འཇམ་བྷེ།
གཞིས་སྡོད་རིགས་མཐུན་གྱི་སྤུན་ཟླ་ཚོས་རྒྱ་ནག་དམར་པོའི་གཞུང་གི་གདུབ་རྩུབ་དང་དྲག་སྤྱོད་ལ་བཟོད་བསྲན་མ་ཚུགས་པ་དང་། རང་རིགས་ཀྱི་རང་དབང་དང་བདེན་དོན་གྱི་ཆེད་དུ་རང་གི་གཅེས་བའི་ཚེ་སྲོག་མེར་བསྒྲོན་ཏེ་རྒྱ་ནག་གཞུང་གི་དྲག་རྩུབ་སྲིད་ཇུས་ལ་ངོ་རྒོལ་བསྟུན་མར་བྱུང་དང་འབྱུང་བཞིན་པ་རེད། དེ་ཡང་གཞིས་སྡོད་བོད་མི་དགུ་བཅུ་བརྒལ་བའི་ཞིག་གི་ཚེ་སྲོག་བདེན་པའི་མེ་ལྕེར་འཐིམས་སོང་བ་རེད། འཐིམས་སོང་བའི་ཚེ་སྲོག་གི་གྲངས་དགུ་བཅུ་ནི་ཡིག་ཐོག་གི་གྲངས་དགུ་བཅུ་ཙམ་མ་རེད་ཚེ་སྲོག་གི་གྲངས་དགུ་བཅུ་རེད།
མི་རིགས་ཤིག་གི་བདེ་སྡུག་མཁུར་བའི་བདེན་པའི་ཚེ་སྲོག་གི་མེ་ལྕེའི་འབར་ཤུགས་ཇེ་ཆེ་ནས་ཇེ་ཆེ་དང་ཇེ་མང་ནས་ཇེ་མང་རེད། དེར་བརྟན། མི་རིགས་འདིའི་བདེ་སྡུག་ཁུར་ཉམས་ལེན་དང་། ཆགས་འཇིག་ལ་སེམས་ཁུར་བྱེད་ཀྱིན་པའི་གཞོན་སྐྱེས་སྐོར་ཞིག་གིས་ཀྱང་འུ་ཐུག་ཐབས་ཟད་དང་། ཞེ་སྡང་གི་ན་ཟུག་གནོན་མ་ཐུབ་པར་དྲག་པོའི་དམར་གཞུང་ལ་དྲག་རྒོལ་དང་དྲག་ལས་ཀྱི་སྦྱོར་བ་རྩོམ་དགོས་རབས་དང་། བོད་རིགས་ཡོད་དོ་ཅོག་སྡེབ་ལངས་བྱེད་དགོས་པ་སོགས་ཚོར་ཤུགས་ཆེན་པོའི་སྒོ་ནས་རང་གཞུང་ལ་བསམ་འཆར་དང་རེ་སྒུག་བྱེད་ཀྱིན་ཡོད།
གཞིས་སྡོད་བོད་མི་ཚོའི་ཛ་དྲག་གི་གནས་བབ་འདིའི་སྐོར་ལ་དོ་སྣང་དང་མནོ་བསམ་ཆེད་གཏོང་གིས་མི་རིགས་འདིའི་བདེ་སྡུག་དང་ཆགས་འཇིག་ལ་ཁུར་ཉམས་ལེན་བྱེད་མཁན་ཞིག་ཡིན་ཕྱིན། ཤ་གསེང་རུས་གསེང་ནས་གཟེར་བའི་ན་ཟུག་གིས་འདུག་མི་བཟོད་པ་ཁོ་ཐག་རེད། འོན་ཀྱང་། དེ་ལྟར་བསམ་འཆར་དང་ལྟ་ཚུལ་འདོན་མཁན་དེ་དག་ངྷ་སར་གནས་བའི་ཁ་སྟོང་མགོ་སྟོང་ཚོའི་ཁ་སྟོང་ནང་གི་ཚིག་སྟོང་ཡིན་པ་དང་། ཡང་གུང་ཁྲན་ཏང་གི་རྒྱུ་རྔན་ལ་འདོན་རྔམ་ཆེ་བའི་རྒྱུག་ཁྱི་འགས་བོད་མིའི་ཞི་བའི་ཐབས་རྩོད་ཀྱི་སྟོབས་ཤུགས་ཉམས་རྒུད་དང་ཁ་གཞན་དུ་བསྒྱུར་བའི་གཡོ་ཐབས་དང་ཆོ་འཕྲུལ་ཡིན་ཚེ། བོད་མི་སྤྱི་སྒེར་ཡོངས་ཀྱིས་བློ་རིག་གཟུར་གནས་ཀྱི་མཉམ་འཇོག་བྱེད་དགོས་པ་གལ་ཆེན་རེད།
དེ་ལྟ་བུའི་ལྟ་ཚུལ་དང་བསམ་འཆར་དེ་རྣམས་གཞིས་སྡོད་བོད་མི་བྱིངས་དང་མི་བུ་རེ་ཟུང་གིས་མངོན་འདོན་ཡིན་ཚེ་ཉན་འཇོག་བྱེད་དགོས་པ་ལས་སྣང་མེད་དུ་གཏོང་མི་རུང་བར་ངེས་པར་དུ་དེ་ལ་གསལ་བཤད་དང་ལམ་སྟོན་ཞིག་གནང་གལ་ཆེ། གལ་སྲིད་གཞོན་སྐྱེས་སྐོར་ཞིག་གིས་ཞེ་སྡང་གི་མེ་ལྕེ་དང་ལར་ཞེན་གྱི་ཚོར་ཤུགས་མནོན་མ་ཐུབ་པར་དྲག་ལས་དང་དྲག་རྒོལ་གྱི་ཐབས་རྩོད་ལམ་དུ་ཞུགས་ཏེ་ཆགས་སྒོ་ཆེན་པོ་ཞིག་བསླངས་ཚེ། གོ་སྐབས་ངང་སྒུག་བྱེད་བཞིན་པའི་དྲག་པོའི་དམར་གཞུང་གི་འདོད་ཐོག་ཏུ་རྟ་རྒྱུག་པ་རེད། དེ་ཡང་༧ གོང་ས་མཆོག་དང་རང་གཞུང་ལ་རྒྱ་ནག་དམར་གཞུང་གིས་མ་ཉེས་ཁ་གཡོག་དང་རྫུན་པ་བདེན་ སྒྲིག་གིས་འཇིགས་སྐུལ་རིང་ལུགས་པ་དང་དྲག་སྤྱོད་པའི་ཞྭ་ནག་བཙན་ཤེད་ཀྱིས་བསྐོན་ཅི་ཐབས་བྱེད་པ་སོགས་ལེགས་འགྲུབ་བྱུང་སོང་བ་རེད།
དྲག་པོར་དྲག་རྒོལ་བྱེད་དགོས་ཟེར་བ་སོགས་ནི་བསམ་བློ་ནན་ནན་ཏིག་ཏིག་མ་བཏང་བར་ཧོལ་རྒྱུག་དང་ཚོར་ཤེས་མ་སྙོམས་པའི་སྐད་ཆ་ཞིག་རེད། བཞི་བཅུ་ཞེ་གྲངས་ནས་ད་ལྟའི་བར་གྱི་གནས་བབ་དང་ཆགས་སྒོ་ལ་བསམ་གཞིགས་དང་ཕྱིར་རྟོག་ཞིབ་ཏུ་གནོངས་དང་། ང་ཚོ་བོད་མི་རིགས་ཀྱི་རྒན་དར་གཞོན་གསུམ་ལ་དམར་པོའི་གཞུང་གི་དྲག་དམག་གི་བཙན་འཛུལ་ལ་དྲག་རྒོལ་དང་དྲག་ལངས་བྱེད་པའི་སྙིང་རུས་མེད་སོང་བ་གཏན་ནས་མ་རེད་ལ། དེ་ལྟར་བྱེད་པ་ཡང་སྔར་ནས་ད་བར་མང་མེད་ན་ཉུང་ཡོད་བ་མ་རེད། དེ་ལྟར་བྱེད་པའི་ཁྲོད་ནས་བོད་མི་ཁྲི་ཁྲི་འབུམ་འབུམ་གྱི་ཚེ་སྲོག་ཤོར་བ་སོང་བ་ལས། ངེད་ཚང་ལ་རྒྱལ་ཁ་ཅི་ཞིག་ཐོབ་ཡོད། རྒྱ་དམག་ག་ཚོད་ཞིག་གསོད་ཐུབ་ཡོད།
དེ་ཡང་རྒྱ་ནག་དམར་པོའི་གཞུང་གི་དམག་དཔུང་དང་གོ་མཚོན་གྱི་སྟོབས་ཤུགས། བོད་མིའི་དྲག་རྒོལ་གྱི་སྟོབས་ཤུགས་ལས་ལྡབ་འགྱུར་ཀྱིས་ཆེ་དྲགས་པ་དང་། ང་ཚོའི་མི་གྲངས་ལས་རྒྱ་དམར་གྱི་དམག་གྲངས་མང་དྲགས་པས་མ་རེད་དམ། དེར་བརྟེན། ཅི་ཙམ་གྱིས་སྙིང་སྟོབས་ཆེར་སྐྱེད་ཀྱིས་དྲག་རྒོལ་དང་དྲག་ལངས་བྱས་ ན་ཡང་སྔར་བཞིན་བསྐྱར་ཏུ་བོད་མི་ཁྲི་སྟོང་འགའི་ཚེ་སྲོག་ལ་བརྡབ་གསིག་དང་བོད་མིའི་མི་གྲངས་ཉུང་བྲི་བྱེད་པ་ལས་གཞན་ཅི་ཞིག་ཡོད། སྒོང་ང་རྡོ་ལ་བརྡབ་ན་སྒོང་ང་ཆག་རྒྱུ་ལས་རྡོ་ལ་ཅི་ཡང་གནོད་མི་ཐུབ་པའི་གནས་ལུགས་ལ་ཡང་བསམ་བློ་ཞིག་བཏང་ན་རེད།
ཡང་གཅིག་བཤད་ན། རང་ཉིད་བདེ་ས་འཇམ་ས་ཞིག་ཏུ་བསྐོངས་ནས་ཁ་སྤོབས་ཆེན་པོས་མི་རིགས་ཀྱི་བདེ་ སྡུག་གི་ཆེད་དུ་དྲག་རྒོལ་དང་དྲག་ལངས་ཀྱི་ཐབས་རྩོད་བྱེད་དགོས་ཞེས་འུར་སྒྲོག་བྱས་ཏེ། ཡང་བསྐྱར་བོད་མི་རིགས་ཀྱི་ཚེ་སྲོག་ཁྲི་ཁྲི་འབུམ་འབུམ་རྒྱ་ནག་དམར་གཞུང་གི་དྲག་པོའི་དམག་གི་མདུང་རྩེར་གཤམས་ནས་སྔ་ལམ་དུ་བརྫང་ན་ཁྱོད་ཚོའི་ཞེ་ནས་བཟོད་ཐབས་ཡོད་དམ། ད་དུང་མི་རིགས་ཀྱི་ཆེད་དུ་ཡིན་པའི་སྐྱོན་མེད་ཟེར་ན། དངོས་གནས་ཁྱོད་ཚོ་ནི་རྒྱ་དམར་ལས་ཀྱང་སྙིང་རྗེ་མེད་པ་ཞིག་རེད་འདུག ང་ཚོ་མི་རིགས་འདིའི་བདེན་པའི་ཐབས་རྩོད་ཀྱི་ཆེད་དུ་རིགས་མཐུན་གྱི་སྤུན་ཟླ་ཚོའི་ཚེ་སྲོག་ཤོར་བ་མང་མེད་ན་ཉུང་གཏན་ནས་མེད།
རྒྱ་ནག་དམར་པོའི་གཞུང་གིས་དྲག་པོའི་དམག་དཔུང་ས་ཡ་མང་པོ་བསྡུ་རུབ་ཀྱིས་སྐུང་སྒྲིག་དང་། དྲག་སྤྱོད་ཀྱི་གོ་མཚོན་འདྲ་མིན་བཟོས་བཟོས་ནས་དེ་དག་ང་ཚོ་ལྟ་བུའི་མི་རིགས་ཉམས་ཆུང་ཞིག་གི་ཐོག་ཚོད་ལྟ་དང་སྦྱོང་བརྡར་གྱི་གོ་སྐབས་ལ་སྒུག་ཡོད་པ་ཤེས་གསལ་རེད། དེ་ལྟར་ཤེས་བཞིན་དུ་མདུང་ཁར་མཆོངས་དགོས་དོན་གང་ཡིན་ནམ། དེར་བརྟེན། ང་ཚོའི་ཞི་བའི་ཐབས་རྩོད་ཀྱི་ལངས་ཕྱོགས་དང་ཆོད་སེམས་ལ་འགྱུར་བ་གཏན་ནས་འགྲོ་མི་རུང་། གཞིས་ལུས་བོད་མི་ཚོས་ཀྱང་དངོས་ཡོད་དང་གནས་ལུགས་དེ་དག་ཤེས་རྟོགས་ཀྱིས་ཆེས་མཐོའི་ཞི་རྒོལ་གྱི་ལམ་འདིར་(གསོན་བསྲེགས)མི་ཞུགས་ཐབས་མེད་བྱུང་བ་རེད།
ཡང་གཅིག་བཤད་ན། དྲག་རྒོལ་དང་དྲག་ལས་ཀྱི་སྦྱོར་བ་རྩོམ་དགོས་ཟེར་མཁན་ཚོས་རང་ཉིད་ཕག་ཏུ་བསྐུངས་ནས་དྲག་རྒོལ་དང་དྲག་ལས་ཀྱི་སྦྱོར་བ་རྩོམ་དགོས་ཞེས་འུར་སྒྲོག་བྱས་ཏེ། གཞན་འཆི་ལམ་དུ་བརྫངས་རྒྱུ་དེ་ཡིན་རྒྱུ་མ་རེད། དེ་མིན་པར་དོན་དངོས་ཡིན་ན། དྲག་ལས་ཀྱི་ཐབས་ལམ་དང་གྲྭ་སྒྲིག་ཇི་ལྟར་ཡོད། དྲག་ལས་ཀྱི་སྦྱོར་བརྡར་དང་གོ་རྟོགས་ཅི་ཙམ་ཡོད། དྲག་ལས་ཀྱི་འགད་རྫས་དང་གོ་མཚོན་གང་དུ་ཡོད། དྲག་ལས་ཀྱི་སྦྱོར་བ་རྩོམ་པ་ལ་འདི་དག་ངེས་པར་ཏུ་ཚང་དགོས་པར་འདོད། དེ་དག་གང་ཡང་མེད་ན་དྲག་ལས་རྩོམ་དགོས་ཟེར་བ་ནི་སྦོམ་བཤད་ཁོ་ན་རེད།
༢༠༡༢།༡༢།༥ ཉིན་ལ།
རྨེའུ་དཀོན་རྒྱམ་གྱིས་རྒྱུན་དུ་ནས་ཐབས་རྩོད་ཀྱི་ཇུས་གསར་བ་དང་རྣོ་པོ་དེ་འདྲ་སློང་གིས་འདུག
དེར་བརྟེན་འཇམ་བྷེ་ཡི་སྐད་ཆ་འདི་ལས་ཐབས་རྩོད་ཀྱི་ཐབས་ཇུས་གསར་བ་དང་ཉེ་ལམ་གྱི་ཁ་ཕྱོགས་ཐོས་བ་གང་ཡང་བཏོན་མི་འདུག་པའི་དགོངས་ཚུལ་གསུངས་འདུག ངའི་བསམ་ན་ངེད་བོད་པ་ཚང་ལ་༧གོང་ས་མཆོག་གིས་ལམ་སྟོན་གནང་བའི་ཐབས་ལམ་དང་ཁ་ཕྱོགས་འདི་ལས་ལྷག་པ་ཞིག་མི་འདུག་བསམ། ཡིན་ཡང་ང་ཚོའི་སྤྱི་ཚོགས་ནང་དུ་མི་སྐོར་ས་ལྡིང་ནམ་ལྡིང་གིས་འཕག་འཚག་བརྒྱབ་སྟེ་ཐབས་རྩོད་ཀྱི་ཁ་ཕྱོགས་ལ་བསྒྱུར་བཅོས་དགོས་རབས་མང་མང་བཤད་མོད། དེ་ལས་ལྷག་པའི་ཐབས་རྩོད་ཀྱི་ཐབས་ཇུས་གསར་བ་དང་འབྲེལ་ཐག་རྣོ་མྱུར་ཅན་དེ་འདྲ་གང་ཡང་ད་བར་ཁོང་ཚོར་སྟོན་རྒྱུ་མི་འདུག མེད་བཞིན་དུ་ད་དུང་ཡང་ཨུ་ཚུགས་རྒྱག་གི་འདུག རྨེའུ་དཀོན་རྒྱམ་གྱིས་ཀྱང་དེ་སྐོར་ནས་རྩོམ་ཡིག་སྔ་ཕྱི་ཐེངས་ཁ་ཤས་སྤེལ་སོང་མོད། དེའི་ནང་དུ་ཁོང་གིས་འཇམ་བྷེ་ལ་བཤད་པ་བཞིན་ཐབས་རྩོད་ཀྱི་ཇུས་གཞི་གསར་བ་དང་ཐབས་ཤེས་རྣོ་མྱུར་ཅན་དེ་འདྲ་གང་ཡང་མཐོང་རྒྱུ་མི་འདུག
ཨ་ཚེ་འབར་ཀྱིས་བཤད་པ་བདེན་པ་རེད། སྐད་ཆ་གང་བཤད་ན་ཡང་གཟབ་གཟབ་བྱེད་དགོས་པ་གལ་ཆེན་རེད།
འཇམ་བྷེས་སྐད་ཆ་བཤད་སྟངས་དེས་མི་གང་མང་ཞིག་ལ་ཕོག་ཐུག་བཏང་ཡོད་ས་རེད། ཡིན་ན་ཡང་།
ཁོང་གིས་ཀྱང་རང་གི་ལངས་ཕྱོགས་དང་བོད་སྤྱི་བ་ལ་སེམས་ཁུར་ཡོད་པའི་སྐད་ཆ་འགའ་བཤད་པ་ལས་མི་སྒེར་ཀྱི་སྐྱོན་འཚང་ཆེད་བརྗོད་ཀྱིས་སེམས་ནག་དེ་འདྲ་བྱེད་མི་འདུག་བསམ།
རྡ་སར་གནས་བའི་མི་་་ཞེས་སྐྱོན་འཛུགས་བྱས་ཡོད་པས་རེད་ཟེར་ན་དེ་ནི་གོ་བ་ལེན་སྟངས་མ་ཤེས་བ་རེད།
རྡ་སའི་མི་སྐོར་ཞིག་གིས་ཤེས་ཡོན་དང་བསམ་བློ་གོ་རྟོགས་མེད་ཡོད་གང་ལྟར་ཡང་༧་རང་གཞུང་ནས་བཟུང་གི་མཚོན་རང་ཉིད་ཀྱི་ལྟ་བ་མི་མཐུན་ས་དང་བློ་ཐག་མི་ཉེ་ས་གང་ཡིན་ལ་ཁ་རྡུང་གཏོང་བ་དང་སྡིག་དམོན་བྱེད་ཀྱིན་འདུག་པས་དེ་དག་ལ་ཐད་ཀར་འཛུབ་མོ་བཙུགས་ནས་ཐེར་འདོན་྄བྱེད་ན་ཏག་ཏག་རེད་བསམ། ་་ཡིན་ཡང་རྡ་སར་གནས་བའི་མི་ཡོད་ཚད་དེ་ལྟར་ག་ལ་ཡིན། དངོས་གནས་དྲང་གནས་ང་ཚོ་བོད་ཚང་གི་བསྟན་སྲིད་གཉིས་ལ་རླབས་ཆེན་གྱི་བྱ་བཞག་སྒྲུབ་མཁན་དག་ཡང་དེར་འཛོམས་ཡོད་པ་རེད།
འཇམ་བྷེ་ལགས་ཀྱི་བསམ་ཚུལ་བཟང་བོ་འདུག
ཁག་ཅིག་གིས་དྲག་པོར་དྲག་པོས་རྒོལ་དགོས་ཚུལ་ལས། རྒོལ་སྟངས་ཀྱི་ཐབས་བྱུས་བཏོན་མི་འདུག ད་ཐེངས་ཀྱི་བསམ་ཚུལ་འདི། རྨང་གཞི་ཙམ་བསྐྲུན་པ་ཡིན་ན་མི་ཤེས་མ་གཏོགས། ཐབས་ལམ་ཞིག་སྟོན་རྒྱུ་ཡོད་ན། འདང་རྒྱག་ཆོག་གི་རེད། གྲོས་བསྡུར་བྱེད་ཆོག་གི་རེད།
ཡིན་རུང་། ཐབས་ལམ་དང་རིགས་པ་མེད་པའི་བསམ་ཚུལ་འདིའི་རིགས་ཀྱིས། མི་མང་བྱིངས་ཀྱི་བསམ་བློ་དཀྲུགས་སྲིད་པས། གོ་རིམ་དང་ཐབས་བྱུས་ཡོད་པའི་སྒོ་ནས། རྒྱབ་ལྗོངས་དང་འགྲོ་ཕྱོགས་ཡོད་པའི་ཐོག་ནས་བསམ་ཚུལ་གྱི་རྨང་གཞི་བསྐྱེད་པ་ཡིན་ན། གྲོས་བསྡུར་འགྲོ་སའི་ལམ་ཁ་ཡོད་རེད།
བསམ་ཚུལ་འདིའི་རིགས་ལ། ཐབས་ལམ་སོགས་ཀྱིས་མི་འགྲིག་པར་ཆ་རྐྱེན་དང་བློས་གཏོང་གི་ཁ་ཕྱོགས་གང་ཞིག་ཏུ་བསྒྱུར་མིན་ལ། ངེས་པར་དུ་རྒྱང་ལྟ་ཆོད་དགོས། མ་ཟད། མི་མང་གི་སྟོབས་ཤུགས་ཆིག་སྒྲིལ་གང་འདྲ་བྱེད་རྒྱུ་ཡིན་མིན། རོགས་སྐྱོར་གྱི་རྒྱབ་རྩ་ག་འདྲ་འཚོལ་ཡིན་མིན་སོགས་ཞིབ་འདང་རྒྱག་དགོས་པ་ཐེངས་འདིའི་བསམ་ཚུལ་གྱི་ཆེས་མ་མཐའི་མ་རྩ་རེད།
གྲོགས་ཀྱིས་སྐད་ཆ་བཤད་སྟངས་ཧ་ཅང་སྣང་བ་འགྲོ་སོང་། ཡི་གེ་གཅིག་བྲིས་ཀྱང་བརྗོད་བྱ་ལ་ལྟ་དགོས་པ་ད་ལྟའི་དུས་སུ་གལ་ཆེན་རེད། ལྷག་པར་མི་རིགས་ཀྱི་ཚེ་སྲོག་དང་འབྲེལ་བའི་སྐད་ཆ་བཤད་དུས་ཡིད་གཟབ་དགོས་པ་ལས་ཚོར་སྣང་གི་རྗེས་སུ་འབྲང་རྒྱུ་མི་འདུག ཁག་ཅིག་ཚོར་བས་བཟི་འདུག འོན་ཀྱང་བཟི་སྟངས་དེ་ནོར་འཕྱུག་མང་གི
ཧ་ཧ་ཧ་འཇམ་བྷེ་ལགས་དྲག་པོ་བྱེད་མིའི་ཉ་དང་ཉུང་མ་མཉམ་བསྲེས་ཀྱི་ལས་འགུལ་ནམ་ཡང་སྤེལ་གི་མ་རེད།་ལར་ཡང་༧ གོང་ས་མཆོག་ལ་གནོད་རིགས་ཡོངས་གཞི་བཟོ་གི་མ་རེད། ལས་གང་ཡང་བསམ་བློ་སྔ་སོང་གིས་འཇུག་པ་ལས་ཕྱི་བཤོལ་རིགས་མེད་པ་དགོས་པ་རེད། ད་༧ གོང་ས་མཆོག་ཆབ་སྲིད་གནང་གི་མེད་དུས་བོད་དགྲ་ལག་ནས་ལེན་རྒྱུ་དང་། ལས་འགུལ་སྤེལ་ཕྱོགས་དེ་ལས་སླ་རུ་ཕྱིན་པ་ལས་དཀའ་བའི་ཕྱོགས་སུ་སོང་བ་ངོས་འཛིན་ཞུ་ཡི་མེད། བོད་མིའི་རྩ་དོན་སྒྲུབ་མིན་དེ་ཉིན་གཅིག་དང་། ལོ་གཅིག། མིན་པ་ལོ་ནས་ལོ་འཐུད་དེ་བྱེད་དགོས་པ་རེད་ལ་དེ་ཡང་རིག་གཞུང་རྒྱུན་འཛིན་པས་དེའི་ཆེད་འབད་དགོས་པ་དང་། དྲག་རྒོལ་གི་ཆབ་སྲིད་འཐབ་རྩོད་པས་དེའི་ཆེད་འབད་དགོས་པ་དང་། དབུས་བོད་བོད་མིའི་སྒྲིག་འཛུགས་ནས་བོད་མིའི་སྒྲིག་འཛུགས་འདི་མི་ཉམས་སྲ་བརྟན་གནང་དགོས་པ་རེད། ཨ་ནི་འཐབ་དང་རིག་པ་སྣ་མང་གི་ཐོག་ནས་བོད་ལེན་ཐུབ་པ་རེད་མ་གཏོགས་འགའ་ཤས་དྲག་རྒོལ་ཞེས་རྣ་ཡུལ་དུ་ཐོས་པ་དང་ སྙིང་རྩ་འདར་འགྲོ་བ་ནི་བོད་མིའི་ལ་ཞེན་དམན་པའི་རྟགས་རེད། ད་རིང་འདི་ལྟར་ལེགས་སོ།
༼ བོད་རིགས་དཔའ་མཛངས་བདེན་དོན་རྒྱལ་གྱུར་ཅིག༽
བསམ་ཚུལ་འདོན་ན་འཇམ་བྷེ་ནང་བཞིན། ཕྱོགས་ཡོང་ནས་བཤད་རྒྱུ་ཡོད་པ་དང་། གནས་ལུགས་ཡོད་པ། དངོས་ཡོད་དང་མཐུན་པ་འདི་འདྲ་འབྲི་དགོས་པ་རེད། བསམ་ཚུལ་རྩོམ་ཡིག་འདི་བདག་ཡིད་ཤིན་ཏུ་བབས་པས་རྩོམ་པ་པོར་ཐུགས་རྗེ་ལེགས་སོ་ཞུ་རྒྱུ་ཡིན་པ་མ་ཟད། མུ་མཐུད་ནས་དགོས་སར་འདི་ལྟར་སླེབས་རྒྱུ་དེ་ཡིན། གཞན། འཇིགས་སྣང་བྱེད་མི་དགོས་པའི་ས་མགོ་རིལ་ས་ན། སྙིང་ཕ་བོང་ལྟ་བུ་ཡོད་པའི་ནམ་རྒྱུན་བོད་མི་རིགས་ལ་ཤ་ཚ་མདོག་དང་། སྙིང་ཉེ་རབས་བྱེད་མཁན། སྔ་ཕྱིར་བསམ་གཞིགས་མི་བྱེད་མཁན་ཚོས་སྦྱོར་བ་ནི་ཡིད་ལ་གང་དྲན་དྲན་བཤད་ཀྱི་དེ་རེད། གང་དྲན་དྲན་བཤད་རྒྱུ་ནི་རྒྱུ་མཚན་མེད་པས་སོ།།