གནས་ཚུལ་བཏང་འབྱོར་ལ། ཟླ་ ༣ ཚེས་ ༡༡ མཚན་མོར་ཁམས་སོག་རྫོང་སོག་རོང་སྨད། ཚ་དབྲོག་ཤང་གྲོང་ཚོ་བདུན་པའི་གྲོང་མི་རང་ལོ་ ༤༠ ཙམ་སོན་པ་ཟླ་རྒྱལ་ཟེར་བ་ཞིག རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག
ཕྱི་ཟླ་ ༣ ཚེས་ ༡༡ གི་མཚན་མོར་སོག་རྫོང་གི་ཉེན་རྟོག་པ་ཡོང་ནས་མཚན་མོ་དེ་རང་ལ་ཁོང་འཛིན་བཟུང་བྱས་ཏེ་ཁྲིད་ཡོད་པ་དང་། དེ་རྗེས་ཁོང་གང་དུ་ཁྲིད་པ་དང་གང་དུ་བཀག་ཉར་བྱས་ཡོད་མེད་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་མི་འདུག ཁོང་འཛིན་བཟུང་བྱེད་དགོས་དོན་ནི་ཁ་པར་བརྒྱུད་ཕྱི་ཕྱོགས་ལ་འབྲེལ་བ་བྱས་པའི་དོགས་གཞི་ཡོད་སྐོར་ཁྱིམ་མཚེས་རྣམས་ཀྱིས་ཤོད་ཀྱི་ཡོད་འདུག
ཟླ་རྒྱལ་ནི་དེ་སྔོན་ ༢༠༡༢ ཟླ་ ༡༠ ཚེས་ ༢༣ ཉིན་འཛིན་བཟུང་བྱས་པའི་གྲྭ་པ་བཀྲ་ཤིས་ནོར་བུ་དང་གྲོང་ཚོ་གཅིག་པ་ཡིན་ཞིང་། གྲྭ་པ་དེ་འཛིན་བཟུང་བྱེད་དོན་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ཡོད་པའི་རྐྱེན་གྱིས་ཡིན་སྐོར་འདུག
དེང་སྐབས་རྒྱ་གཞུང་གིས་སོག་རྫོང་དུ་ཁ་པར་ལ་ཞིབ་བཤེར་གྱིས་དམ་དྲག་སྔར་ལས་ཆེ་བ་བྱེད་ཀྱི་ཡོད་པ་དང་། ལོ་གསར་སྐབས་ཞིང་འབྲོག་བར་མི་འགྲོ་སྐྱོད་བྱེད་རྒྱུའི་འབྲེལ་བ་བཅད་པ་སོགས་བྱས་པའི་གནས་ཚུལ་ཡང་འདུག