འདི་ལོའི་གསུམ་བཅུའི་དུས་དྲན་བར་དུ་ཐའེ་ཝན་གྱི་གྲོང་ཁྱེར་ཆེ་ཁག་གསུམ་དུ་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་མགོ་བཙུགས་འདུག
དེ་རིང་ཕྱི་ཚེས་ ༡༤ ཉིན་ནས་གསུམ་བཅུའི་དུས་དྲན་བར་བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་གོ་སྒྲིག་འོག ཐའེ་ཝན་གྱི་གཉིས་གཉིས་བརྒྱད་ཞི་བདེའི་སྤྱི་གླིང་དུ། ཐའེ་ཝན་དུ་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་མགོ་བཙུགས་ཡོད་ཅིང་། དེ་རིང་ཕྱི་ཚེས་ ༡༤ ཉིན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་གྱི་ཉིན་དང་པོར་ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་ཧུང་སིན་ཧན་ལགས་དང་། ཐའེ་ཝན་གྲོས་ཚོགས་ཀྱི་དམངས་གཙོ་ཡར་ཐོན་ཚོགས་པའི་འཐུས་མི་པུ་མ་ལགས་བཅས་གཉིས་ཕེབས་ཡོད་པ་མ་ཟད། ཐེངས་འདིའི་རྐང་འཁོར་སྐོར་སྐྱོད་ནང་གཞོན་སྐྱེས་གྲངས་ ༡༩ ཙམ་མཉམ་ཞུགས་གནང་བཞིན་འདུག
དེའི་ཐད་བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་འདི་གའི་གསར་འགོད་པར། ཕྱི་ལོ་ ༢༠༡༡ ལོར་རྒྱ་ནག་དང་ཐའེ་ཝན་བར་ཁྲིམས་འཆར་གསར་པ་ཞིག་བཞག་སྟེ། ཐའེ་ཝན་ནང་རྒྱ་ནག་གི་ཡུལ་སྐོར་བ་ཧ་ཅང་མང་པོ་ཡོང་བཞིན་ཡོད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཙན་བྱོལ་ནང་ཡོད་པའི་མི་རེ་ངོ་རེ་ནས་བོད་མི་ས་ཡ་དྲུག་གི་ཚབ་བྱས་ཏེ་དམངས་གཙོ་རང་དབང་གི་འགན་འཁུར་དགོས་གསུངས་ཡོད་པ་བཞིན། སྐབས་དེ་དུས་ནས་བཟུང་བོད་རང་དབང་ཆེད་དུ་རྐང་འཁོར་སྐོར་སྐྱོད་ཀྱི་མིང་བཏགས་ཏེ། དམིགས་བསལ་ཐའེ་ཝན་ནང་རྒྱ་ནག་གི་མི་མང་ཡུལ་སྐོར་སྤྲོ་འཆམ་ཡོང་སའི་ས་གནས་ཁག་ཏུ་ཕྱིན་ཏེ། བོད་ནང་གི་དངོས་ཡོད་གནས་ཚུལ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་སོགས་བོད་དོན་ལས་འགུལ་སྤེལ་མགོ་ཚུགས་པ་རེད། དེ་རྗེས་ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པར་གཞུང་འཛིན་གྱི་རྒྱལ་ཁ་ཐོབ་པར་བརྟེན། ཐའེ་ཝན་ནང་རྒྱ་ནག་གི་ཡུལ་སྐོར་བ་ཉུང་དུ་ཕྱིན་ཡོད་ཀྱང་། ཐའེ་ཝན་དང་རྒྱ་ནག་གཉིས་བར་སྐད་ཡིག་དང་ཉེ་འབྲེལ་སོགས་ཀྱི་ཐོག་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པས། ཐའེ་ཝན་མི་མང་གི་ཁྲོད་དུ་བོད་དོན་གོ་རྟོགས་སྤེལ་བར་ཕན་ཐོགས་ཆེན་པོ་འདུག ཅེས་བརྗོད་གནང་བྱུང་།
ཡང་ཁོང་གིས། ལས་འགུལ་འདི་ནི་གསུམ་བཅུའི་དུས་དྲན་མ་སླེབས་པའི་སྔོན་དུ་མགོ་འཛུགས་ཀྱི་ཡོད་པ་དང་། ས་གནས་ཐའེ་པའེ་དང་། ཐའེ་ཙོང་། ཀོ་ཙོང་བཅས་ཀྱི་ས་ཁུལ་ཆེ་ཁག་ནང་སྤེལ་གྱི་ཡོད། ཐོག་མར་མི་གྲངས་ ༧ གྱི་མགོ་བཙུགས་ནས་མི་གྲངས་ ༣༠༠༠ བར་མཉམ་ཞུགས་གནང་མྱོང་ཡོད་སྐོར་དང་། བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གིས་ས་གནས་གང་དུ་ལས་འགུལ་སྤེལ་ཡང་། བོད་ནང་གི་དངོས་ཡོད་གནས་ཚུལ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་ལངས་ཕྱོགས། བཙན་བྱོལ་ནང་གི་དམངས་གཙོའི་སྐོར། ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པའི་སྐོར་སོགས་ཐའེ་ཝན་གྱི་གནད་ཡོད་མི་སྣ་དང་། རྒྱ་ནག་གི་ཡུལ་སྐོར་བ། ཐའེ་ཝན་མི་མང་ཁྲོད་དུ་གོ་རྟོགས་གང་ལེགས་སྤེལ་ཐུབ་ཀྱི་ཡོད་སྐོར་སོགས་བརྗོད་བྱུང་།
ཕྱི་ལོ་ ༢༠༡༦ ལོར་བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་བཙུགས་ཤིང་། འབྲེལ་མཐུད་ཁང་གི་རྒྱུན་ལས་ཕལ་ཆེ་བ་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་འགན་འཛིན་ཆགས་ཡོད། ལས་འགུལ་འདིའི་ནང་དུ་གཞུང་ཁོངས་མིན་པའི་ཚོགས་པ་ ༡༢ ལྷག་མཉམ་ཞུགས་གནང་གི་ཡོད་ཅིང་། མཉམ་ཞུགས་པ་ཕལ་མོ་ཆེ་སློབ་ཆེན་གྱི་དགེ་རྒན་དང་། གཞོན་སྐྱེས་ཡིན་པ་མ་ཟད། ཉི་ཧོང་གི་མི་ཁག་ཅིག་ཀྱང་མཉམ་ཞུགས་བྱས་ཡོད་འདུག་ལ། ལས་འགུལ་སྤེལ་ཐེངས་རེར་མི་གྲངས་ ༢༠ ནས་ ༣༠ བར་མཉམ་ཞུགས་བྱེད་ཀྱི་ཡོད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་།