དེ་རིང་སྲིད་སྐྱོང་མཆོག་གིས་ཡིག་ཐོག་གི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ད་བར་བོད་མི་ ༡༠༠ ཡིས་རང་ལུས་མེར་བསྲེགས་བཏང་ཡོད་ཅིང་། རྒྱ་གཞུང་གིས་བོད་ནང་གིོ་མེར་བསྲེགས་དེ་ཕྱི་ལོགས་ནས་བརྒྱུད་སྐུལ་བྱས་ཚུལ་བརྗོད་པ་དེར་ངོས་ལེན་མེད་ལ། རྒྱ་གཞུང་གི་མི་སྣ་ཆེད་དུ་ཞིབ་འཇུག་བྱེད་དུ་ཡོང་དགོས་ཚུལ་སོགས་གསུངས་འདུག
དེ་རིང་ཕྱི་ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབྱིན་ཡིག་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཆེ་མཐོང་ནི་མི་རིགས་ཀྱི་སྙིང་སྟོབས་ཡིན། ཞེས་ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༨ ཉིན་རང་ལུས་མེར་བསྲེགས་གཏོང་གནང་མཁན་རང་ལོ་ ༤༢ ཡིན་པ་སྤྲུལ་སྐུ་བསོད་བྷེ་རིན་པོ་ཆེ་མཆོག་གིས་རང་ལུས་མེར་བསྲེགས་མ་གནང་གོང་བྲིས་ཡོད།
ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༨ ཉིན་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་ལས་འགུལ་ཐོག་མ་དེ་སྤེལ་བ་ནས་བཟུང་ད་བར་བོད་མི་ ༡༠༠ རང་ལུས་མེར་བསྲེགས་བཏང་ཡོད།
རྒྱ་གཞུང་གིས་བོད་མིའི་ཐོག་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་མ་ཟད། ཉེ་ཆར་ཡང་བོད་མི་བརྒྱད་དང་འབྲེལ་ཆགས་ནང་མི་ལ་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་དང་འབྲེལ་བ་ཡོད་སྐོར་གྱི་ཉེས་མིང་འོག་ཁྲིམས་མཐུན་མིན་པའི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་ནའང་། ད་དུང་བོད་ནང་རང་ལུས་མེར་བསྲེགས་ཀྱི་ལམ་ནས་རྒྱ་གཞུང་ལ་ཞི་རྒོལ་གནང་དང་གནང་མུས་ཆགས་ཡོད།
ད་བར་རང་ལུས་མེར་བསྲེགས་གཏོང་མཁན་རྒྱལ་གཅེས་པ་ཡོངས་ཀྱིས་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་མིར་རང་དབང་དགོས་ཞེས་མགྲིན་དབྱངས་གཅིག་གྱུར་སྒོ་ནས་འབོད་སྒྲ་བསྒྲགས་དང་སྒྲོག་མུས་ཡིན། ཕྱི་ཟླ་ ༢ ཚེས་ ༣ ཉིན་རང་ལོ་ ༣༧ ལ་སོན་པའི་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་རྣམ་རྒྱལ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད།
བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནང་གི་བོད་མི་ཚོར་དེ་སྔ་ཞུས་པ་ལྟར། རང་ལུས་མེར་སྲེག་གི་ཚབས་ཆེ་བའི་ལས་འགུལ་འདི་རིགས་མ་སྤེལ་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད། འོན་ཀྱང་ཡིད་སྐྱོ་དགོས་པ་ཞིག་ལ་བོད་ནང་ད་དུང་རང་ལུས་མེར་བསྲེགས་དོན་རྐྱེན་མུ་མཐུད་འབྱུང་བཞིན་ཡོད།
བོད་ནང་བོད་མི་རང་ལུས་མེར་བསྲེགས་གཏོང་མཁན་གྱི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་པ་དེ་ནི་རྒྱ་ནག་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་འདོད་བློ་མ་ཁེངས་པར་བརྟེན་བོད་མི་རྣམས་ཀྱིས་འདི་ལྟ་བུའི་ལས་འགུལ་སྤེལ་ཏེ། ཞི་བའི་སྒེར་ལངས་བྱེད་ དགོས་ཐུག་ཡོད། རྒྱ་གཞུང་གིས་ལོ་ངོ་ ༦༠ བརྒལ་བར་བོད་ཐོག་དམ་དྲག་བྱས་སྟབས་ཐབས་སྐྱོའི་གནས་ཚུལ་འདི་དག་འཐོན་བཞིན་ཡོད།
འོན་ཀྱང་རྒྱ་ནག་གཞུང་གིས་དེ་དག་གི་འགན་འཁྲི་ཡེ་ནས་མ་འཁྱེར་བར་བོད་ནང་རང་ ལུས་མེར་བསྲེགས་ཀྱི་གནད་དོན་རྣམས་༸གོང་ས་མཆོག་དང་བོད་མིའི་མགོ་ཁྲིད་རྣམས་ཀྱིས་བརྒྱུད་སྐུལ་བྱེད་ཀྱི་ཡོད་ལུགས་སྐྱོན་འཛུགས་བྱེད་བཞིན་ཡོད།
ང་ཚོས་རྒྱ་ནག་གཞུང་ལ་བོད་ནང་གི་དངོས་ཡོད་གནས་ཚུལ་རྟོག་ཞིབ་སླད་བོད་ལ་རྒྱལ་སྤྱིའི་གསར་འགོད་པ་དང་། གནད་ཡོད་མི་སྣ། དེ་བཞིན་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པའི་མི་སྣ་སོགས་བཀག་འགོག་མེད་པའི་ཐོག་འགྲོ་སྐྱོད་ཆོག་པའི་ཆོག་མཆན་གནང་རོགས་ཞེས་ཞུ་རྒྱུ་ཡིན།
རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་དེ་དག་བོད་མིའི་སྒྲིག་འཛུགས་ཀྱིས་བརྒྱུད་སྐུལ་བྱེད་ཀྱི་ཡོད་པའི་རྒྱ་ནག་གཞུང་ནས་སྐྱོན་འཛུགས་བྱས་དང་བྱེད་མུས་དེར་ང་ཚོའི་ངོས་ནས་རྒྱ་ནག་གཞུང་ལ་འདི་གར་ཞིབ་འཇུག་གནང་བར་ཡོང་རོགས་ཞེས་ཡང་ཡང་ཞུ་བཞིན་ཡོད་པ་དང་ཆབས་ཅིག ཁོང་ཚོར་ང་ཚོའི་ལས་ཁུངས་ནང་འགྲོ་སྐྱོད་ཆོག་པའི་མཐུན་འགྱུར་གྱི་ཁས་ལེན་ཆ་ཚང་ཞུ་རྒྱུ་ཡིན།
རྒྱལ་ཁབ་ཁག་གི་གཞུང་དང་རྒྱལ་སྤྱིའི་སྐུ་ཚབ། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་བཅས་ཀྱི་ངོས་ནས་བོད་མིའི་དངོས་ཡོད་དཀའ་སྡུག་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་དེ་འཕྲལ་མར་མཚམས་འཇོག་ཡོང་ཐབས་སུ་རྒྱ་ནག་གཞུང་དང་དངོས་སུ་འབྲེལ་མོལ་གནང་རོགས་ཞེས་བོད་མིའི་སྒྲིག་འཛུགས་ངོས་ནས་འབོད་སྐུལ་ཞུ་རྒྱུ་ཡིན།
འཕྲལ་དུ་གནང་སྐྱོང་ཡོང་བ་ཞུ་རྒྱུ་ཁག་ནི། འཛམ་གླིང་གི་མགོ་ཁྲིད་རྣམས་ནས་བོད་ནང་རང་ལུས་མེར་བསྲེགས་གཏོང་དགོས་དོན་གྱི་རྒྱུ་རྐྱེན་གཙོ་བོ་གང་ཡིན་མིན་ཞིབ་འཇུག་སླད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་གཙོ་འཛིན་ལྕམ་སྐུ་ན་ཝི་པི་ལེ་མཆོག་བོད་དུ་ཆེད་གཏོང་གནང་རོགས་ཞུ་རྒྱུ་ཡིན། དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ཚོགས་འདུ་ཞིག་ཀྱང་སྐོང་ཚོགས་གནང་རོགས་ཞུས་ཡོད། དེས་བོད་མིར་དམངས་གཙོ་དང་འཚེ་མེད་ཞི་བའི་ལམ་ལ་སྔར་ལྷག་འཇུག་རྒྱུའི་ཕན་ཐོགས་དང་སེམས་ཤུགས་འཕར་རྒྱུ་ཡིན། ཞེས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བར་བཀོད་འདུག
སྲིད་སྐྱོང་མཆོག་ལོ་གསར་མ་སླེབས་སྔོན་ནས་ཨ་རིར་གུང་གསེང་ལ་ཕྱིན་ཚར་བ་ཞིག་གོ་སོ་ང་། བོད་ཕྱི་ནང་གཉིས་ནས་མེ་འབར་སྐབས་སྲིད་སྐྱོང་མཆོག་གིས་ཀྱང་ལོ་གསར་ལ་ལྷོད་སྡོད་གནང་བཟོ་མ་བདེ་བར་ངས་ཀྱང་ཅིག་གནང་གི་ཡོད་མདོག་མདོག་གིས་གསལ་བསྒྲགས་འདི་སྤེལ་བ་ཡིན་ཤག ད་དུང་གསལ་བསྒྲགས་འདི་ཨ་རི་ནས་ཡིག་ཐོག་བརྒྱུད་ཚུར་བཏང་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཀྱི་སྣེ་མ་བ་ཚོར་གསལ་བསྒྲགས་འདི་གང་མགྱོགས་ཁྱབ་བསྒྲགས་གནང་དགོས་པའི་བཀའ་གནང་བ་ཡིན་ཤག