རྩོམ་པ་པོ། རྒྱལ་ལོ། བོད་ནང་དགེ་རྒན་ཆེན་མོ་གནང་མྱོང་བ་དང་སྤྱི་ཚོགས་རིག་པའི་འབུམ་རམས་པ།
ཡིག་སྒྱུར་བ། དཀོན་མཆོག་དར་རྒྱས། བོད་དོན་ཉམས་ཞིབ་པ།
ཕྱི་ལོ་ ༢༠༡༦ ཟླ་ ༡༡ པའི་ནང་ང་ཡང་ཕ་ཡུལ་ལ་བསླེབས་ཡོད། ཉིན་ཞིག་གློ་བུར་དུ་ཕུ་བོས་ང་ལ་ཁ་པར་བཏང་སྟེ་ངའི་ཚ་མོར་ལྟ་རྟོགས་དགོས་པའི་སྐུལ་འདེད་བྱས་ནས་ཧ་ལས་པའི་གནས་ཚུལ་ཞིག་ཡོད་པར་བཤད།
དེ་སྔ་ནས་ང་རང་གི་ཕ་ཡུལ་ཀན་ལྷོ་རུ་རྒྱ་གཞུང་གིས་སྔོན་འགྲོའི་བཅའ་སྡོད་སློབ་གྲྭ་ཞིག་བཙུགས་ཟིན་པ་དང་། ངའི་སྤུན་མཆེད་ཕྲུ་གུ་རང་ལོ་བཞི་ལྔ་ལ་སོན་པ་རྣམས་སློབ་གྲྭ་དེར་བཏང་ཡོད། ཀན་ལྷོ་ནི་བོད་མཐོ་སྒང་བྱང་ཤར་ཁུལ་དུ་ཡོད་པའི་ས་མ་འབྲོག་གི་མངལ་ཁུལ་ཞིག་ཡིན་པ་དང་། ཀན་ལྷོའི་མངའ་ཁུལ་དུ་ཡོད་པའི་བཅའ་སྡོད་སློབ་གྲྭ་དེ་ནི་བོད་ས་ཁྱོན་ཡོངས་སུ་སྔོན་འགྲོའི་བཅའ་སྡོད་སློབ་གྲྭ་ ༡༦༠ ལྷག་ཡོད་པའི་གྲས་ནས་གཅིག་ཡིན་ལ། པེ་ཅིང་སྲིད་གཞུང་གི་བཅའ་སྡོད་སློབ་གྲྭ་དང་འབྲེལ་བའི་སྲིད་བྱུས་ནི་བཙན་གྱིས་བོད་ཕྲུག་ཚོ་རང་ཁྱིམ་ནས་ཁ་བྲལ་བཏང་བ་དང་། རིག་གཞུང་མཉམ་བསྲེས་ཀྱི་སྲིད་བྱུས་སྤེལ་བ། དེ་བཞིན་བོད་དུ་བཅའ་སྡོད་སློབ་གྲཱའི་གྲངས་ཚད་ཇེ་མང་གཏོང་བཞིན་པ་བཅས་ཡིན།
ཕུ་བོའི་བུ་མོ་རྣམས་བཅའ་སྡོད་གྲྭར་བཏང་ནས་ཟླ་བ་གསུམ་ལས་ཕྱིན་མེད་ཀྱང་། “བུ་མོ་རྣམས་བོད་པའི་ངོ་བོ་གཤིས་ལུགས་ལས་ལོགས་སུ་འགྲོ་བཞིན་ཡོད་པ་དང་། གཟའ་མཇུག་སྐབས་ཕྲུ་གུ་ཚོ་རང་ཁྱིམ་དུ་བསླེབས་རྗེས། ཁོང་ཚོས་ནང་གི་ཁ་ལག་མ་བཟས་ཤིང་། བོད་སྐད་ཉུང་ཉུང་བཤད་པ། བོད་ཀྱི་ནང་ཆོས་རིག་གནས་ལའང་དགའ་མོས་མེད་པའི་རྣམ་འགྱུར་བསྟན་པ་མ་ཟད། ཁོང་ཚོ་རང་གི་ནང་མི་དང་སེམས་ཐག་ཉེ་པོ་མེད་པར་འགྱུར་འདུག དེ་ནི་ཧ་ལས་དགོས་པའི་གནད་དོན་ཞིག་རེད།” ཅེས་ངའི་ཕུ་བོས་འགྲེལ་བརྗོད་བྱས་སོང་།
ངས་ཀྱང་གནས་ཚུལ་དེ་གལ་ཆེར་བརྩིས་པ་ཡིན། ཉིན་ཤས་རྗེས་སྤུན་ཆུང་བུ་མོ་ཚོ་སློབ་གྲྭ་ནས་རང་ཁྱིམ་དུ་བསུ་ཆེད། ང་རང་དངོས་སུ་སློབ་གྲྭར་ཕྱིན་པ་ཡིན། སྐབས་དེར་ཁོང་ཚོས་རྒྱལ་སྒོའི་ཕྱིར་ཐོན་ཏེ། ལག་པ་གཡུག་ཙམ་བྱས་པ་ལས་ང་དང་སྐད་ཆ་བཤད་འདོད་བྱེད་ཀྱི་མི་འདུག ང་ཚོ་ཁྱིམ་དུ་འབྱོར་སྐབས་ཁོང་ཚོས་ཕ་མར་འཐམ་འཁྱུད་མི་བྱེད་ཅིང་། རྒྱ་སྐད་ནང་ཕན་ཚུན་ཁ་བརྡ་བྱེད་རྒྱུ་དགའ་བ། དགོང་དྲོ་ནང་མི་དང་ལྷན་དུ་ཁ་ལག་མཉམ་དུ་བཟས་ཀྱང་ཁུ་སིམ་པོར་བསྡོད་བཞིན་འདུག་ལ་ཕན་ཚུན་ངོ་མི་ཤེས་པ་ལྟར་བསྡད་ཀྱི་འདུག ངས་བུ་མོ་ཚོར་སློབ་གྲྭའི་སྐོར་སྐད་ཆ་དྲིས་དུས་བུ་མོ་ཆེ་བས་ཐོག་མ་སློབ་གྲྭར་འབྱོར་སྐབས་དགེ་རྒན་ཚོས་ཉིན་ལྟར་རྒྱ་སྐད་ཁོ་ནའི་ནང་ཕན་ཚུན་ཁ་བརྡ་བྱས་པས་གོ་བརྡ་མི་འཕྲོད་ཤིང་། ཁོ་མོའི་གཅིན་སྐྱག་གོས་ཐུང་ནང་ཤོར་ཡོད་པའི་དཀའ་ངལ་སྐོར་འགྲེལ་བརྗོད་བྱས་བྱུང་།
རྒྱ་གཞུང་གིས་འདས་པའི་མི་ལོ་ ༧༠ རིང་བོད་ཡུལ་བཙན་བཟུང་བྱས་པའི་གནད་དོན་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཁྲིམས་མཐུན་བཟོ་ཐབས་ཀྱི་བྱ་སྤྱོད་སྤེལ་བཞིན་ཡོད་ལ། རིག་གཞུང་མཉམ་བསྲེ་དང་ཤེས་ཡོན་སྲིད་བྱུས་འདྲ་མིན་གྱིས་བོད་འདི་ཆབ་སྲིད་ཀྱི་སྟངས་འཛིན་ཡོང་བར་འཆར་འགོད་བྱེད་བཞིན་ཡོད་པ་མ་ཟད། བོད་ཕྲུག་ཧ་ཅང་མང་པོ་རྒྱ་གཞུང་གི་བཅའ་སྡོད་སློབ་གྲྭའི་ནང་བཙན་གྱིས་བཅུགས་ཟིན་པ་དང་། བོད་ཕྲུག་ཚོ་ག་ལེར་རྒྱ་རིགས་ལ་བསྒྱུར་ཐབས་བྱས་དང་བྱེད་མུས་ཡིན། མདོར་ན་རྒྱ་གཞུང་གིས་འབྱུང་འགྱུར་གྱི་བོད་པའི་གཞོན་སྐྱེས་རྣམས་རྒྱ་གཞུང་ལ་ཤ་ཞེན་ཡོད་པ་ཤ་སྟག་བཟོ་ཐབས་བྱེད་བཞིན་ཡོད། ད་ཆ་རྒྱ་གཞུང་གིས་བོད་ས་ཁྱོན་ཡོངས་སུ་བཙུགས་པའི་བཅའ་སྡོད་སློབ་གྲྭའི་ནང་། ཁྱོན་བོད་ཕྲུག་ས་ཡ་གཅིག་ལྷག་བཅུགས་ཟིན་པ་དང་། བོད་ཕྲུག་གི་གྲངས་འབོར་བརྒྱ་ཆ་ ༨༠ ཙམ་རང་ལོ་བཞི་ནས་བཅོ་བརྒྱད་བར་དང་། ངའི་ཚ་མོ་འདྲ་བའི་བོད་ཕྲུག་འབུམ་ཕྲག་གཅིག་ལྷག་རང་ལོ་བཞི་ནས་ལྔ་བར་ཡིན་པར་ང་རང་ཡིད་ཆེས་བྱེད་བཞིན་ཡོད།
བུ་མོ་ཆུང་ཆུང་ཚོའི་སྐད་ཆར་ཉན་རྗེས། ངས་ཕུ་བོར་བུ་མོ་ཚོ་སློབ་གྲྭར་གཏོང་མཚམས་འཇོག་ན་གང་འདྲ་ཡོད་མེད་སྐད་ཆ་དྲིས་སྐབས། ཕུ་བོས་ལན་འདེབས་ཀྱི་ཚུལ་དུ་ “གལ་ཏེ་ཁོང་ཚོ་སློབ་གྲྭར་གཏོང་མཚམས་བཞག་པ་དང་། རྒྱ་གཞུང་གི་ཤེས་ཡོན་སྲིད་བྱུས་དང་ལེན་མ་བྱས་ཚེ་རང་གཞན་གཉིས་ཀར་མཇུག་འབྲས་ཧ་ཅང་ངན་པ་འབྱུང་ངེས་ཡིན་པ་དང་། ཕུ་བོ་རང་ཉིད་ཀྱང་རྒྱ་གཞུང་གི་རོགས་སྐྱོར་ཚན་པའི་ཐོ་གཞུང་ནས་ཕྱིར་འདོན་བྱེད་ངེས་” ཞེས་བཤད་བྱུང་།
གནས་སྟངས་དེས་རྐྱེན་པས་ཁོང་ལ་འདེམས་ཀ་གཞན་གང་ཡང་མེད་པ་དང་། སྤྱིར་རྒྱ་གཞུང་གི་བཅའ་སྡོད་སློབ་གྲྭ་ཞེས་པ་ནི་སྤྱི་ལོ་ ༡༩༨༠ སྔོན་ཚུད་ནས་བོད་དུ་བཙུགས་ཟིན་པ་དང་། སློབ་འབྲིང་དང་མཐོ་སློབ་དུ་འགྲིམ་བཞིན་པའི་བོད་ཕྲུག་ཚོ་བཅའ་སྡོད་སློབ་གྲྭར་བཏང་ཞིང་། ཕྱི་ལོ་ ༢༠༡༠ ནས་བཟུང་རྒྱ་གཞུང་གིས་སྔོན་འགྲོའི་བཅའ་སྡོད་སློབ་གྲྭ་ཞེས་པ་གསར་འཛུགས་ཐོག་སྔར་གྱི་སློབ་གྲྭ་རྙིང་པ་དེ་ཚོ་སྒོ་བརྒྱབས་ཡོད་པ་རེད། དེ་དུས་ང་ཚོའི་ཕྱོགས་ལ་ཡོད་པའི་སློབ་གྲྭ་ཞིག་ཀྱང་སྒོ་བརྒྱབས་པ་རེད།
རིམ་གྱིས་སྔོན་འགྲོའི་བཅའ་སྡོད་སློབ་གྲྭ་དེ་དག་ནི་བོད་ཕྲུག་ཚོ་དམའ་རིམ་སློབ་གྲྭར་ཚུད་པར་བྱེད་པའི་ཆ་རྐྱེན་དང་པོ་ལྟ་བུ་བཟོས་པ་དང་། རྒྱ་གཞུང་གིས་གསར་འཛུགས་བྱས་པའི་སྔོན་འགྲོའི་བཅའ་སྡོད་སློབ་གྲྭ་མང་པོ་ཕྲུ་གུ་སོ་སོའི་སྡོད་ཡུལ་ནས་ས་ཐག་རིང་པོར་གནས་ཡོད་ཀྱང་། ཕྲུ་གུ་ཚོ་དུས་ཐོག་ཏུ་སློབ་གྲྭར་མ་བཏང་ཚེ་ཁོང་ཚོའི་མི་ཚེ་གང་པོར་ཤེེས་ཡོན་སློབ་སྦྱོང་མེད་པར་ལྷག་འགྲོ་བ་དང་། དཔལ་འབྱོར་འདུ་འགོད་གྲལ་རིམ་གྱི་ཁུངས་སུ་ཡང་ཚུད་ཐབས་བྲལ་བ་ཡིན། དེ་འདྲ་བའི་གནས་ཚུལ་མང་པོར་རང་ཁྱིམ་ནས་མིག་གིས་མཐོང་བས་ང་རང་ཡང་བློ་འཚབ་ཆེན་པོ་བྱུང་སོང་། དེར་རྟེན་བོད་ཀྱི་བྱང་ཤར་ས་ཁུལ་དུ་རྒྱ་གཞུང་གིས་མིང་བཏགས་ཟིན་པའི་མཚོ་སྔོན་དང་། སི་ཁྲོན། ཀན་སུའུ་བཅས་ཀྱི་ས་ཁུལ་ཁག་ཏུ་ཡོད་པའི་བཅའ་སྡོད་སློབ་གྲྭ་གྲངས་ ༥༠ ལས་མང་བར་ང་རང་ལྟ་སྐོར་དུ་བསྐྱོད་པ་ཡིན། མི་ལོ་གསུམ་རིང་ངས་བོད་པའི་སློབ་ཕྲུག་ཚོ་དང་། ཕ་མ། དེ་བཞིན་སློབ་གྲྭའི་དགེ་རྒན་ཚོ་ལས་དངོས་ཡོད་ཀྱི་གནས་ཚུལ་གང་ཡིན་རྒྱུས་མངའ་བྱས་པ་ཡིན། འོན་ཀྱང་། ངས་ཤེས་རྟོགས་བྱུང་བའི་གནས་ཚུལ་དེ་དག་ནི་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཤ་སྟག་རེད།
རྒྱ་གཞུང་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭ་ཁག་ཏུ་ལྟ་སྐོར་ཕྱིན་པའི་བརྒྱུད་རིམ་ཁྲོད་བོད་ཕྲུག་རེ་འགས་བོད་སྐད་རྩ་ནས་རྒྱག་མི་ཤེས་པ་དང་། སློབ་གྲྭ་དེ་ཚོས་ཀྱང་ཕ་མ་དང་བུ་ཕྲུག་བར་གྱི་ཐུག་འཕྲད་ལ་བཀག་བསྡོམས་བྱེད་ཀྱི་འདུག སྐབས་འགར་ཟླ་བ་དྲུག་རེའི་མཚམས་སུ་སློབ་ཕྲུག་དང་ཕ་མ་དབར་ཐུག་འཕྲད་ཐེངས་གཅིག་ལས་ཡོང་གི་མེད་པ་དང་། དེ་བཞིན་སློབ་གྲྭའི་ཉལ་ཁང་དང་། རྩེད་ཐང་། སློབ་གྲྭའི་དགེ་རྒན་ལས་བྱེད་ཀྱི་ལས་ཁུངས་བཅས་ལ་ཁོང་ཚོས་ལྟ་སྲུང་ནན་པོ་བྱེད་བཞིན་ཡོད་པར་ཤེས་རྟོགས་བྱུང་། དེ་བཞིན་ངས་སློབ་གྲྭའི་འཛིན་ཁང་ཁག་ཏུ་བརྙན་མིག་བཙུགས་ཡོད་པར་མཐོང་སོང་ལ། བཅའ་སྡོད་སློབ་གྲྭ་དེ་དག་གི་རྒྱ་རིགས་དགེ་རྒན་དེ་ཚོར་བོད་པའི་རིག་གནས་དང་སྐད་ཡིག་ལ་རྒྱུས་མངའ་ཞན་པོ་ཡོད་པ་མ་ཟད། རྒྱ་རིགས་དགེ་རྒན་ཕལ་མོ་ཆེ་ནི་གཙུག་ལག་སློབ་གཉེར་བ་ཤ་སྟག་ཡིན་པ་ལས་ཚད་ལྡན་གྱི་དགེ་རྒན་མི་མི་འདུག་ལ། སློབ་གྲྭའི་སློབ་དེབ་དེ་ཚོ་ཡང་རྒྱ་གཞུང་རང་གིས་བཟོ་སྒྲིག་བྱས་པའི་སློབ་དེབ་ཁོ་ན་རེད་འདུག ཐེངས་ཤིག་ང་རང་ཨ་མདོ་མཛོ་དགེའི་འབྲོག་ས་རུ་ཡོད་པའི་སློབ་གྲྭ་ཞིག་ཏུ་ཕྱིན་པ་ཡིན། ས་ཁུལ་དེར་ཕ་ཡུལ་ནས་ཁ་བྲལ་བཏང་ཟིན་པའི་ཕྲུ་གུ་ཞིག་གིས་ “ དགོང་དྲོའི་ནག་ཁུང་ནང་ང་རང་ཞེད་ཀྱི་འདུག ང་ཨ་མ་དང་། པོ་པོ། རྨོ་རྨོ་ཁོང་ཚོ་དྲན་གྱི་འདུག” ཅེས་བཤད་བྱུང་།
དེ་བཞིན་ང་དང་གྲོང་གསེབ་གཅིག་པའི་བུད་མེད་ཅིག་གིས་ “ང་རང་ཉིན་གང་ཞིང་ལས་ཀྱིས་ལུས་པོ་ཐང་ཆད་དེ་ནང་ལ་ལོག་སྐབས་རང་ལོ་བཞི་ལྔར་སོན་པའི་ཕྲུ་གུ་དེ་ཚོར་འཐམ་འདོད་ཆེ་ཡང་། ཕྲུ་གུ་ཚོ་ངའི་འཁྲིས་ལ་ཡོད་མ་རེད་” ཅེས་བརྗོད་བྱུང་། རྗེས་སུ་བུད་མེད་དེས་ཁོ་མོའི་གྲོང་གསེབ་གཅིག་པའི་བུད་མེད་འགའ་དང་ལྷན་དུ་ལྷ་སར་གནས་སྐོར་དུ་ཕྱིན་ཡོད་པ་གོ་ཐོས་བྱུང་། འོན་ཀྱང་། ངའི་གོ་ཐོས་སུ་བུད་མེད་དེ་གནས་སྐོར་འགྲོ་དགོས་པའི་དམིགས་ཡུལ་གཙོ་བོ་ནི་མོ་རང་དང་བུ་ཕྲུག་ཁ་བྲལ་དུ་བཏང་བར་བརྟེན་སེམས་ཀྱི་སྡུག་བསྔལ་སེལ་ཆེད་ཡིན་པར་རེད་འདུག
མི་གཞན་གྱིས་བཏོན་པའི་དྲི་བ།
དྲི་བ།
ད་ལྟ་འབྱུང་བཞིན་པའི་གནད་དོན་འདི་ང་ཚོས་མཚམས་འཇོག་བྱེད་མ་ཐུབ་ཚེ། ང་ཚོའི་བོད་ཀྱི་སྐད་དང་རིག་གཞུང་ཇི་ལྟར་གཅེས་སྲུང་བྱེད་ཐུབ་བམ།
ལན། པེ་ཅིང་སྲིད་གཞུང་གི་བཅའ་སྡོད་སློབ་གྲྭ་ཞེས་པའི་སྲིད་བྱུས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་ནུས་མེད་བཟོ་ཐབས་བྱེད་བཞིན་པའི་གནད་དོན་དེ་གསར་པ་ཞིག་གཏན་ནས་མ་རེད། སྔར་གྱི་རིག་གནས་གསར་བརྗེའི་དུས་སུ་ཡང་བོད་ཁུལ་གྱི་སློབ་གྲྭ་མང་པོའི་ནང་རྒྱ་གཞུང་གིས་བོད་ཡིག་སློབ་ཁྲིད་བྱེད་བཅུག་མེད་པ་དང་། སྤྱི་ལོ་ ༡༩༨༥ ནང་བོད་དུ་རྒྱ་གཞུང་གིས་རྒྱལ་ནང་སློབ་གྲྭའི་ལས་འཆར་ ༼Inland Schooling Program༽ ཞེས་པ་གསར་འཛུགས་ཀྱིས་བོད་ཕྲུག་ཚོ་རྒྱ་ནག་སྐམ་ས་ཆེན་པོའི་སློབ་གྲྭ་ཁག་ཏུ་བཏང་བ་མ་ཟད། རྒྱ་ནག་མི་རིགས་ས་ཁོངས་ཀྱི་སྲིད་བྱུས་ ༼Chinese ethnic policy ༽ ཞེས་པའི་ཐད་ཆེས་མཁས་སྐུ་ཞབས་James Leibold ལགས་ཀྱིས་ “བཅའ་སྡོད་སློབ་གྲྭ་དེ་ནི་དམག་སྦྱོང་སྡེ་ཁག་ཅིག་དང་འདྲ་ཞིང་། དེའི་ནང་རྒྱ་མི་རིགས་ཀྱི་བསམ་བློ་གཏོང་སྟངས་དང་། ལས་ཀ་བྱེད་སྟངས། ཀུན་སྤྱོད་འཁྱེར་སྟངས་སོགས་ལ་གོམས་འདྲིས་བྱེད་དགོས་པ་ཡིན་” ཞེས་འགྲེལ་བརྗོད་བྱས་ཡོད། དེ་བཞིན་ཕྱི་ལོ་ ༢༠༠༥ ནས་བཟུང་བོད་ཕྲུག་ཉིས་འབུམ་དགུ་ཁྲི་ཐམ་པ་ ( ༢༩༠༠༠) རྒྱ་གཞུང་གི་བཅའ་སྡོད་སློབ་གྲྭའི་ནང་བཅུགས་ཡོད་པ་རེད།
གནད་དོན་འདི་ལོ་རེ་བཞིན་ཛ་དྲག་ཏུ་ཕྱིན་ཡོད་པ་མ་ཟད་རྒྱ་གཞུང་གི་བཅའ་སྡོད་སློབ་གྲྭར་བཙན་གྱིས་བཅུགས་དང་འཇུག་བཞིན་པའི་བོད་ཕྲུག་ཚོའི་ལོ་ཚད་ཀྱང་ལོ་ལྟར་ཆུང་དུ་གཏོང་ཐབས་བྱེད་བཞིན་ཡོད་པ་རེད། ཕྱི་ལོ་ ༢༠༡༨ ཟླ་ ༣ པའི་ནང་རྒྱ་ནག་གི་ལོ་འཁོར་གྲོས་ཚོགས་ཚོགས་ཆེན་སྐབས་སྲིད་འཛིན་ཞི་ཅིང་ཕིང་གིས་ “སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་ལྟ་གྲུབ་སྨྲ་བ་ཚོས་མི་རིགས་ས་ཁུལ་གྱི་མི་མང་དང་ཁྱིམ་ཚང་དཀྱུས་མ་ཚང་མའི་དགོས་འདུན་སྒྲུབ་དགོས་ལ། དམིགས་བསལ་སྔོན་འགྲོ་སློབ་གྲྭའི་བྱིས་པའི་ཁྲོད་སྤྱི་ཚོགས་རིང་ལུགས་ལྟ་གྲུབ་ཀྱི་གོ་རྟོགས་སྤེལ་དགོས་” ཞེས་བརྗོད་ཡོད།
པེ་ཅིང་སྲིད་གཞུང་གིས་བོད་ཕྲུག་ཚོ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ལས་ཁ་བྲལ་གཏོང་བཞིན་པའི་གནད་དོན་ཐོག་ཨ་རི་གཞུང་གིས་གླེང་སློང་བྱེད་འགོ་ཚུགས་ཡོད་ལ། ཨ་རིའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་Antony Blinken ལགས་ཀྱིས་ “བོད་དུ་བཙན་སྐུལ་གྱིས་བོད་པའི་ཕྲུ་གུ་ཚོ་རྒྱ་ནག་སྲིད་གཞུང་གི་བཅའ་སྡོད་སློབ་གྲྭར་གཏོང་བའི་གནད་དོན་དང་འབྲེལ་ཡོད་གྱི་རྒྱ་རིགས་ལས་བྱེད་ཚོར་ཨ་རི་རྒྱལ་ཁབ་དུ་འགྲོ་འོང་ཆོག་པའི་མཐོང་མཆན་སྤྲོད་པར་དམ་དྲག་བྱེད་ཀྱི་ཡིན་” ཞེས་གསལ་བསྒྲགས་སྤེལ་ཡོད། དེ་བཞིན་ཁེ་ཎ་ཌ་དང་། ཨོ་སི་ཊྲི་ལི་ཡ་བཅས་ཀྱིས་རྒྱལ་ཁབ་གཞན་ཚོས་ཀྱང་འདས་པའི་ལོ་རྒྱུས་ཁྲོད། མི་སེར་སྤེལ་བའི་བཅའ་སྡོད་སློབ་གྲྭའི་གནད་དོན་ལ་རྒྱུས་མངའ་ཡོད་པས། ཨ་རིའི་སྤྱི་ཁབ་དྲུང་ཆེ་Antony Blinken ལགས་ཀྱི་ལས་དོན་ལ་མིག་དཔེ་བལྟ་དགོས་པ་དང་། བོད་དུ་རྒྱ་གཞུང་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭའི་གནད་དོན་ཐོག་ཁོང་ཚོས་ཐེ་བྱུས་དང་གླེང་སློང་ཡོང་བར་ངས་རེ་བ་རྒྱག་བཞིན་ཡོད།
ད་དུང་ང་ལ་རེ་བ་གཞན་ཞིག་ཡོད་པ་ནི། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནོན་ཤུགས་འོག་བོད་དུ་བཅའ་སྡོད་སློབ་གྲྭར་ཡོད་པའི་ངའི་ཚ་མོ་འདྲ་བའི་བོད་ཕྲུག་ཚོའི་ལས་དབང་དང་། པེ་ཅིང་སྲིད་གཞུང་གི་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་ལ་བསྐྱར་བཅོས་བྱེད་དུ་འཇུག་རྒྱུ་དེ་ཡིན། ངས་འདི་ལྟར་རེ་བ་རྒྱག་དགོས་པའི་རྒྱུ་མཚན་ནི་རྒྱ་གཞུང་ནས་བཙན་གྱིས་བོད་ཕྲུག་ཚོ་རྒྱ་རིགས་ལ་བསྒྱུར་ཐབས་བྱེད་པ་དེ་བཞིན་འབྱུང་འགྱུར་བོད་པའི་གཞོན་སྐྱེས་ཚོས་བོད་ཀྱི་རིག་གཞུང་གཅེས་འཛིན་མི་ཐུབ་པ་དང་། ཁོང་ཚོ་འཚར་ལོངས་བྱེད་པའི་བརྒྱུད་རིམ་ཁྲོད། རང་གི་ཁྱིམ་དང་ཕ་ཡུལ་ལ་རྒྱུས་མངའ་མེད་པར་འགྱུར་ངེས་འདུག་སྙམ་པའི་བསམ་བློ་དེ་ང་ལ་མཚོན་ན་བློ་ཚབས་དང་སེམས་ཁྲལ་ཧ་ཅང་ཆེན་པོ་ཞིག་ཡིན།
དབྱིན་རྩོམ་མ་ཡིག་གི་དྲཱ་ཚིགས།