བོད་མིའི་ལོ་བརྒྱའི་རང་བཙན་དུས་དྲན་ཉིན། དེ་སྔ་བོད་ནང་དབྱིན་གཞུང་ལས་བྱེད་གནང་མྱོང་མཁན་ནང་མི་ཁག་ཅིག་གིས། དབྱིན་ཇིའི་སྲིད་བློན་མཆོག་ལ་དོན་ཚན་གསུམ་ཅན་གྱི་བོད་དོན་ཞུ་ཡིག་ཅིག་ཕུལ་འདུག
ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཏེ་༸གོང་ས་བཅུ་གསུམ་པ་ཆེན་པོས་བོད་རང་བཙན་བསྒྲཊ་གཏམ་སྤེལ་ཏེ་ཁྱོན་མི་ ༡༠༠ ཏག་ཏག་འཁོར་བཞིན་པའི་སྐབས་དང་བསྟུན། དེ་སྔ་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ཀྱི་ས་ཁུལ་ཁག་ཏུ་དབྱིན་ཇིའི་སྲིད་གཞུང་གི་ལས་བྱེད་གནང་མྱོིང་བའི་འབྲེལ་ཡོད་ནང་མི་ཁག་ཅིག་གིས། དབྱིན་ཇིའི་སྲིད་བློན་ཌེ་ཝི་ཌི་ཀེམ་རོན་ (David Cameron) མཆོག་གི་མཚན་ཐོག་ཏུ། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་པའི་དོན་ཚན་ ༣ ཙན་གྱི་བོད་དོན་ཞུ་ཡིག་ཅིག་ཕུལ་ཡོད་འདུག
ཐེངས་འདིར་དབྱིན་ཇིའི་སྲིད་བློན་མཆོག་ལ་སྙན་ཞུ་ཡི་གེ་ཕུལ་མཁན་དེ་དག་ནི། ཕྱི་ལོ་ ༡༩༣༥ ནས་ ༡༩༤༥ ལོའི་བར་འབྲས་ལྗོངས་དང་འབྲུག བོད་བཅས་སུ་དབྱིན་གཞུང་ཆབ་སྲིད་འབྲེལ་མཐུད་པ་བྷ་སིལ་གོལ་ཌི་ལཊ་ཀྱི་བུ་ཆེ་བ་རང་ལོ་ ༩༠ ཡིན་པའི་རི་ཆ་ཌི་ཇོན་གོལ་ཌི་ (Richard John Gould) ལཊ་དང་། ཕྱི་ལོ་ ༡༩༥༠ བར་བོད་ནང་དབྱིན་གཞུང་གི་ཏར་འཕྲིན་གཏོང་མཁན་རོ་བྷར་ཊི་ཕོར་ཌི་ལཊ་ཀྱི་བུ་གྷ་ཡེལ་སི་ཕོར་ཌི་ (Mr Giles Ford)། རྒྱང་རྩེར་ཡོད་པའི་དབྱིན་གཞུང་ཆབ་སྲིད་ལས་ཁུངས་ཀྱི་དམག་དཔོན་དང་། ༡༩༤༠ ལོར་ལྷ་སར་༸གོང་ས་བཅུ་བཞི་པ་ཆེན་པོ་མཆོག་གསེར་ཁྲིར་མངའ་གསོལ་སྐབས། དབྱིན་གཞུང་སྐུ་ཚབ་སྐུ་ཞབས་ཌི་ཐོ་རན་བྷར་གྷ་ལཊ་ཀྱི་ཚ་བོ་རི་ཆ་ཌི་ཐོ་རན་བྷར་གྷ་ (Richard Thornburgh) ལཊ། གཞན། དབྱིན་ཡུལ་གློག་བརྙན་འཁྲབ་སྟོན་པ་གྲཊ་ཅན་ལྕམ་ཇོ་ཨ་ན་ལམ་ལེ་ (Joanna Lumley) ལགས་བཅས་ཡིན་འདུག
དབྱིན་ཇི་སྲིད་བློན་མཆོག་ལ་ཕུལ་བའི་ཡིག་ཐོག་གི་རེ་འདུན་དོན་ཚན་གསུམ་ནི། གཅིག དབྱིན་གཞུང་གིས་བོད་རྒྱ་འབྲེལ་མོལ་གྱི་དཀའ་ངལ་སེལ་ཐབས་དང་བསྐྱར་གསོའི་ཆེད་རྒྱ་ནག་མགོ་ཁྲིད་གསར་པ་ཚོར་མཐུན་འགྱུར་གནང་དགོས། གཉིས། དབྱིན་གཞུང་གི་བོད་དོན་དང་འབྲེལ་བའི་སྲིད་བྱུས་ཐོག་བསྐྱར་ཞིབ་དང་ནུས་ཤུགས་ཆེ་རུ་བཏང་ཚེ། དབྱིན་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་ཚད་གཞི་གསལ་སྟོན་བྱ་ཐུབ་པར་མ་ཟད། བོད་མིའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ལྡན་པའི་རིག་གཞུང་ལ་འདྲ་མཉམ་གྱི་རིན་ཐང་སྤྲོད་ཐུབ་ཀྱི་རེད། གསུམ། བོད་མིའི་ཐོག་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་མཚམས་འཇོག་ཡོང་རྒྱུར་སྐུལ་འདེད་དང་། མཉམ་འབྲེལ་རྒྱལ་ཚོགས་ལ་བོད་ནང་གི་དངོས་ཡོད་གནས་སྟངས་རྟོག་ཞིབ་ཆེད་འགྲོ་བ་མིའི་ཐོབ་ཐང་མི་སྣ་ཆེད་གཏོང་གནང་རྒྱུར་སྐུལ་འདེད་དགོས་རྒྱུ་བཅས་ཡིན་འདུག
གསར་འགོད་པ། དཔལ་ལྡན།
ཁོང་རྣམས་པས་དབྱིན་གཞུང་ལ་ཞུ་ཡིག་ཕུལ་བར་ཐུགས་རྗེ་ཆེ་ལོས་ཞུ། ཡིན་ཡང་དཔལ་འབྱོར་གྱི་གནད་དོན་གཙོ་བོ་འཛིན་པའི་དུས་རབས་འདིར། གྲུབ་འབྲས་འཐོན་རྒྱུ་ཞིག་ཁག་པོ་རེད།