༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༢༤ བཞེས་ཀྱི་ཡོད་པའི་སྐུའི་འཁྲུངས་ལ་ཉེ་བ་དང་བསྟུན་ཏེ། དེ་རིང་ངྷ་རམ་ས་ལའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་མཉམ་འབྲེལ་ཐོག་རྒྱ་གཞུང་གིས་ཁོང་གང་མགྱོགས་ཀློད་གྲོལ་དགོས་པའི་ལས་འགུལ་ཞིག་སྤེལ་སོང་།
དེ་རིང་ལྷག་དཀར་ཉིན་མོ་དང་བསྟུན་ཏེ་བོད་ཀྱི་བུད་མེད་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། ངྷ་ས་ས་གནས་བོད་ཀྱི་གཞོན་ནུ་བཅས་ཀྱི་གོ་སྒྲིག་འོག ངྷ་ས་ཉིན་མོའི་སློབ་གྲྭའི་སློབ་ཕྲུག་དང་བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་བཅས་ཀྱིས་མེག་གྷན་རླངས་འཁོར་འབབ་ཚུགས་སུ། རྒྱ་གཞུང་གིས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་སྐད་འབོད་ཁྲོམ་སྐོར་དང་མཚན་རྟགས་བསྡུ་རུབ་གནང་སྟེ། རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་གྱི་མགོ་ཁྲིད་ཀྲུའུ་ཝེ་ཆོན་(Zhu Wei qun)ལ་གཏོང་རྒྱུ་ཡིན་འདུག
ལས་འགུལ་གྱི་ཐོག་མར་མི་མང་གིས་གདོང་ལ་པཎ་ཆེན་རིན་པོ་ཆེ་མཆོག་གི་ཞལ་རིས་བཀོད་པའི་འདྲ་འབག་གྱོན་ཞིང་ལག་ཏུ་བོད་ཀྱི་རྒྱལ་དར་འཕྱར་ཏེམེག་ལོ་ཁྲོམ་གཞུང་ནས་ “༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གང་དུ་ཡོད་” ཅེས་དང་། “པཎ་ཆེན་ཆུང་སྲིད་རིན་པོ་ཆེ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་ ” སོགས་ཀྱི་འབོད་ཚིག་སྒྲོག་བཞིན་གོམ་བགྲོད་སྐོར་སྐྱོད་བྱས་རྗེས། མེག་གྷན་རླངས་འཁོར་འབབ་ཚིགས་སུ་ལས་འགུལ་གོ་སྒྲིག་པ་དག་གིས་བོད་དབྱིན་རྒྱ་གསུམ་ཐོག་གཏམ་བཤད་བཅས་སྤེལ་སོང་།
ཚོགས་པ་ཁག་གི་མཉམ་འབྲེལ་བསྒྲགས་གཏམ་ནང་། གོང་གསལ་ཚོགས་པ་ལྔས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་འགོག་སྲུང་ཚན་པ་དང་། བྱིས་པའི་ཐོབ་ཐང་སྲུང་སྐྱོབ་ཚན་པ། ཆོས་དད་རང་དབང་སྲུང་སྐྱོབ་ཚན་པ་བཅས་འབྲེལ་ཡོད་ཚོགས་པ་དག་གིས་༧པཎ་ཆེན་རིན་པོ་ཆེ་མཆོག་ད་ལྟ་གང་དུ་ཡོད་མེད་སྐོར་རྒྱ་གཞུང་གིས་ཕྱི་གསལ་ནང་གསལ་བཟོ་དགོས་པར་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་འདུག
ལས་འགུལ་ཐོག་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་སྒྲོལ་མ་ལགས་ཀྱིས། ལས་འགུལ་འདི་ནི་༧པཎ་ཆེན་ཆུང་སྲིད་མཆོག་ཀློད་གྲོལ་ཐོབ་སྟེ་ཡབ་ཡུམ་ལྷན་མཇལ་དང་། ལྷག་པར་དུ་གདན་ས་བཀྲ་ཤིས་ལྷུན་པོར་ཞབས་སོར་བཀོད་ཅིང་། བོད་རིགས་མི་མང་དང་རྗེས་འབྲང་དད་ལྡན་ཡོངས་ཀྱིས་འདས་པའི་མི་ལོ་ ༡༨ རིང་ཁོང་ཀློད་གྲོལ་འཐོབ་རྒྱུར་ངང་སྒུག་བྱེད་བཞིན་པ་བཅས་ཀྱི་སེམས་འདུན་འགྲུབ་ཆེད་ཡིན་སྐོར་བརྗོད་སོང་། ངྷ་ས་ས་གནས་གཞོན་ནུའི་དྲུང་ཆེ་བཀྲ་ཤིས་ལམ་བཟང་ལགས་ཀྱིས་ “ ༢༠༡༠ ཟླ་ ༣ ནང་བོད་རང་སྐྱོང་ལྗོངས་ཟེར་པའི་མགོ་ཁྲིད་པདྨ་འཕྲིན་ལས་ཀྱིས་གསར་འགོད་པར་དགེ་འདུན་ཆོས་ཀྱི་ཉི་མ་དང་ཁོང་གི་ནང་མི་རྣམས་ད་ལྟ་བོད་ནང་རང་གནས་སུ་མི་ཟེར་དཀྱུས་མའི་ངོ་བོར་མི་ཚེ་ཡག་པོ་སྐྱེལ་བཞིན་ཡོད་ཅེས་ཕྱི་བསྒྲགས་བྱས་ཡོད་ཀྱང་། ང་ཚོའི་ངོ་ནས་མངོན་གསལ་གྱི་དཔང་རྟགས་དང་རྒྱུ་མཚན་གང་ཡང་སྟོན་རྒྱུ་མེད་པའི་གཏམ་བཤད་དེ་སྐད་ཆ་སྟོང་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་” ཅེས་དང་། རྒྱ་ནག་གཞུང་གིས་གནས་ཚུལ་དེར་ཁུངས་སྐྱེལ་ར་སྤྲོད་དགོས་པའི་རེ་འདུན་བཏོན་སོང་།
དེ་བཞིན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དྲུང་ཆེ་གངས་ལྷ་མོ་ལགས་ཀྱིས་རྒྱ་གཞུང་གིས་ཆུང་སྲིད་རིན་པོ་ཆེ་བཙན་ཁྲིད་བྱས་པའི་རྒྱུ་མཚན་ནི་ཁོང་གི་མ་དགོན་བཀྲ་ཤིས་ལྷུན་པོའི་དབང་ཆ་བཙན་བཟུང་ཆེད་ཡིན་པ་དང་། རྒྱ་གཞུང་གིས་ངོ་འཛིན་བྱས་པའི་རྒྱལ་མཚན་ནོར་བུར་མཚོན་ན་ཡང་ད་ཆར་ཁོང་ལ་འགྲོ་འདུག་གི་རང་དབང་མེད་པར་རྒྱ་གཞུང་གི་ཆབ་སྲིད་འཁྲབ་སྟོན་གྱི་ལག་ཆར་བེད་སྤྱོད་བྱེད་ཀྱི་ཡོད་སྟབས། ཁོང་ལའང་འགྲོ་བ་མིའི་ཐོབ་ཐང་མེད་སྐོར་བརྗོད་སོང་།
གཞན་ལས་འགུལ་སྐབས་བོད་མི་ཚོས་ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་གི་ཁ་པར་ཨང་གྲངས་ ༠༡༡–༢༦༡༡༢༣༤༥ འདིའི་ཐོག་ཁ་པར་གཏོང་བ་དང་། དྲ་རྒྱ་སོགས་བརྒྱུད་དེ་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གར་ཡོད་དང་འཕྲལ་དུ་ཀློད་གྲོལ་གྱི་ཞུ་འབོད་བྱ་དགོས་པའི་འབོད་སྐུལ་ཞུས་སོང་། གཞན། དེ་རིང་དགོང་མོ་མེག་གྷན་ཉིན་སློབ་ཚོགས་ཁང་དུ་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུས་ས་གཉིས་ཀྱི་གོ་སྒྲིག་འོག ༧པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་མཛད་རྣམ་གྱི་གློག་བརྙན་གསར་པ་༼༧པཎ་ཆེན་རྗེས་དྲན་༽ཞེས་པ་ཞིག་མང་ཚོགས་ལ་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག
ཡང་བསྒྲགས་གཏམ་དེར “ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཆུང་སྲིད་རིན་པོ་ཆེ་མཆོག་གི་ཡབ་ཡུམ་སྔར་བཞིན་རང་གནས་སུ་བཀག་ཉར་བྱས་ཡོད་པ་དང་། ཁོང་རྣམས་ནས་ཕྱི་ལོགས་ལ་འབྲེལ་བ་བྱེད་མི་ཆོག་པར་ཉེན་རྟོག་པས་དམ་དྲག་དོ་ནན་འོག་གནས་ཡོད་འདུག ༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གི་མ་ཡུམ་ལགས་ཐུགས་སྐྱོ་སྣང་ཆེན་པོའི་སྒོ་ནས་འབྲེལ་ཡོད་ཚོར། ཁོང་མོ་ནི་བསོད་ནམས་དམན་ཤོས་ཀྱི་ཨ་མ་གཅིག་ཡིན་བསམ་གྱི་ཡོད་པ་དང་། རྒྱུན་དུ་ཞེད་སྣང་དང་དངངས་འཚབ་ཀྱི་འོག་གནས་དགོས་ཤིང་། རང་ཉིད་ཀྱི་བུ་ད་ཆ་སྐུ་འཚོ་བཞུགས་ཡོད་མེད་ཀྱི་གནས་ཚུལ་སྤུ་ཙམ་ཡང་ཤེས་ཀྱི་མེད་ཅེས་ཐུགས་འཚབ་ཆེན་པོ་གནང་གི་ཡོད་པའི་གནས་ཚུལ་ཐོན་འདུག”ཟེར་བ་ཞིག་ཀྱང་འཁོད་འདུག
༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ ༡༩༩༥ ལོར་དགུང་གྲངས་ ༦ ལ་སོན་སྐབས། ༧གོང་ས་མཆོག་གིས་༧པཎ་ཆེན་སྐུ་ཕྲང་བཅུ་བའི་ཡང་སྲིད་དུ་ངོས་འཛིན་གནང་རྗེས། རྒྱ་ནག་གཞུང་གིས་ཆུང་སྲིད་རིན་པོ་ཆེ་དང་ཡབ་ཡུམ་སྐུ་འཁོར་དང་བཅས་པ་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་ཆགས་ཏེ་ད་བར་མི་ལོ་ ༡༨ ཕྱིན་ཡོད་པ་དང་། སང་ཉིན་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དགུང་གྲངས་ ༢༤ བཞེས་པའི་སྐུའི་འཁྲུངས་སྐར་ལ་འཁེལ་ཡོད་ཀྱང་། ད་སྔ་མི་སུ་གཅིག་གིས་ཀྱང་ཁོང་གར་ཡོད་ཅི་བྱུང་གི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་ལྷག་ཡོད།
ཁ་བརྡའི་ནང་ན་བསམ་ཚུལ་འདི་འདྲ་ཞིག་འདུག
༡༽ ཤར་ཕྱོགས་ཁུག་རྟ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༥ གི་ཆུ་ཚོད་ ༧ སྐར་མ་ ༥༦
པཎ་ཆེན་རྒྱལ་མཚན་ནོར་བུ་ལ་ཉེས་པ་གང་ཡང་མེད། ཁོང་ལའང་བོད་མི་སྤྱི་མཚུངས་ལྟར་རང་དབང་མེད་ལ། ཐ ན་རང་ལུས་རང་དབང་མེད་པར་རྒྱ་ནག་གི་བཙན་བཀའི་འོག་མགོན་པོ་ཚེ་བརྟན་ནམ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་བདག་གིར་བཞེས་བཞིན་ཡོད། སྐུ་གོང་མ་སྐུ་ཕྲེང་བཅུ་བའི་གནས་སྟངས་ལ་བལྟས་ན། བུ་རང་གིས་འཇོན་མ་འཇོན་ཞིག་ལས་གཞན་གང་ལའང་རེག་ལས་མེད་པའི་རྣམ་ཐར་ཞིག་བདག་གིར་བཞེས་ཡོད་སྟབས། པཎ་ཆེན་རྒྱལ་མཚན་ནོར་བུས་ཀྱང་ཨ་མདོའི་མགོན་པོ་ཚེ་བརྟན་བཞིན་བོད་མི་རིགས་ཀྱི་རྩ་དོན་ལ་ཤ་ཚ་འབད་འབུངས་ཅི་ཙམ་བྱ་མིན་གྱིས་རང་ཉིད་པཎ་ཆེན་ཡིན་མིན་ཐག་གིས་ཆོད་ཀྱི་རེད་བསམས་ལ། པཎ་ཆེན་རིན་པོ་ཆེར་བོད་མི་རིགས་ལ་ཕན་ཐོག་པའི་བུ་དཔའ་བོ་སྟག་འདྲ་བའི་སྤྲུལ་སྐུ་གསུམ་ཡོད་ནའང་མང་སྐྱོན་མི་འདུག་ལ། ཕན་མ་ཐོག་ན་གཅིག་ཀྱང་མེད་ནའང་དེས་དགའ་ཞེས་སོར་སྐྱེ་ཕལ་བས་རྟག་ཏུ་འདོད་བཞིན་ཡོད།།
ངས་པན་ཆེ་བླ་མ་ཁྱེད་གང་དུ་བཞུགས་ཡོོད་དམ།། ཁྱེད་བོད་མིའི་མགོན་པོ།
གངསལྗོངས་ཀྱི་མེ་ཏོག་། བོང་ཚང་གི་གལ་ཆེའི་སྙིང་ནོར། གང་ན་བཞུགས་སམ། ད་རེ་སྐུ་པད་དཀར་གྱི་འདབ་མར་བསྟན་དགྲའི་དྲི་ཡི་མ་གོས་པ་གང་ཉིད་འཚོ་བཞིན་བཞུགས་པ་ཡིད་སྣང་དུ་རྟེན་འབྲེལ་བྱེད། དཀོན་མཆོག་མཁྱེན་
གྲོགས་པོ་ལྷ་དབང་ལགས། གསར་འགྱུར་གྱི་འགོ་བརྗོད་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་ཅེས་བྲིས་འདུག་པས་ལས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ཞེས་བྲིས་མི་འདུག་པ་མ་ཟད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔའི་ཁོངས་སུ་ས་གནས་ཡན་ཚོགས་པ་སུ་ཡང་ཚུད་མེད། དེ་ནི་བོད་གཞུང་གིས་ཡིག་ཐོག་ནས་ངོས་འཛིན་གནང་བ་ལྟར། བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཞི་དང་། དེའི་ཐོག་བོད་རང་དབང་སློབ་ཕྲུག་ཚོགས་པ་བཅས་རེད། གསར་འགྱུར་དུ་གོང་འཁོད་ཚོགས་པའི་ནང་ས་གནས་ཀྱི་ཡན་ལག་ཚོགས་སོགས་ཚུད་འདུག་་་་ཞིབ་ཚབས་པོར་གཟིགས་དང་་་མཁྱེན་ངེས་ཡིན་་་་
ཇཱོག་ཚ་ལ་་་་་་་་་ རྡ་རམ་ས་ལའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཟེར་བ་དེ་ཚོར་ངོ་མ་ཇོག་ཚ་བ་ལ། སྔོན་མ་བོད་ཀྱི་གཞོན་ནུ་དང་བུད་མེད། མང་གཙོ་དང་དགུ་བཅུ་གསུམ། རང་དབང་སློབ་ཕྲུག་ཚོགས་པ་སོགས་ལ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ཟེར་སྲོལ་ཡོད་རེད། ད་ལྟ་མང་གཙོ་ཚོགས་པ་ཟུར་དུ་ཕུད་དེ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ཟེར་བ་ཞིག་གསར་འཇུག་བྱས་འདུག དེ་ངོ་མ་དགོད་བྲོ་བོ་འདུག
ལངས་ཕྱོགས་དང་ལྟ་གྲུབ་ཀྱི་ཐད་ནས་བོད་ཀྱི་བུད་མེད་ལྷན་ཚོགས་དབུ་མའི་ལམ་རེད། གཞོན་ནུ་དང་མང་གཙོ། དགུ་བཅུ་གསུམ། སློབ་ཕྲུག་སོགས་རང་བཙན་རེད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ཟེར་བ་དེ་ག་རེ་ཡིན་མིན་ཧ་གོ་མ་སོང་། ཚོགས་པ་ལྔས་ནང་འཇུག་བྱེད་སྟངས་ལ་ལྟོས་ན་ཁོང་ཅག་ལ་དགོས་མཁོ་ཅན་ཞིག་ཡིན་ཤག་རེད།