རྒྱ་ནག་གཞུང་གིས་བོད་མདོ་སྨད་ཀླུ་ཆུ་རྫོང་ཟམ་ཚ་ཞང་ལོ་ཙོ་སྡེ་བའི་དགེ་འདུན་པ་གཅིག་གཙོས་བའི་བོད་མི་བརྒྱད་སྔ་ཕྱིར་འཛིན་བཟུང་བྱས་ཏེ། ད་ཆར་གར་ཡོད་ཅི་བྱུང་གི་གནས་ཚུལ་མ་ཤེས་པར་ལྷག་འདུག
ངྷ་སར་གནས་སྡོད་འཕྲིན་ལས་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༡༢ ཚེས་ ༢༠ ཉིན་རྒྱ་གཞུང་གིས་བོད་མདོ་སྨད་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ཟམ་ཚ་ཡུལ་ཚོའི་གདོང་ཟུག་དགེ་ལྡན་ཤེས་རབ་ཕུན་ཚོགས་རབ་རྒྱས་གླིང་གི་རང་ལོ་ ༤༤ ཙམ་ཡིན་པའི་དགེ་འདུན་པ་སྐལ་བཟང་བསམ་འགྲུབ་ལགས་ལ་གྲྭ་ཤག་ཏུ་འདྲི་བརྩད་བྱས་ཡོད་པ་མ་ཟད། ཕྱི་ཚེས་ ༢༡ ཉིན་ཁོང་ཁ་བྲལ་བ་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་འོག་འཛིན་བཟུང་བཙན་འཁྲིད་བྱས་ཏེ། ད་ཆར་ཁོང་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་མ་ཤེས་པར་ལྷག་འདུག
གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། གྲྭ་སྐལ་བཟང་བསམ་འགྲུབ་ལགས་འཛིན་བཟུང་བྱས་རྗེས་ཀྱི་ཉིན་གསུམ་ཡས་མས་སུ་ཀླུ་ཆུ་རྫོང་སྤྱི་བདེ་ཉེན་རྟོག་པས། ༢༠༡༢ ལོའི་ཕྱི་ཟླ་ ༡༡ ཚེས་ ༢༩ ཉིན་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཟིན་པའི་རྒྱལ་གཅེས་དཔའ་བོ་ཚེ་རིང་རྣམ་རྒྱལ་ལགས་ཀྱི་གནས་ཚུལ་ཕྱི་ཕྱོགས་སུ་མཁོ་སྤྲོད་གནང་མཁན་དང་། བོད་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་བཞིན་པའི་ཉེས་འཛུགས་འོག སྔ་ཕྱིར་ལོ་ཙོ་སྡེ་བའི་ཉི་མ་དང་ལྷ་མོ་རྡོ་རྗེ། རྡོ་རྗེ་དོན་འགྲུབ། སྐལ་བཟང་སྐྱབས། སྐལ་བཟང་བསོད་ནམས། སྐལ་བཟང་རྣམ་འདྲེན། བསོད་ནམས་སྐྱིད་བཅས་མི་ ༨ འཛིན་བཟུང་གིས་ཀླུ་ཆུ་རྫོང་དུ་བཀག་ཉར་བྱས་ཡོད་འདུག
ཁོང་ཚོའི་ཁྲོད་སྐལ་བཟང་རྣམ་འདྲེན་ལགས་ནི། རྒྱལ་གཅེས་དཔའ་བོ་ཚེ་དབང་རྣམ་རྒྱལ་ལགས་ཀྱི་བཟའ་ཟླའི་སྤུན་ཆུང་བ་ཡིན་འདུག་ལ། ཁོང་སྐབས་དེའི་གནས་ཚུལ་ཕྱི་ཕྱོགས་སུ་མཁོ་སྤྲོད་བྱས་པའི་ཉེས་འཛུགས་འོག་འཛིན་བཟུང་བཀག་ཉར་བྱས་ཡོད་པ་མ་ཟད། བུད་མེད་བསོད་ནམས་སྐྱིད་ལགས་ཀྱིས་ ༢༠༠༨ ལོར་ལྷ་སར་ཚོང་ལས་གཉེར་སྐབས་ཕྱི་ཕྱོགས་སུ་འབྲེལ་བ་ཡོད་པའི་ཉེས་མིང་འོག་ལྷ་ས་ནས་ཕྱིར་ཕུད་བཏང་བ་དང་། ཉེ་ལམ་ཁོང་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཡོད་འདུག
ཉེ་ལམ་ཁོང་ཚོའི་ཁྲོད་ཀྱི་ཉི་མ་ལགས་ཁ་པར་དང་ཅ་དངོས་རྣམས་གཞུང་བཞེས་བཏང་རྗེས་ཀློད་གྲོལ་བཏང་ཡོད་ཀྱང་། གཞན་རྣམས་ཀླུ་ཆུ་རྫོང་དུ་བཀག་ཉར་བྱས་ཡོད་པའི་ཚོད་དཔག་ཙམ་ལས། གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་འདུག
ཉི་མ་ལགས།
ལྷ་མོ་རྡོ་རྗེ་ལགས།
རྡོ་རྗེ་དོན་འགྲུབ་ལགས།
སྐལ་བཟང་སྐྱབས་ལགས།
སྐལ་བཟང་བསོད་ནམས་ལགས།