཚོ་རྩོད་གླེང་བྱེད་སྐབས་རྩ་བ་འོལ་ནས་ཡལ་ག་མ་རྒྱས་ན་ལེགས། གཙོ་བོ་རྩོད་གཞི་སྒང་ལ་འབབ་དགོས།
    སྨྲས་པ།
    སྔོན་གྱི་དྲན་དབང་ཉི་ཟླའི་ཚོགས་རྣམས་རིམ་གྱིས་ནུབ་རིའི་ཕག་ཏུ་འཆེལ།།
    གང་ན་བོད་ཀྱི་དབྱངས་གསལ་སྦྱོར་བ་མ་དག་བྱེ་མའི་ཕུང་བོར་འགྲན།།
    མ་རྟོགས་པ་དང་ལོག་པར་རྟོག་རྣམས་ཤ་རུལ་ཐད་ཀྱི་སྦྲང་ཐ་བཞིན།།
    ཙབ་ཙུབ་ཆེ་ལས་ལེགས་བཤད་ནོར་བུ་རི་བོང་རྭ་ཡི་རྗེས་སུ་སྙེག།

    Reply
  5. ཚ་ཤོད་ཤེས་རབ། says:
    ལོ་ 13 སྔོན།

    དེད་དཔོན་ལ་ཞུ་རྒྱུར། ལས་བྲེལ་བར་གསང་ནས་ཁྱེད་ཀྱི་མཆན་ལ་ལྟ་ནོར་ཤོར་འདུག རེད། ཁྱེད་ཀྱིས་འདི་ལྟར་ལབ་འདུག་གཱ༼སློབ་དེབ་ཅེས་པ་འདི་དངོས་པོ་གཞན་ཡིན་ཡང་བསླབ་དེབ་མི་ཟེར་པའི་རྒྱུ་མཚན་དམིགས་བསལ་བཤད་དུ་མེད། འདི་བརྗོད་བདེ་བའི་དབང་གིས་མིང་འདི་རིག་གནས་གསར་བརྗེ་བྱུང་བའི་རྗེས་སུ་བཏགས་པ་རེད། སྔོན་གྱི་དུས་སུ་འདིའི་ཐ་སྙད་འདི་མེད།༽ཅེས་པ་འདི་རེད། ལྟ་ནོར་ཤོར་བའི་ཐད་དགོངས་སེལ་ཞུ་བ་དང་འབྲེལ་དེ་ཐད་གསལ་ཞིག་བཤད་འདོད་བྱུང་། སློབ་དེབ་ཅེས་པ་འདི་རིག་གསར་གྱི་རྗེས་སུ་བྱུང་ཡང་མ་བྱུང་ཡང་། གཙོ་བོ་དེ་བདག་གཞན་གྱི་དགོངས་པ་དང་བསྟུན་དགོས་པ་ཞིག་མ་རེད་དམ། གོང་བརྗོད་བཞིན་བདག་གཞན་གྱི་རྣམ་གཞག་འདི། བོད་སྔ་རབས་ནས་རིམ་བཞིན་རྡོ་ལག་བརྒྱུད་བཞིན་གྱི་ཁྲིད་རྒྱུན་རྒྱུད་པ་མ་ཉམས་པར་ཡོང་ཡོད་སྟབས། སློབ་དེབ་ཅེས་པའི་བརྡ་སྦྱོར་བྱེད་སྟངས་དེ་ཡང་བདག་གཞན་གྱི་དབང་གིས་བརྡ་སྦྱོར་བྱེད་སྟངས་ཤིག་རེད། རིག་གསར་གྱི་རྗེས་སུ་མིང་བྱུང་མ་བྱུང་ཞིག་ལ་འབྲེལ་བ་འདུག་གམ།
    གཉིས་པ།༼བདག་གཞན་གྱི་རྣམ་གཞག་འདིའི་སྐབས་སུ་བོད་ཀྱི་སུམ་འགྲེལ་མཁན་པོ་རྣམས་ལུང་རིགས་ཀྱི་རྩེད་བྲོ་འཁྲབ་ས་རྗེས་སུ་སྤྱན་འབུལ་ཞུ་ངེས་ཡིན༽ཞེས་པ་ལྟར། ཁྱེད་ལ་ཤོད་རྒྱུ་ཡོད་ན་ཤོད་དང་། ང་ཚོས་རིམ་གྱིས་བགྲོ་གླེང་བྱ། གཞོན་དུས་ནས་བགྲོ་གླེང་བྱ་རྒྱུར་དགའ་མཁན་ཞིག་ཡིན། གོ་སྐབས་དེ་ང་ལ་མཚོན་ན་མ་འཐོབ་པའི་དཀའ་ངལ་ཡོད། མ་གཞི་སུམ་འགྲེལ་མཁན་པོ་རྣམས་བྱ་བྱེད་ཀྱི་རྣམ་གཞག་རེ་ཟུང་ཐད་དགོངས་པ་མི་མཐུན་པ་བྱུང་ཡོད། དེ་ལ་བདག་གཞན་གྱི་རྣམ་གཞག་ཐད་དགོངས་པ་མི་མཐུན་པ་ཞེས་ཆེན་པོར་སྒྲོ་བཏགས་ན་མི་ལེགས། དེ་གཅིག་ཡིན།
    གསུམ་པ་དེ། ཁྱེད་ལ་འདྲི་རྒྱུ་ཞིག་ཡོད། ཅི་ཕྱིར་གཏམ་རྗོད་པ་པོ་དང་། རྗོད་བྱེད་ཀྱི་ལྕེ་ཞེས་རྗོད་གཉིས་ལ་སྔོན་འཇུག་བ་ཡིག་མ་བྲིས་པ་རེད། དེ་གསལ་བོར་ཤེས་ན། སློབ་མཁན་དགེ་རྒན་དང་། སློབ་བྱེད་སློབ་དེབ་གཉིས་ལ་སྔོན་འཇུག་བ་ཡིག་མ་བྲིས་པའི་རྒྱུ་མཚན་གཅིག་མ་གཏོགས་མེད་ལ། དེ་གཉིས་རྒྱུ་མཚན་གཅིག་པ་ཡིན། དེ་ཤེས་པ་ལ་བདག་གཞན་གྱི་རྣམ་གཞག་དེ་ཞིབ་ཏུ་ཤེས་དགོས་ཞེས་ངས་ཡང་ཡང་ཤོད་བཞིན་ཡོད། ང་ཚོ་རྩོད་གླེང་བྱེད་སྐབས་རྩ་བ་འོལ་ནས་ཡལ་ག་མ་རྒྱས་ན་ལེགས། གཙོ་བོ་རྩོད་གཞི་སྒང་ལ་འབབ་དགོས།
    སྨྲས་པ།
    སྔོན་གྱི་དྲན་དབང་ཉི་ཟླའི་ཚོགས་རྣམས་རིམ་གྱིས་ནུབ་རིའི་ཕག་ཏུ་འཆེལ།།
    གང་ན་བོད་ཀྱི་དབྱངས་གསལ་སྦྱོར་བ་མ་དག་བྱེ་མའི་ཕུང་བོར་འགྲན།།
    མ་རྟོགས་མ་དང་ལོག་པར་རྟོག་རྣམས་ཤ་རུལ་ཐད་ཀྱི་སྦྲང་ཐ་བཞིན།།
    ཙབ་ཙུབ་ཆེ་ལས་ལེགས་བཤད་ནོར་བུ་རི་བོང་རྭ་ཡི་རྗེས་སུ་སྙེག།

    Reply
  6. དེད་དཔོན། says:
    ལོ་ 13 སྔོན།

    ཚ་ཤོད་ཤེས་རབ་ལ་ཞུ་རྒྱུར།
    ཁྱེད་ཀྱིས་ངའི་མཆན་ལ་ཞིབ་གཟིགས་གནང་མི་འདུག ༼བདག་གཞན་གྱི་རྣམ་གཞག་རིག་གསར་སྔ་རྗེས་ཀྱི་མིང་བརྡ་བྱུང་ཚུལ་༽རེད་སུ་གཅིག་གིས་བཤད་ཀྱི་ཡོད་མ་རེད།
    ༼སློབ་དེབ༽་ཅེས་པའི་མིང་འདི་ལ་བསྙད་ཀྱི་ཡོད། འདི་རིག་གསར་རྗེས་སུ་བཏགས་པ་རེད་ཅེས་བཤད་ཀྱི་ཡོད། དགོད་ཁ་སློང་བྱེད་ཀྱི་ལན་མ་གསུངས། གཞན་ཡང་བདག་གཞན་རྣམ་གཞག་སྐབས་སུ་དགོངས་པ་མི་མཐུན་ས་མེད་གསུངས་འདུག་ཀྱང་། བདག་གཞན་གྱི་རྣམ་གཞག་འདིའི་སྐབས་སུ་་བོད་ཀྱི་སུམ་འགྲེལ་མཁན་པོ་རྣམས་ལུང་རིགས་ཀྱི་རྩེད་བྲོ་འཁྲབ་ས་རྗེས་སུ་སྤྱན་འབུལ་ཞུ་ངེས་ཡིན། ཁྱེད་ཀྱིས་གསུངས་པ་བཞིན་ཉིན་ཤས་དུས་ཚོད་ཀྱི་རྐྱེན་པས་མཚམས་འཇོག་ངེས་ཡིན།

    Reply
  7. ཚ་ཤོད་ཤེས་རབ། says:
    ལོ་ 13 སྔོན།

    རྡོ་འཇམ་ཚུལ་ལ་ཞུ་རྒྱུར།
    བསྡད་པ་བྱེད་མེད་ལས་ཚིག་ཡིན་པ་ཕལ་ཆེར་བོད་པའི་གནག་རྫི་དག་གིས་ཀྱང་མཁྱེན་སླ་བ་རེད། ཁྱེད་ཀྱིས་རྐང་བཙུགས་ཏེ་མི་འདོད་པ་ནན་གྱིས་བཟུང་ནས་རྡོ་རྗེ་རིན་ཆེན་ས་ལ་བསྡད་ཟེར་ནའང་བྱ་བྱེད་ཡོད་པར་ཐལ་བ་ཕངས་སྟབས། ངས་ཀྱང་ཁྱེད་ལ་ངར་སློང་བ་དང་ཁྱེད་ཀྱི་ཤེས་ཚད་ལ་ཚོད་བསྒམ་ཕྱིར་མི་འདོད་པ་ནན་བཟུང་བྱས་པ་ཡིན། དེ་ཙམ་ཡང་མཁྱེན་གྱིན་མེད་པ་འདྲ། ཁྱེད་ཀྱིས་དོན་ངོ་མ་ཤེས་འདོད་ན་འདི་ལྟར་རེད། རྡོ་འཇམ་ཚུལ་ས་ལ་བསྡད་ཟེར་ན། རྡོ་འཇམ་ཚུལ་བྱ་བྱེད་ལས་གསུམ་ལས་སྡོད་པ་པོ་སྟེ་དངོས་པ་བདག་ཡིན་ནའང་། བསྡད་བྱ་འདི་ཟེར་བ་ཞིག་མེད་སྟབས་དེ་འདྲ་ལ་སི་ཏུའི་ཡབ་སྲས་ཀྱི་རིང་ལུགས་ལྟར་ན་བདག་དོན་ཕལ་བ་ཟེར་གྱི་རེད། གནས་སྐབས་འདི་ཙམ་ཡིན། ཁ་སང་དེ་རིང་བོད་ནང་གི་གནས་སྟངས་ཀྱིས་རྐྱེན་པས་རེ་ཞིག་འདི་སྐོར་གླེང་སློང་མཚམས་འཇོག་གི་ཡིན།
    རྗེས་སོར་ཁོམ་པ་ཡོད་དུས་ཞིབ་ཏུ་གླེང་ངེས་ཡིན།

    Reply
  8. ཚ་ཤོད་ཤེས་རབ། says:
    ལོ་ 13 སྔོན།

    རྡོ་འཇམ་ཚུལ་ལ་ཞུ་རྒྱུར།
    བསྡད་པ་བྱེད་མེད་ལས་ཚིག་ཡིན་པ་ཕལ་ཆེར་བོད་པའི་གནག་རྫི་དག་གིས་ཀྱང་མཁྱེན་སླ་བ་རེད། ཁྱེད་ཀྱིས་རྐང་བཙུགས་ཏེ་མི་འདོད་པ་ནན་གྱིས་བཟུང་ནས་རྡོ་རྗེ་རིན་ཆེན་ས་ལ་བསྡད་ཟེར་ནའང་བྱ་བྱེད་ཡོད་པར་ཐལ་བ་ཕངས་སྟབས། ངས་ཀྱང་ཁྱེད་ལ་ངར་སློང་བ་དང་ཁྱེད་ཀྱི་ཤེས་ཚད་ལ་ཚོད་བསྒམ་ཕྱིར་མི་འདོད་པ་ནན་བཟུང་བྱས་པ་ཡིན། དེ་ཙམ་ཡང་མཁྱེན་གྱིན་མེད་པ་འདྲ། ཁྱེད་ཀྱིས་དོན་ངོ་མ་ཤེས་འདོད་ན་འདི་ལྟར་རེད། རྡོ་འཇམ་ཚུལ་ས་ལ་བསྡད་ཟེར་ན། རྡོ་འཇམ་ཚུལ་བྱ་བྱེད་ལས་གསུམ་ལས་སྡོད་པ་པོ་སྟེ་དངོས་པ་བདག་ཡིན་ནའང་། བསྡད་བྱ་འདི་ཟེར་བ་ཞིག་མེད་སྟབས་དེ་འདྲ་ལ་སི་ཏུའི་ཡབ་སྲས་ཀྱི་རིང་ལུགས་ལྟར་ན་བདག་དོན་ཕལ་བ་ཟེར་གྱི་རེད། གནས་སྐབས་འདི་ཙམ་ཡིན། ཁ་སང་དེ་རིང་བོད་ནང་གི་གནས་སྟངས་ཀྱིས་རྐྱེན་པས་རེ་ཞིག་འདི་སྐོར་གླེང་སློང་མཚམས་འཇོག་གི་ཡིན།
    རྗེས་སོར་ཁོམ་པ་ཡོད་དུས་ཞིབ་ཏུ་གླེང་ངེས་ཡིན།

    Reply
  9. རྡོ འཇམ་ཚུལ། says:
    ལོ་ 13 སྔོན།

    ཚ་ཤོད་ཤེས་རབ་ལ་བཤད་རྒྱུར། ངས་ང་རང་གི་སྐད་ཆ་སྔར་བཞིན་ལས་འགྱུར་བ་གང་ཡང་བཏང་མེད། སྔར་དང་མི་འདྲ་བའི་ཡར་རྒྱས་ལ་སོང་བའི་རྣམ་པ་གསར་བ་ཞིག་གང་ཡང་མེད། དྲང་མོར་བཤད་ན་ད་ལྟའི་ཁྱོད་ཀྱི་ཤེས་ཚད་ཀྱིས་ང་ལ་ཡར་རྒྱས་ཡོད་མེད་ཀྱི་ཚད་ཐིག་གཞལ་བའི་ཐོབ་ཐང་དེ་མི་འདུག ངས་སྔར་ནས་བཤད་ཟིན། བསྡད་ཅེས་པའི་ལས་ཚིག་འདི་བྱེད་འབྲེལ་ལས་ཚིག་རེད་ཅེས་ཟེར་བ་ནས་བཟུང་ངས་ཁྱོད་ལ་ཟུར་བལྟས་ལེབ་མཐོང་བྱུང་སོང་ཞེས་བཤད་པ་ཡིན།

    Reply
  10. ཚ་ཤོད་ཤེས་རབ། says:
    ལོ་ 13 སྔོན།

    རྡོ་འཇམ་ཚུལ་གྱི་གཤིས་སྤྱོད་དང་བདག་གཞན་གོ་དོན་ཐད་ཡར་རྒྱས་ལ་སོང་འདུག
    སློབ་སྦྱོང་གྱིས། མཁས་པ་གཞན་ལའང་དྲིས་དང་རིམ་གྱིས་ཤེས་རྒྱུ་ཞིག་ཡོང་།

    Reply
  11. ཚ་ཤོད་ཤེས་རབ། says:
    ལོ་ 13 སྔོན།

    དེད་དཔོན་མིང་ཅན་ལ་ཞུ་རྒྱུར། བར་ལམ་རང་རེའི་བརྡ་སྤྲོད་ཀྱི་དབུ་འཕང་སྨད་བཞིན་པའི་འདི་དུས་ལ། རྡོ་རྗེ་རིན་ཆེན་གྱིས་སློབ་གཞི་དང་བསླབ་གཞིའི་དོགས་སློང་བྱས་པ་དང་། འོ་ཅག་བགྲོ་གླེང་གིས་ཁ་འཛིན་བྱེད་ཅི་ཐུབ་བྱས་པ་ཚང་མ་ཡར་རྒྱས་ཀྱི་མངོན་རྟགས་ཤིག་ལ་སྒོམ་ཡོད། སྐབས་དོན་བདག་
    གཞན་གྱི་རྣམ་གཞག་ཐད་བོད་སྔ་རབས་དང་ཕྱི་རབས་ཀྱི་སུམ་འགྲེལ་སྨྲ་མཁན་ཚང་མའི་དགོངས་པ་གཅིག་མཐུན་ལས་མི་མཐུན་པ་མེད། བརྡ་སྤྲོད་ཀྱི་རྣམ་གཞག་རེ་འགའི་ཐད་མཁས་པ་སོ་སོར་དགོངས་པ་འགྲེལ་ཚུལ་ཡོད་པ་དེ་བདག་གཞན་སྒང་ལ་བཙན་སྦྱར་བྱས་ན། མི་ཤེས་མཁན་ཞིག་གིས་བདེན་སྙམ་སྲིད་ཀྱང་ཤེས་མཁན་ཚང་མ་རང་མཚང་འབྱིན་བྱེད་ལས་མ་འདས། ཁྱེད་རང་གིས་བསམ་བློ་ཞིབ་མོ་ཞིག་ཐོངས། བདག་གཞན་གྱི་རྣམ་གཞག་རིག་གསར་སྔ་རྗེས་ཀྱི་མིང་བརྡ་བྱུང་ཚུལ་ཞིག་ལ་བསྙད་ན་དངོས་ནས་དགོད་ཁ་སློང་བྱེད་ཅིག་རེད། བརྡ་སྤྲོད་རྣམ་གཞག་འདི་བོད་སྔ་རབས་ནས་རིམ་བཞིན་རྡོ་ལག་བརྒྱུད་བཞིན་ཁྲིད་རྒྱུན་གྱི་རྒྱུད་མ་ཉམས་པར་ཡོང་ཡོད་སྟབས་ཆུ་མགོ་གངས་ཀྱི་དཔེ་རེད།
    ལར་ནས་ཁྱེད་ཀྱིས་དངོས་པོ་བདག་ཡིན་ན་བྱེད་པ་པོ་ཁོ་ན་ཡིན་པར་བསམ་འདུག ཁྱེད་རང་ཡང་བདག་གཞན་ཐད་རྒྱུས་མྱོང་མེད་མཁན་ཞིག་ཡིན་པ་མཚོན་ཐུབ། བདག་དོན་ལ་བདག་དོན་གཙོ་བོ་དང་ཕལ་བ། བྱེད་པ་པོ་དང་། བྱེད་པ་བཅས་སོ་སོར་ཡོད་པ་རེད། བྱེད་པ་པོ་གཙོ་ཕལ་གྱི་དཔེར་ནི། སློབ་མཁན་དགེ་རྒན་བྱེད་པ་པོ་དང་། སློབ་བྱེད་སློབ་དེབ་བྱེད་པ། བསླབ་ཡུལ་སློབ་མ་བྱ་ཡུལ། བསླབ་བྱའི་རིག་གནས་བྱ་བའི་ལས་རེད། དེའི་ཁྲོད་ཀྱི་སློབ་དེབ་བྱེད་པ་ཡིན། དཔེར་ན་ཤིང་མཁན་དང་སྟ་རེའི་དཔེ་བཞིན། རྒྱུ་མཚན་དེ་འདྲར་བརྟེན་བདག་དོན་གྱི་བརྡ་སྦྱོར་སློབ་དེབ་ཅེས་མིང་བྱུང་ཞིང་། མིང་དེ་རྟགས་འཇུག་གཞུང་གི་རྩ་བའི་ཚིག་ཟིན་ལ་བསྟུན་པ་ཞིག་ལས་རིག་གསར་སྔ་རྗེས་ཀྱི་གནད་དོན་ཞིག་ལ་གཡས་ཁག་གཡོན་དཀྲིས་བྱེད་སྟངས་དེ་གཟུར་གནས་ཀྱི་བྱེད་སྟངས་ཤིག་མ་རེད། དཔེ་དེ་བཞིན་དཔེ་སྐྲུན་ཁང་ཞེས་སྐྲུན་ལ་སྔོན་འཇུག་མི་འཇོག་པའི་རྒྱུ་མཚན་ཡང་སྐྲུན་བྱེད་དངོས་པོ་བདག་ཡིན་པས་རེད། པར་དུ་བསྐྲུན་ཟེར་ན་བྱ་བའི་ཆ་ནས་དུས་འདས་པ་ཡིན་ཙང་། ཕོ་ནི་འདས་དང་གཞན་སྒྲུབ་ཀྱི་དགོངས་དོན་བཞིན་འདས་ཚིག་བསྐྲུན་བྲིས་པ་རེད། ཁྱེད་ཀྱི་ཟེར་ན། ཅི་ཕྱིར་དཔེ་སྐྲུན་ཁང་ལ་སྔོན་འཇུག་མ་བཞག་པ་རེད། དེ་ཡང་རིག་གསར་གྱི་ཁྱད་པར་ཞིག་མིན་འགྲོ།
    ཨ་ལ་ཀུ་རེ་ཡིན།

    མཁས་གྲགས་འདོད་པས་བྲིས་པ་མ་ལགས་རང་རེའི་བརྡ་ལ་དུང་བས་ཡིན།།
    དགོས་མེད་ཚིག་ཚོགས་སྤྲོས་པ་མ་ཡིན་ཐོན་མིའི་དགོངས་པ་སྟོན་ཕྱིར་ཡིན།།
    དེང་གི་དུས་འདིར་གཟུར་བོར་གནས་ཤིང་དོན་དང་མཐུན་པའི་གཏམ་སྨྲ་ཉུང་།།
    གང་ཞིག་བདེན་མིན་དྲན་དབང་ཚོགས་ཀྱིས་ཁྲུན་ཐག་བརྡར་ཤ་བཅད་ལ་ ལེགས།།

    Reply
  12. རྡོ འཇམ་ཚུལ། says:
    ལོ་ 13 སྔོན།

    ངས་བཤད་དགོས་པ་དང་གང་ཤེས་པ་དེ་དག་གླེང་སྟེགས་འདི་དང་མཐུན་པ་ཞིག་བཤད་ཡོད། མ་ཟད་དེ་དག་ཁུངས་མེད་རྡོལ་གཏམ་བྱས་པའང་མེད། ཚ་ཤོད་པ་ཁོ་རང་གིས་ཅིག་ཡིན་བསམ་ཡོད་ན་དེ་གིས་འགྲིགས་པ་རེད། འོན་ཀྱང་རིག་འདོན་པ་དེད་དཔོན་གྱི་བསམ་ཚུལ་ལ་བརྟེན་ནས་ངས་ཀྱང་བཤད་འདོད་པ་ནི་སློབ་དེབ་ཅེས་པའི་ཐ་སྙད་འདིའི་གོ་དོན་ལ་སྐྱར་དུ་བསམ་ཚུལ་ལམ་དཔྱད་གཞི་ཞིག་འབུལ་འདོད་བྱུང་།
    ངས་སྔར་ཡང་བཤད་ཡོད། དགེ་རྒན་གྱིས་སློབ་མར་སློབ་དེབ་སྟེང་སློབ་ཁྲིད་བྱས་ཞེས་པའི་སློབ་དེབ་ཅེས་པ་ནི་མིང་ཙམ་དང་གང་བསླབ་རྒྱུའི་དངོས་པོ་ཡིན་པས་ལས་དང་། སློབ་མཁན་དགེ་རྒན་ལས་གཞན་ཡིན་པས་དངོས་པོ་གཞན་ཟེར་དགོས་ཞེས་བཤད་ཡོད། དེས་ན་མིང་ཡིན་པའི་རྒྱུ་མཚན་ཡང་འདི་ལྟར་སེམས་ཏེ། སློབ་མཁན་གང་གིས་བསླབ་པར་བྱ་པའི་དེབ་དེ་ལ། བསྡུས་ནས་སློབ་དེབ་ཅེས་སྙད་པ་ཡིན་པར་སེམས་ཡོད། དེས་སྟབས་ཀྱིས་སློབ་དེབ་ཅེས་པའི་ཚིག་ཟུར་གྱི་སློབ་དེ་གཞན་ལས་སློབ་ནའང་འདྲ། གཞན་ལ་སློབ་ནའང་འདྲ་གང་ལྟར་སློབ་མཁན་ལ་གོ་དགོས་པས་མདོར་བསྡུས་ན་སློབ་མཁན་གྱི་དེབ་ཅེས་འབོད་པ་ལ་དྲུག་སྒྲ་བསྡུས་ནས་སློབ་དེབ་ཅེས་སྙད་པར་སེམས་ཡོད་པས་བདེན་ནམ་མི་བདེན་རང་ཚོས་དཔྱོད་པར་འཚལ།

    Reply
  13. དེད་དཔོན། says:
    ལོ་ 13 སྔོན།

    དྲ་གྲོགས་ཚ་ཤོད་ཤེས་རབ་ལ་བསྙད་པ།
    ཁྱེད་སུམ་རྟགས་མཁས་པོ་ཡིན་མདོག་གནང་འདུག་པས་ཅུང་ཟད་ཞུ་འདོད་བྱུང་། ཕོ་ནི་འདས་དང་གཞན་སྒྲུབ་ཕྱིར།། སོགས་ཀྱི་སྐབས་སུ་བསྟན་པའི་བདག་གཞན་དུས་གསུམ་གྱི་རྣམ་གཞག་ལ་བོད་ཀྱི་མཁས་པ་རྣམས་འདོད་པ་མི་མཐུན་པ་སྣ་ཚོགས་རེད། དཔེ་བརྗོད་འཇོག་སྟངས་ཀྱང་མི་འདྲ་བ་ཡོད། ཡོན་ཀྱང་ཡོངས་གྲགས་ཀྱི་བདག་གཞན་ངོས་འཛིན་ལུགས་ནི། བྱ་བ་གང་ཞིག་ལ་འཇུག་པ་ན། བྱེད་པ་པོ་ལ་བདག་དང་། བྱ་བའི་ཡུལ་ལ་གཞན་ཞེས་འདོགས་ལ། དེ་ལྟ་བུའི་བྱེད་པ་པོ་དང་འབྲེལ་བའི་ལས་ལ་བྱེད་པ་དང་། བྱ་བའི་ཡུལ་དང་འབྲེལ་བའི་ལས་ལ་བྱ་བ་ཞེས་འདོགས། དེས་ན་ཁྱེད་ཀྱིས་བདག་གཞན་ངོས་འཛིན་ལུགས་འདི་འགྲིག་འདུག་གམ། སློབ་དེབ་ཅེས་པ་འདི་དངོས་པོ་གཞན་ཡིན་ཡང་བསླབ་དེབ་མི་ཟེར་པའི་རྒྱུ་མཚན་དམིགས་བསལ་བཤད་དུ་མེད། འདི་བརྗོད་བདེ་བའི་དབང་གིས་མིང་འདི་རིག་གནས་གསར་བརྗེ་བྱུང་བའི་རྗེས་སུ་བཏགས་པ་རེད། སྔོན་གྱི་དུས་སུ་འདིའི་ཐ་སྙད་འདི་མེད། ཁྱེད་ཀྱིས་སློབ་དེབ་ཅེས་པའི་མིང་ཞིག་ལ་འཁྲུལ་ནས་དངོས་པོ་བདག་ཡིན་པར་སྒྲུབ་འདུག་ཀྱང་། དོན་དུ་འདི་བྱེད་པ་པོ་ཡིན་པར་སྒྲུབ་པ་དང་གཅིག་མཚུངས་རེད། སློབ་དེབ་བྱེད་པ་པོ་ཡིན་མིན་ནི་མཁས་བླུན་སུས་ཀྱང་ཤེས་ནུས་སོ།། ཁྱེད་ཀྱིས་སློབ་དེབ་དངོས་པོ་བདག་ཡིན་པར་སྒྲུབ་རྗེས་༼༼གངས་རིའི་ལྗོངས་ཀྱི་རིག་པ་སྨྲ་བ་ཚང་མས་བསླབ་དེབ་མི་ཟེར་བར་སློབ་དེབ་ཅེས་བསྙད་པ་རེད། ༽༽གསུངས་འདུག་ཀྱང་གངས་རིའི་ལྗོངས་ཀྱི་རིགས་པ་སྨྲ་བ་ཚང་མ་ཟེར་ཡག་དེ་སྨན་ཀུན་ཚོགས་ཀྱི་དཔེ་ལྟར་ཡི་ན་རྒྱུ་རེད་དེ། དོན་དུ་ད་གིན་ཞུས་པ་བཞིན་དུ་སློབ་དཔོན་ཐུ་མའི་རིག་གཞུང་ལ་རིན་ཐང་ཆེན་པོ་མི་རྩི་མཁན་དག་གིས་མིང་འདི་བཏགས་པ་རེད། དེས་ན་མིང་ཆུང་ངུ་ཞིག་གི་དོན་དུ་བོད་ཀྱི་ཡིག་རིགས་ཀུན་གྱི་མ་ཕྱི་འདི་ལ་ལྷད་བཙུད་པར་འདོད་དམ།

    ཚིག་གི་མཚོན་རྩེ་གཏོད་པ་མ་ཡིན་དོན་གྱི་གནས་ལུགས་ཞུས་པ་ཡིན།།
    རང་དང་གཞན་གྱི་ཕྱོགས་འཛིན་མ་ཡིན་ཐུ་མིའི་དགོངས་དོན་རྟོགས་ཕྱིར་ཡིན།།
    བདག་དང་གཞན་གྱི་རྣམ་གཞག་འདི་ཚོ་རིག་གཞུང་འདི་ཡི་དཀའ་གནད་ཡིན།།
    འདི་ལ་བགྲོ་དང་གླེང་མོ་ཡོད་ན་ནམ་ཡང་སུན་པ་མི་སྐྱེད་དོ།།

    Reply
  14. ཚ་ཤོད་ཤེས་རབ། says:
    ལོ་ 13 སྔོན།

    ཧ་ཧ་་་་་རྡོ་འཇམ་ཚུལ་ཡིན་ན་འདི། ཇི་འདྲའི་གླེན་པ་ཨུ་ཚུགས་ཅན་དང་། རིག་པ་གཏི་ཐིག་ཅན་ཞིག་ཨང་། ཁྱེད་ཀྱིས་བདག་གཞན་གཏན་ནས་ཤེས་ཀྱི་མི་འདུག གལ་སྲིད་བདག་གཞན་ཤེས་ཀྱིན་ཡོད་ན། སློབ་དེབ་ཅེས་པའི་གདགས་གཞི་དེ་གཅིག་པོ་སྟེང་ནས་སློབ་དེབ་དངོས་པོར་བདག་ཏུ་གྲུབ་ཡོད་པ་དེ་ཤེས་དགོས། སློབ་དེབ་བདག་གཞན་གཉིས་ལས་དངོས་པོ་བདག་ཡིན་ཙང་། གངས་རིའི་ལྗོངས་ཀྱི་རིག་པ་སྨྲ་བ་ཚང་མས་བསླབ་དེབ་མི་ཟེར་བར་སློབ་དེབ་ཅེས་བསྙད་པ་རེད།
    ཁྱེད་རང་ལྟར་སློབ་དེབ་དངོས་པོ་གཞན་ལ་ཁས་ལན་ན། “ཕོ་ནི་འདས་དང་གཞན་སྒྲུབ་ཕྱིར་ ”ཞེས་སྔོན་འཇུག་གི་ཕོ་ཡིག་བས་གཞན་སྒྲུབ་ཀྱི་སྔོན་འཇུག་བསླབ་དེབ་ཅེས་འབྲི་དགོས་པ་རེད། དེ་ལྟར་མ་བྲིས་པའི་རྒྱུ་མཚན་ཁོ་ན་དེ། སློབ་དེབ་དངོས་པོ་བདག་ལས་དངོས་པོ་གཞན་མ་ཡིན་པའི་རྒྱུ་མཚན་ཁོ་ན་དེ་རེད། ཁྱེད་ཀྱིས་འདི་ལྟར་ཨུ་ཚུགས་བྱས་ན། མཁས་པ་བརྒྱ་ལ་མ་སྐྲག བླུན་པོ་གཅིག་ལ་སྐྲག་སོང་ཞེས་པའི་མཐུན་དཔེ་དེ་གཟུར་གནས་སུམ་རྟགས་སྨྲ་བ་ཚོའི་སྤྱན་སྲ་ཁྱེད་རང་ཀྲོང་ངེར་བཞེངས་མི་འདུག་གམ། ཧ་ཧ་་་་་་་་ཇི་འདྲའི་གདོང་འབག་མཐུག་པོ་ཅིག༌༌༌༌༌༌༌༌༌༌༌༌༌༌

    ལོག་རྟོག་སེལ་བའི་བློ་གྲོས་ལྡན་ན་བདག་གཞན་གནས་ལ་ཞིབ་ཏུ་སྦྱོངས།།
    ཡ་རབས་མི་ཡི་གཤིས་ཚུལ་ཡོད་ན་བདེན་པའི་གཏམ་ལ་ཁས་ལན་བྱོས།།
    རྣོ་དབལ་ལྡན་པའི་རིགས་ལམ་ཡོད་ན་རིམ་གྱིས་ཤོག་དང་རིམ་གྱིས་རྩོད།།
    གནས་ལུགས་བོར་བའི་ཡིག་ཚོགས་དེ་ཚོ་གད་སྙིགས་ཤིག་དང་ཁྱད་པར་ཅི།།

    Reply
  15. རྡོ འཇམ་ཚུལ། says:
    ལོ་ 13 སྔོན།

    ཡིག་མཁན་དང་སྨྱུ་གུ་གཉིས་དངོས་པོ་བདག་ཡིན་པ་ངས་ཀྱང་འདོད་ལ། དེ་དང་སློབ་མཁན་དང་སློབ་དེབ་གཉིས་དཔེ་དོན་དུ་མཚུངས་པ་ཁས་མི་ལེན་ནོ། སྔ་མའི་ལས་སམ་དངོས་པོ་གཞན་ལ་ཡི་གེ་འཇོགས་ཀྱང་། ཕྱི་མའི་ལས་སམ་དངོས་པོ་གཞན་ལ་སློབ་དེབ་ལས་གཞན་སློབ་དེབ་སྟེང་གི་ཚིག་དོན་རྣམས་འཇོགས་ཟེར་བ་ལྟ་བུའི་ཚིག་སྐམ་ཙམ་ལ་འཁྲི་བ་ལས་གང་ཞིག་འཇོགས། ཕྱི་མའི་སྐབས་སུ་ལས་སམ་དངོས་པོ་གཞན་ལ་སློབ་དེབ་འཇོགས་དགོས་པ་ཡང་ཡིན་དེ། སློབ་དེབ་ནི་འཁྲིད་བྱ་ཡིན་པ་ལས་འཁྲིད་བྱེད་གང་ནས་ཡིན། འཁྲིད་བྱ་ཡིན་དེ། གང་འཁྲིད་རྒྱུ་དེ་ཡིན་པའི་ཕྱིར་ལོ། གལ་ཏེ་སློབ་དེབ་འཁྲིད་བྱེད་ཡིན་ན་དགེ་རྒན་གྱི(ས)་སློབ་དེབ་ཀྱིས་སློབ་མ་ལ་ཁྲིད་ཟེར་དགོས་པས་དེ་ལྟར་དུ་འདོད་དམ། དེ་ལྟར་མ་ཡིན་པར་དཔེར་ན། མདའ་མཁན་གྱིས་ནམ་མཁར་མདའ་འཕང་། དགེ་རྒན་གྱིས་སློབ་མར་དཔེ་ཆ་འཁྲིད། ཡིག་མཁན་གྱིས་ཤོག་བུར་ཡི་གེ་བྲི། ཞེས་བརྗོད་སྐབས་མདའ་དང་། དཔེ་ཆ། ཡི་གེ་བཅས་ནི་བྱ་བྱེད་ལས་གསུམ་ནས་ལས་དང་། དངོས་པོ་བདག་གཞན་གཉིས་ལས་གཞན་ཡིན་ལ། འཕང་དང་། འཁྲིད། བྲི་རྣམས་ནི་བྱ་བྱེད་ལས་གསུམ་ལས་བྱ་བ་ཡིན་ལ། བདག་གཞན་གཉིས་ལས་གཞན་དང་། དུས་གསུམ་ལས་མ་འོངས་པ་ཡིན། ནམ་མཁའ་དང་། སློམ་མ། ཤོག་བུ་བཅས་ནི་འཕྲད་རྣམ་དབྱེ་སྦྱར་སའི་གཞི་ཡིན་པ་ལས་སྐབས་འདིའི་བྱ་བྱེད་ལས་གསུམ་པོ་གང་ཡང་མ་ཡིན་ནོ། །མདའ་མཁན་སོགས་གང་ཡིན་བཤད་མི་དགོས་པར་སེམས།
    དྲང་མོར་བཤད་ན་ཁྱེད་ཅག་གིས་བྱ་བྱེད་ལས་གསུམ་གྱི་ལས་དང་། བྱ་བ་གཉིས་གང་ལ་ངོས་འཛིན་དགོས་པའི་ངེས་གཏན་མེད་པ་དང་། སྤྱིར་བཏང་གི་ལས་དང་བྱ་ཡུལ་དོན་གཅིག་ཟེར་བའི་ལས་དང་། བྱ་བྱེད་ལས་གསུམ་གྱི་ལས་གཉིས་ལ་ཁྱད་པར་འབྱེད་མ་ཐུབ་པའི་སྐྱོན་ཏུ་མཐོང་སོང་བས་ལྷག་བསམ་ལ་སླད་པ་མེད་དོ།།

    ལེགས་ཉེས་འབྱེད་པའི་བློ་མིག་ཡོད་ན་ཕྲ་བའི་གནས་ལ་མནོ་བསམ་ཐོངས།།
    གཟུ་བོར་གནས་པའི་སྤོབས་པ་ཡོད་ན་བདེན་པའི་གཤིས་ལ་གོས་མ་སྒྲིབས།།
    རང་མཚང་མངོན་པའི་ང་རྒྱལ་ཆུང་ན་མཁས་པའི་དྲུང་དུ་ཡང་ཡང་གཏུགས།།
    ཕོག་ཐིག་སོང་ན་འཐོལ་ཞིང་བཤགས་ལ་དྲང་གཏམ་ཉིད་ཀྱི་རང་གཤིས་ལགས།།

    Reply
  16. རྟ་མགྲིན། says:
    ལོ་ 13 སྔོན།

    དོན་ཆེན་དོན་ཆུང་ཁྱད་པར་ཤེས་པ་གཅེས།།
    སློབ་གཞི་བསླབ་གཞི་ནོར་ན་དོན་ཆེན་ཡིན།།
    རྟགས་འཇུག་གཞུང་གི་དཀའ་བའི་གནད་ཅིག་ནི།།
    དངོས་པོ་བདག་གཞན་དབྱེ་བ་དེ་མིན་ནམ།།
    སྔོན་ཚེ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས།།
    གང་ན་ཡི་གེའི་སྡེབ་སྦྱོར་དག་རྣམས་སུ།།
    རྒྱལ་བསྟན་དར་གནས་དེ་ལས་ལྡོག་ན་ནི།།
    བསྟན་པ་ཉམས་པའི་ལྟས་སུ་ནན་གྱིས་གསུངས།།
    དེས་ནས་རང་དགར་བབ་ཅོལ་སྨྲ་བ་ལ་ལས།།
    འདི་འདྲའི་ཚུལ་ལ་དཔྱད་གསུམ་ལུང་རིག་གིས།།
    དགག་བཞག་སྤྲོས་པའི་རིག་ཚུལ་དེ་རྣམས་ཀྱང་།།
    རང་སེམས་དག་ན་རྣམ་དག་སེམས་སྐྱེད་ཅིག།།
    དེ་ཕྱིར་བཤད་ཀྱི་ཉོན་དང་རྡོ་འཇམ་ཚུལ།།
    སྔ་ཕྱིའི་བརྡ་སྤྲོད་སྨྲ་བ་ཕལ་མོ་ཆེས།།
    ཡིག་མཁན་སྨྱུ་གུ་གཉིས་ཀ་བདག་ཏུ་བཞད།།
    ཁྱེད་རང་ལྟར་ན་ཡིག་མཁན་བདག་དོན་དང་།།
    སྨྱུ་གུ་དངོས་གཞན་ཟེར་རྒྱུ་མ་གྱུར་གྲང་།།
    ཅི་ཕྱིར་ཞེ་ན་འབྲི་མཁན་འབྲི་བྱེད་དང་།།
    སློབ་མཁན་སློབ་དེབ་བར་ལ་ཁྱད་པར་ཅི།།
    ཞིབ་མོ་བློ་ཡིས་རྟོགས་དང་རྡོ་འཇམ་ཚུལ།།
    མ་བརྟགས་གཏམ་གྱི་ལ་ཡོག་རྗེས་ལ་ཡོད།།

    Reply
  17. ཚ་ཤོད་ཤེས་རབ། says:
    ལོ་ 13 སྔོན།

    རྡོ་འཇམ་ཚུལ་ལ་ཞུ་རྒྱུར། ཁྱེད་རང་ལ་སུམ་རྟགས་ཀྱི་རྨང་གཞི་མེད་པའི་ཁར། མི་ཆོས་ཡ་རབས་ཀྱི་བཟང་སྤྱོད་དེ་ཡང་མི་འདུག ལམ་སེང་ཁྲོ་ཚིག་བེད་སྤྱོད་གནང་འདུག ང་རང་ནི་མི་འདི་ཅན་ལ་ཁ་ཡ་བྱེད་པར་མི་དགའ། དེ་གཅིག་ཡིན། གཉིས་པ་དེ་ཁྱེད་ལ་སེམས་གཏམ་ཞིག་བཤད། ཁྱེད་ཀྱིས་སློབ་དེབ་ཅེས་པ་ནི་མིང་ཙམ་དང་གང་བསླབ་རྒྱུའི་དངོས་པོ་ཡིན་པས་ལས་དང་། སློབ་མཁན་དགེ་རྒན་ལས་གཞན་ཡིན་པས་དངོས་པོ་གཞན་ཟེར་དགོས། ཞེས་པ་འདི་ཡིག་ཐོག་ལ་གནས་ཡོད་པ་རེད། སུམ་རྟགས་སྨྲ་བ་སུས་བལྟས་ཀྱང་རང་མཚང་རྗེན་པར་མཐོང་རྒྱུ་ལས་མ་འདས། འདི་སྐོར་ཁྱེད་ལ་གསལ་བཤད་བརྒྱ་ལ་བྱས་ཀྱང་ཁྱེད་རང་གོ་རྒྱུ་ཡོད་མཁན་དེ་མིན་པས་བཏང་སྙོམས་སུ་འཇོག སྡོད་པར་བྱ་བ་སྡོད་བྱ་ཡིན། སྡོད་བྱེད་སྟན་དང་རྐུབ་སྟེགས་ཡང་ན་ཁྱེད་ཀྱི་རྐུབ་སར་མ་བཙུགས་པར་སྡོད་ཐབས་མེད་པས། ཁྱེད་ཀྱི་རྐུབ་དེ་ཡང་སྡོད་བྱེད་ལ་བཞག་ན་མི་ཆོག་པ་གང་ཡོད། ཧ་ཧ་་་་་་་་་་་་་

    Reply
  18. རྡོ འཇམ་ཚུལ། says:
    ལོ་ 13 སྔོན།

    ཚ་ཤོད་ཤེས་རབ་ལགས་སྔོན་མ་ཅི་བྱས་དང་ད་ལྟ་ཅི་འདྲ་ཡོད་གསལ་བཤད་དགོས་དོན་མི་འདུག བྲིས་པའི་མཆན་ནས་གསལ་བོར་ཤེས་སོང་། འོན་ཀྱང་ཉིད་ཀྱིས་གལ་སྲིད་རྡོ་འཇམ་ཚུལ་གྱིས་ཤོད་པ་ལྟར། སློབ་དེབ་དངོས་པོ་གཞན་དུ་ཁས་ལན་ན། སློབ་དེབ་མི་ཟེར་བར་བསླབ་དེབ་ཟེར་དགོས་ཞེས་ཟེར། འོན་ཀྱང་ཉིད་ཀྱིས་ཤེས་དགོས་པ་ཞིག་ལ་སློབ་དེབ་ཅེས་པ་ནི་མིང་ཙམ་དང་གང་བསླབ་རྒྱུའི་དངོས་པོ་ཡིན་པས་ལས་དང་། སློབ་མཁན་དགེ་རྒན་ལས་གཞན་ཡིན་པས་དངོས་པོ་གཞན་ཟེར་དགོས། གལ་ཏེ་སློབ་དེབ་དེ་ལ་ལྟོས་ནས་དུས་གསུམ་གྱི་རྣམ་བཞག་འབྱེད་ན་དཔེར་ན་བསླབ་བྱའི་སློབ་དེབ་བསླབ་པར་བྱ་ཟེར་ན་མ་འོངས་པ་དང་། བསླབ་བྱའི་སློབ་དེབ་སློབ་པར་བྱེད་ཅེས་ཟེར་ན་ད་ལྟ་བ་དང་།བསླབ་བྱའི་སློབ་དེབ་བསླབས་ཟིན་ཅེས་ཟེར་ན་འདས་པར་བཤད་འབྲི་བྱ་དགོས་པ་མན་ངག་དང་བློ་བསྐྱེད་དུ་སྟེར་བ་ཡིན་ནོ། ཡང་ཉིད་ཀྱིས་དེ་ཤེས་པ་ལ་སྔོན་འཇུག་གི་དགོས་པ་ཅི་ཕྱིར་འཇུག་ཚུལ་ཡག་པོ་ཤེས་དགོས། དེ་མིན་མཁྱེན་རྟོགས་མི་ཐུབ་ཅེས་ཟེར་འདུག་མོད་ཚིག་དེ་ནི་རང་ཉིད་ཀྱིས་བདག་པོ་རྒྱབས་ཏེ་རང་རྒྱུད་ཀྱི་མངོན་པའི་ང་རྒྱལ་གྱི་མགོ་ལ་གཞུས་ན་མཛའ་སེ་འདུག་པར་སེམས། ཡང་ཉིད་ཀྱིས་རྡོ་རྗེ་རིན་ཆེན་ས་ལ་བསྡད་ཅེས་པ་དེ་ལ་བདག་གཞན་འབྱེད་རྒྱུ་ཙམ་དུ་མ་ཟད། དུས་གསུམ་གྱི་དབྱེ་བའང་འབྱེད་རྒྱུ་ཡོད། བྱེད་འབྲེལ་དང་བྱེད་མེད་གཉིས་སུ་བཀར་ཚེ་བྱེད་འབྲེལ་གཟུགས་འགྱུར་ཡིན་ཞེས་བཤད་འདུག་པ་འདིས་ཟུར་བལྟས་ལེབ་མཐོང་ཞེས་པའི་དཔེ་ལྟར་བྱུང་སོང་བས་ངལ་བ་དེ་ཙམ་མི་བྱའོ།། འོན་ཀྱང་ཁྱོད་ལ་གོ་སྐབས་ཅིག་གི་ཆེད་དུ་གཅིག་འདྲི། རྡོ་རྗེ་རིན་ཆེན་ས་ལ་བསྡད་ཅེས་པའི་སྐབས་སུ་བསྡད་བྱ་དང་སྡོད་བྱེད་གང་དང་གང་རེད།

    Reply
  19. ཚ་ཤོད་ཤེས་རབ། says:
    ལོ་ 13 སྔོན།

    སྔ་མོ་ཀ་ཐོག་ཏུ་སི་ཏུའི་ཡབ་སྲས་ཀྱི་སུམ་གཞུང་ལ་སློབ་སྦྱོང་ཏོག་ཙམ་བྱས། བདག་གཞན་ལ་རང་མགོ་འཐོམས་ཙམ་ཡོད། སློབ་མཁན་དགེ་རྒན་དང་། སློབ་བྱེད་སློབ་དེབ་གཉིས་དངོས་པོ་བདག་རེད། གལ་སྲིད་རྡོ་འཇམ་ཚུལ་གྱིས་ཤོད་པ་ལྟར། སློབ་དེབ་དངོས་པོ་གཞན་དུ་ཁས་ལན་ན། སློབ་དེབ་མི་ཟེར་བར་བསླབ་དེབ་ཟེར་དགོས། དེ་ཤེས་པ་ལ་སྔོན་འཇུག་གི་དགོས་པ་ཅི་ཕྱིར་འཇུག་ཚུལ་ཡག་པོ་ཤེས་དགོས། དེ་མིན་མཁྱེན་རྟོགས་མི་ཐུབ། རྡོ་རྗེ་རིན་ཆེན་ས་ལ་བསྡད་ཅེས་པ་དེ་ལ་བདག་གཞན་འབྱེད་རྒྱུ་ཙམ་དུ་མ་ཟད། དུས་གསུམ་གྱི་དབྱེ་བའང་འབྱེད་རྒྱུ་ཡོད། བྱེད་འབྲེལ་དང་བྱེད་མེད་གཉིས་སུ་བཀར་ཚེ་བྱེད་འབྲེལ་གཟུགས་འགྱུར་ཡིན། སྡོད་པ་པོ་དངོས་པོ་བདག་དང་། བསྡད་ཡུལ་དངོས་པོ་གཞན། བསྡད་པ་དུས་འདས་པ། སྡོད་བཞིན་པ་དུས་ལྟ་བ། བསྡད་རྒྱུ་དུས་མ་འོངས་པ་རེད། གོང་མཆན་པ་རྡོ་འཇམ་ཚུལ་རྟགས་འཇུག་ལ་སྦྱངས་པ་མཐར་ཕྱིན་གནང་མྱོང་ཡོད་མཁན་ཞིག་མིན་པ་འདྲ། ཁོ་བོའི་བཤད་སྟངས་དེ་ཚོར་རྟགས་འཇུག་གཞུང་ལ་མཁྱེན་རྒྱ་ཡོད་མཁན་ཞིག་གིས་བལྟས་མ་ཐག་འགལ་འཛོལ་ཡོད་པ་རྟོགས་ཐུབ། བཤད་སྟངས་དེ་མཐོང་རྗེས་ངའི་ཡིད་ལ་དཀར་ལེབ་སུམ་རྟགས་ཀྱི་ལོ་རྒྱུས་དེ་འཁོར་སོང་། ཧ་ཧ་་

    Reply
  20. sopa lhatse says:
    ལོ་ 13 སྔོན།

    བོད་ཀྱི་སྐད་ཡིག་གིས་བསྐོར་གྱི་ཆེད་རྩོམ་འདི་འདྲ་རེ་སྤེལ་ན་དོན་སྙིང་ལྡན་འདུག་སྙམ་སྙིང་ནས་དགའ་ཡོད། ཉིན་ཤས་རིན་དུས་བབ་ནང་ནང་འཛུལ་བྱ་མ་ཐུབ་པས་ལུས། འོན་ཀྱང་དེ་རིང་དུས་བབ་ཚང་གི་རྩོམ་སྒྲིག་པ་མཆོག་གི་རོགས་རམ་འོག་འདིར་ཡོངས་ཐུབ་པ་བྱུང་བས་རྩོམ་སྒྲིག་པ་མཆོག་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ།།

    Reply
  21. རྡོ འཇམ་ཚུལ། says:
    ལོ་ 13 སྔོན།

    རྡོ་རྗེ་རིན་ཆེན་གྱིས་དགེ་རྒན་གྱིས་སློབ་མར་སློབ་དེབ་སྟེང་སློབ་ཁྲིད་བྱས་ཞེས་པ་དེར་བྱ་བྱེད་ལས་གསུམ་དབྱེ་ཚུལ་ལ་མོས་མཐུན་མེད། སློབ་མཁན་དགེ་རྒན་བྱེད་པ་པོ་ཡིན་པ་བདེན་དུ་ཆིག་ཀྱང༌། སློབ་བྱེད་ནི་སློབ་དེབ་མ་ཡིན་པར་དགེ་རྒན་དེ་ཉིད་ཀྱི་ངག་དང་རྩོལ་བ་ལྟ་བུ་ལ་འཇོགས་དགོས་པར་འདོད་ལ། སློབ་དེབ་ནི་བྱ་བྱེད་ལས་གསུམ་ནས་ལས་སམ་དངོས་པོ་གཞན་ཡིན་ནོ། །བསླབ་པར་བྱ་བའི་ཡུལ་གྱི་སློབ་མ་ནི་བྱ་བའི་ཡུལ་ཡིན་ཡང་བྱ་བྱེད་ལས་གསུམ་གྱི་གང་ཡང་མིན་ནོ། །འོ་ན་བྱ་བྱེད་ལས་ཀྱི་བྱ་བ་ལ་གང་འཇོག་དགོས་ཟེར་ན། དེ་ལ་བྱ་ལས་དང་བྱེད་ལས་གཉིས་དབྱེ་དགོས། དཔེར་ན་སློབ་དེབ་འཁྲིད་པར་བྱེད་ཅེས་པ་བྱེད་ལས་དང་། སློབ་དེབ་འཁྲིད་པར་བྱ་ཞེས་པ་བྱ་ལས་སུ་ཤེས་དགོས་པ་ཡིན་ནོ། །འོན་ཀྱང་ཁོང་གིས་བྱ་ལས་ལ་བསླབ་བྱའི་སློབ་ཁྲིད་བྱ་བའི་ལས་དང༌ཞེས་བཤད་འདུག་མོད་འོ་ན་བསླབ་བྱའི་དངོས་པོ་གང་འཇོགས་དགོས་སམ། གང་ཡིན་ཞེ་ན་སློབ་མཁན་དགེ་རྒན་དང་སློབ་བྱེད་ཀྱི་སློབ་དེབ་གཉིས་དངོས་པོ་བདག་ཡིན་ཞེས་ཟེར་འདུག་པས་ཡིན། གལ་ཏེ་སྐབས་འདིར་བདག་གཞན་གྱི་དབྱེ་བ་དགེ་རྒན་དང་སློབ་དེབ་ལ་ལྟོས་ནས་མི་འཇོགས་པར་སློབ་མ་ལ་ལྟོས་ནས་འཇོགས་ན། འོ་ན་རྡོ་རྗེ་རིན་ཆེན་ས་ལ་བསྡད་ཅེས་པའི་ཚིག་འདི་ལ་ཡང་བདག་གཞན་གྱི་དབྱེ་བ་ཡོད་པར་འགྱུར་ཏེ། བྱ་བའི་ཡུལ་ས་དང་སྡོད་མཁན་རྡོ་རྗེ་རིན་ཆེན་གཉིས་སོ་སོ་ནས་ཡོད་པའི་ཕྱིར་རོ།།

    ཞར་ལ་་་་་སློབ་གཞི་དང་བསླབ་གཞི་གང་ཡིན་ཡང་ནོར་བ་མ་མཐོང་། གང་ཡིན་ཞེ་ན། སློབ་གཞི་ནི་་་་་སློབ་པར་བྱེད་པའི་གཞི་ཞེས་པའི་དོན་དང་།་བསླབ་གཞི་ནི་བསླབ་པར་བྱ་བའི་གཞི་ཞེས་རིམ་བཞིན་ད་ལྟ་བ་དང་མ་འོངས་པར་འབྲེལ་བ་ཙམ་ལས་གཞན་པའི་གནད་དོན་མང་པོ་སྔོག་འདོན་བྱེད་དོན་མ་མཆིས་སོ།།

    Reply
  22. ཟླ་བ་དོན་འགྲུབ། says:
    ལོ་ 13 སྔོན།

    བཟང་གི་

    Reply
  23. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 13 སྔོན།

    འདི་བོད་ནང་གི་མིས་བཏགས་པ་རེད།
    དཔྱད་གཞིར་འཛིན་རོགས།

    課本བསaaལབ་དེབ། textbookསaaལོབ་མས་བསaaལབ་པར་བྱ་བའི་གཞིའོ། །課程ཁྲིད་ཚན། course;curriculumསaaལོབ་གྲྭའི་སaaལོབ་གསོའི་སaaལོབ་ཚན་ནམ་སaaལོབ་ཚན་གྱི་ཡུན་ཚད་དོ། །
    課題སaaགྲུབ་བཞི།
    subject(/topic)of study;problem;taskཞིབ་འཇུག་གོ་སaaདུར་བྱ་རaaགྱུའི་གནད་དོན་གཙོ་བོའམ་ཐག་གཅོད་རaaགྱུའི་དོན་ཆེན་ནོ།།
    འདི་གསར་བྱུང་རaaགྱུན་བཀོལ་མིང་མཛོད་ཀྱི་མིང་བརaaད་རེད།
    ངའི་བོད་ཡིག་འཐེབ་གཞོང་ལ་སaaཀྱོན་ཞིག་འདུག་པས་དེ་ལུགས་ཡི་གེ་འགའ་ཚོད་དཔག་བྱས་ནས་འདོན་རོགས།

    Reply
  24. རྟ་མགྲིན། says:
    ལོ་ 13 སྔོན།

    སློབ་ཚན་རྒྱས་བསྡུས་དང་། ཚོགས་ཐུན། སློབ་ཁྲིད་ཀྱི་ཐབས་ལམ་སོགས་ལ་ཟེར་རུང་མ་ཟེར་རུང་། རྩ་འཛིན་མཁན་དང་འཛིན་བྱེད་བར་གྱི་འབྲེལ་བ་རེད། འོ་ན་རྩ་འཛིན་མཁན་དེ་དགེ་རྒན་དང་འཛིན་བྱེད་དེ་རྩ་འཛིན་ཡིག་ཆ་དེ་རེད། སོང་ཙང་རྩ་འཛིན་ཡིག་ཆ་དེ་དངོས་པོ་བདག་གཞན་གཉིས་ལས་དངོས་པོ་བདག་ཏུ་གྲུབ་པས། སློབ་གཞི་ཟེར་རྒྱུ་ལས་བསླབ་གཞི་ཞེས་དངོས་པོ་གཞན་གྱི་བརྡ་སྦྱོར་བྱེད་ག་ལ་རིགས། དེ་སྐོར་ཨིན་སྐད་དཔེ་འཇོག་གི་ལུང་འདྲེན་བྱས་ནས་མི་ཕན་པར། མཆན་བུ་བ་བསེ་རུས་བཤད་པ་ལྟར་བོད་ཀྱི་བརྡ་སྤྲོད་རྟགས་འཇུག་གིི་ཅི་ཕྱིར་འཇུག་པའི་འཇུག་དོན་ཤེས་དགོས་པ་རེད། ལར་ནས་ཚོགས་ཐང་དང་སློབ་ཚན་རྒྱས་བསྡུས་སོགས་ལ་བསླབ་གཞི་ཟེར་གྱི་རེད་ཟེར་ན། དེ་བས་ཀྱང་ཁྱད་མཚར་ཞིག་རེད། དེ་ཚོ་བསླབ་གཞི་ཞིག་རེད་དམ། དེ་ཚོ་ལ་བསླབ་གཞི་ཟེར་ན་སྙན་པོ་ཞིག་འདུག་གམ། ཡིག་ཆ་དེ་ནང་གཙོ་བོ་ག་རེ་འཁོད་འདུག་ཅེ་ན། དམའ་རིམ་ནས་གཞི་རིམ་བར་མའི་བར་གྱི་སློབ་ཚན་ཁག་སོ་སོར་སློབ་ཚན་ག་རེ་ཞིག་སློབ་ཁྲིད་བྱེད་དགོས་མིན་གཏན་འབེབས་བྱས་འདུག དགེ་རྒན་གྱིས་གཏན་འབེབས་བྱས་པའི་རྩ་འཛིན་ཡིག་ཆ་དེ་གཞིར་བཞག་ནས་སློབ་ཁྲིད་བྱེད་དགོས་སྟབས་རྩ་འཛིན་ཡིག་ཆ་དེ་སློབ་བྱེད་ཆགས་ཡོད་པ་དེ་ཤེས་དགོས། སློབ་བྱེད་ཆགས་ན་བདག་གཞན་གཉིས་ལས་དངོས་པོ་བདག་ཆགས་དགོས་པ་དང་། དངོས་པོ་བདག་ཡིན་ན། དུས་ལྟ་བ་ཡིན་དགོས་པའི་གནད་སོགས་རྟ་མོག་མོག་གི་སྤུ་བཞིན་བོད་ཀྱི་བརྡ་སྤྲོད་རྟགས་འཇུག་གི་རྩ་བའི་གཞུང་ལ་མཁྱེན་རྒྱ་མེད་ན། རང་དགར་གྱ་ཚོམ་དུ་སྨོས་པས་ཡོང་རྒྱུ་ཞིག་མ་རེད་འདོད།

    Reply
  25. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    སློབ་གཞི་བསླབ་གཞིར་མ་རྩོད་དོན་ཆུང་ཡིན།
    དེ་ལས་མཁས་དབང་ཐུབ་སྦྱིན་ལ་མཛད་པའི།
    སྨྲ་སྒོའི་གསར་ཐོན་དེབ་དེས་གཟིགས་པར་འཚལ།
    དེ་ནས་ཁོ་ཐག་ཆོད་པའི་ལན་ཞིག་ཐོབ་ངེས་ཡིན།

    Reply
  26. སྒྲོལ་མ་མེ་ཏོག says:
    ལོ་ 13 སྔོན།

    གང་བསླབ་པར་བྱ་བའི་ཀློག་དེབ་ཀྱི་ནང་དོན་དང་། སློབ་ཚན་རྒྱས་བསྡུས། སློབ་འཁྲིད་ཀྱི་ཐབས་ལམ། ཚོགས་ཐུན་གྱི་གཏན་འབེབས་སོགས་གཏན་ལ་ཕབ་པའི་རྩ་འཛིན་དེར་དེར་ད་གཟོད་བསླབ་གཞིའི་རྩ་འཛིན་ཞེས་བྱ། ཨིན་སྐད་དུ་curriculum ཞེས་པ་དེ་རེད། དེ་ནི་གཞི་འཛིན་སའི་རྩ་དོན་ལས་སློབ་ཕྲུག་ལ་སློབ་བྱེད་ཅིག་མིན།

    དགེ་རྒན་གྱིས་སློབ་ཚན་སློབ་སྐབས་བཀོལ་སྤྱོད་བྱེད་པའི་དེབ་ལ་བསླབ་གཞི་ཞེས་སུ་ཞིག་གིས་ཀྱང་འབོད་པར་མི་བྱ་སྟེ། དེ་ལ་ཀློག་དེབ་དང་སློབ་དེབ་ཅེས་འབོད་དོ།།

    Reply
  27. བསེ་རུ། says:
    ལོ་ 13 སྔོན།

    ཅིའི་ཕྱིར་འཇུག་གི་འཇུག་དོན་མ་སྦྱངས་ན།།
    བདག་གཞན་དུས་གསུམ་བྱ་བྱེད་ལས་གསུམ་གྱི།།
    ཡིག་སྡེབ་སྦྱོར་ཚུལ་དཀའ་གནད་རྟོགས་དཀའ་བས།།
    རིག་པའི་ཟས་ལ་ཡང་ནས་ཡང་དུ་རོལ།།

    རྡོ་རྗེ་རིན་ཆེན་ཉམས་མྱོང་རྒན་པོ་ཡི།།
    ཆུང་ཟིན་ཆེ་བརྗོད་སྨྲ་བའི་ལྕེ་རྩེ་དེས།།
    ལོག་རྟོག་རྨོངས་པའི་མུན་དུ་ཚུད་པ་ལ།།
    རིག་པའི་སྒྲོན་མེ་བཏེགས་པ་དྲིན་དུ་ཚོར།།

    Reply
  28. བདེ་རྒྱལ། says:
    ལོ་ 13 སྔོན།

    བསླབ་ཡུལ་གནས་ལ་སློབ་མཁན་དགེ་རྒན་གྱིས།།
    སློབ་བྱེད་སློབ་དེབ་ལགས་ན་བསླབ་གཞི་ཞེས།།
    མིང་ནོར་དོན་ནོར་རྒྱས་དེ་སྙིགས་དུས་འདིར།།
    རང་སྐད་ཉམས་པའི་སྔ་ལྟས་མིན་ནམ་ཅི།།
    གངས་ཅན་བོད་ཀྱི་མིང་བརྡའི་རྣམ་དབྱེ་ལ།།
    ཆེས་ཆེར་དུང་བའི་བློ་གསལ་དྲན་དབང་ཚོགས།།
    ཆོས་རྣམ་འབྱེད་པའི་ཤེས་རབ་མིག་ཡོད་ན།།
    མི་སྨྲས་རྟུལ་ཞུགས་མ་འཛིན་གསུང་བགྲོས་ཤིག།

    Reply
  29. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    སློབ་གཞི་ལས་བསླབ་གཞི་ཞེས་པའི་ཚིག་འདི་དག་པ་རེད། འོན་ཀྱང་ཀློག་དེབ་དང་། སློབ་དེབ་ལ་སློབ་གཞི་དང་བསླབ་གཞིར་བཏགས་པ་གཉིས་ཀ་ནོར་མི་འདུག་གམ།

    Reply
  30. རྒྱང་ལྟ། says:
    ལོ་ 13 སྔོན།

    སློབ་གཞི་ནི་དགེ་རྒན་གྱི་བསླབ་བྱ་མ་ཡིན་པར་སློབ་ཕྲུག་ལ་སློབ་བྱེད་ཡིན་ཙང་སློབ་གཞི་བྲིས་ན་ལེགས། གོང་མཆན་པ་ལྷག་པ་ཚེ་རིང་གིས་གསུངས་པ་དེ་ག་རང་མིན་འགྲོ།

    Reply
  31. བསོད་འོད says:
    ལོ་ 13 སྔོན།

    བསླབ་གཞི་ཞེས་པ་ནི་དགེ་རྒན་དང་འབྲེལ་ཆེ་བའི་བརྗོད་ཚིག་ཞིག་མིན་འགྲོ དགེ་རྒན་གྱིས་སློབ་མ་ཚོར་ཡི་གེ་བསླབ་ལྟ་བུའོ།
    སློབ་གཞི་ནི་སློབ་མ་རང་ཉིད་ནས་དགེ་རྒན་ལ་དེ་ཙམ་བལྟོས་མི་དགོས་པ་རང་སྟོབས་ཀྱིས་རྨང་གཞི་སློབ་སྦྱོང་བྱེད་ཡུལ་ཞིག་ལ་གོ་དགོས་པ་མིན་འགྲོ མིང་ཚིག་དེ་གཉིས་ལ་རྟག་གསལ་གྱི་ལམ་ནས་བགྲོ་གླེང་བྱས་ན་མགོ་ན་ཡ་རང་རེད་འདུག ཧཧ

    Reply
  32. ལྷག་པ་ཚེ་རིང༌། says:
    ལོ་ 13 སྔོན།

    སློབ་ཚན་ཀློག་དེབ་འདོད་ན་སློབ་གཞི་བྲིས།།
    བསླབ་གཞི་དག་ན་བཀླག་དེབ་བསླབ་ཚན་ཡང་།།
    མི་འདོད་བཞིན་དུ་ཁས་ལེན་དུ་སོང་ངོ་།།
    དེ་ལྟའི་དྭོགས་གནས་གང་སར་མཐོང་ན་ཡང་།།
    ལོག་རྟོག་མུན་པས་ཤེས་བྱའི་མཁའ་དབྱིངས་འཐིབས།།
    ནོར་བས་འགྲིགས་པ་སུན་འབྱིན་དུས་ངན་འདིར།།
    ལྦ་བ་ཅན་དང་ཙུ་ཏའི་ཡུལ་གྱི་སྒྲུང་།།
    ཡིད་ལ་སྒོམ་བཞིན་བཏང་སྙོམ་ཉིད་དུ་ལྷག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese