རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༨ ལོའི་གསུམ་པའི་བཅུ་བཞི་ཡི་ཚོར་བ་རྣོ་བའི་དུས་ཚེས་དང་བསྟུན་བོད་ས་ཁག་ཅིག་ཏུ་དོགས་ཟོན་ཞིབ་བཤེར་ཤུགས་སྣོན་བྱེད་བཞིན་ཡོད་འདུག
རྒྱ་ནག་གཞུང་གིས་གསུམ་བཅུའི་དུས་དྲན་གྱི་སྔ་གཞུག་ཀུན་དུ་བོད་ནང་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༠༨ ཟླ་༣ ཚེས་ ༡༤ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་དང་རྔ་བ་རྫོང་གཙོ་བོར་གྱུར་བའི་བོད་ཁུལ་གྱི་ས་ཆ་མང་པོའི་ནང་ཞི་རྒོལ་གཞི་རྒྱ་ཆེན་པོ་གནང་པའི་ཚོར་བ་རྣོ་བའི་དུས་ཚེས་འདི་དང་བསྟུན། རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཅིག་ནང་གསུམ་བཅུའི་དུས་དྲན་ལས་ཀྱང་དམ་དྲག་དོགས་ཟོན་ཤུགས་ཆེ་རུ་གཏོང་བཞིན་ཡོད་འདུག
འདི་གར་འབྲེལ་ཡོད་ཅིག་གིས་བརྗོད་པ་ལྟར་ན། ང་ཚོའི་ཕྱོགས་ནས་གསུམ་བཅུའི་དུས་དྲན་ལ་དེ་ཙམ་དོ་སྣང་དང་དམ་དྲག་སོགས་བྱེད་ཀྱི་མི་འདུག་མོད། ཟླ་ ༣ ཚེས་ ༡༤ ཉིན་དེ་ཧ་ཅང་ཛ་དྲག་གི་དུས་ཚོད་ཅིག་ཏུ་རྩིས་ནས་མི་ཚང་མར་ལྟ་རྟོག་ནན་མོ་བྱེད་བཞིན་པ་མ་ཟད། ཉེན་རྟོག་པ་དང་དམག་མི་སོགས་འགྲེམས་འཇོག་གིས་རྫིག་རྫིག་རྔམ་རྔམ་ཆེན་པོ་བྱེད་བཞིན་འདུག ཉེན་རྟོག་པ་དང་དམག་མིས་མཚན་གུང་སོགས་སུ་གང་བྱུང་ཞིབ་བཤེར་བྱེད་ཀྱི་འདུག སྲང་ལམ་སོགས་སུ་རླངས་འཁོར་དང་འཕྲུལ་རྟ་སྐོར་ནས་འགྲོ་མཁན་ལའང་བཀག་འགོག་དང་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། དམིགས་བསལ་གྱིས་མི་ཚོགས་འཛོམས་སའི་དྲ་ཁང་དང་ཇ་ཁང་ནང་དུ་ལྟ་རྟོག་ནན་མོ་དང་། མི་སྒེར་གྱི་ཁ་པར་ནང་དུ་པར་ག་རེ་ཡོད་མེད་ལའང་ཞིབ་བཤེར་བྱེད་བཞིན་ཡོད་པ་མ་ཟད། མི་རེ་རེའི་མིང་དང་ཐོབ་ཐང་ལག་འཁྱེར་སོགས་ཐོ་འགོད་བྱེད་བཞིན་འདུག ཅེས་བརྗོད་བྱུང་།
ཉེ་སྔོན་བོད་ནང་གཉེན་འཕྲད་དུ་ཕྱིན་ཏེ་ཕྱིར་རྒྱ་གར་ནང་འབྱོར་བའི་བོད་མི་ཞིག་གིས་འདི་གའི་གསར་འགོད་པར། ཕྱི་ཟླ་ ༣ པ་མགོ་ཚུགས་པ་ནས་མདོ་སྨད་ཕྱོགས་ཀྱི་ས་ཁུལ་མང་པོའི་ནང་ཉེན་རྟོག་པ་འགྲེམས་འཇོག་ཤུགས་ཆེ་རུ་བཏང་སྟེ། སྲང་ལམ་དང་གཞུང་ལམ་སོགས་སུ་གསང་བའི་བརྙན་ལེན་འཕྲུལ་ཆས་འབོར་ཆེན་བཞག་སོང་། ཚོད་རྩིས་བྱས་ན། གཞུང་ལམ་གྱི་མི་ཊར་ ༡༠ རེའི་མཚམས་ན་བརྙན་ལེན་འཕྲུལ་ཆས་རེ་ཡོད་པས་མི་ཞིག་རང་དགར་ཐར་ས་མེད་སྐོར་བརྗོད་བྱུང་།
ཕྱི་ལོ་ ༢༠༠༨ ལོར་བོད་ས་མང་པོར་ཞི་རྒོལ་ཆེན་མོ་བྱུང་བ་དང་བསྟུན་མཛོད་དགེ་རྫོང་གི་ས་ཁུལ་མང་པོའི་ནང་བསྟུན་མར་ཡར་ལངས་ངོ་རྒོལ་བྱུང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༡ དང་ ༢༠༡༢། ༢༠༡༣ སོགས་སུ་མཛོད་དགེ་རྫོང་ཁོངས་ནས་བོད་མི་སེར་སྐྱ་ཕོ་མོ་ཉུང་མཐར་བཞི་ལྔ་ཞིག་གིས་རྒྱ་ནག་གཞུང་གི་དབང་བསྒྱུར་བཙན་གནོན་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག