ལྡོང་ཕྱིང་གུར་བ་རྒྱལ་ལོ།
སྤྱི་ལོ་༢༠༢༦ པའི་ཟླ་༧ པའི་ཚེས་༢ ཉིན། ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ཏུ་ཆགས་པའི་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ། བོད་གངས་ཅན་པའི་ཆབ་སྲིད་དཀའ་རྙོག་སེལ་སླད་དུ་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ་དེ་ནི། ཡུལ་དུས་གཉིས་ཀའི་ཆ་ནས་དམིགས་བསལ་ཅན་ཞིག་ཆགས་བསྡད་ཅིང་། མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་བཏང་གནང་པའི་བོད་པ་ཨ་རི་བ་དང་པོ་རེད་ལ། བོད་ཀྱི་རྒྱལ་གཅེས་དཔའ་བོ་ཨང་༡༧༡ པ་དེའང་ཆགས།

མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་སྒང་སྤྱི་ལོ་ ༡༩༦༥ པའི་རྗེས་ནས་ད་ལྟའི་བར་ཁ་མིག་གཉིས་ཀ་བཙུམས་ཏེ་མི་ལོ་ ༦༡ ཕྱིན་རྗེས་ད་ལན་སྡོད་མ་ཐུབ་པ་བཟོས་ཡོད་པར་མ་ཟད། རང་ལུས་མེར་བསྲེགས་གནང་མཁན་ ༡༧༡ གིས་བློས་བཏང་གནང་ཟིན་པ་དེས་རྒྱལ་སྤྱིའི་ནང་བོད་ཀྱི་དཀའ་ངལ་ར་སྤྲོད་གཙང་མ་བྱེད་ཐུབ་པའི་ཆ་རྐྱེན་གཞལ་དཀའ་བ་ཞིག་བསྐྲུན་ཡོད་པ་མ་ཟད། ལྷག་དོན་བོད་རང་བཙན་རང་དབང་གི་རེ་འདོད་མཉམ་འབྲེལ་རྒྱལ་ཚོགས་སུ་མངོན་གསལ་དོད་པོས་བསྟན་ཐུབ་པར་གྱུར་ཡོད་པས་ཡུལ་དམིགས་བསལ་ཅན།
སྤྱི་ནོར་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་གཟུགས་ཀྱི་དབང་གིས་འཛམ་གླིང་ཕྱོགས་སྐྱོད་མཛད་གནང་མེད་པའི་རྐྱེན་གྱིས་རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་དང་གོ་སྐབས་སོགས་སྔར་བཞིན་མེད་པར་ཆགས་བཞིན་པ་དང། བཙན་བྱོལ་སྤྱི་ཚོགས་ནང་མཐུན་ཉམས་རྒུད་ཤུགས་ཆེར་འགྲོ་བཞིན་པའི་སྒང་། བོད་ཀྱི་ཆབ་སྲིད་དཀའ་རྙོག་སེལ་བྱེད་ཀྱི་ཐབས་དང་ལམ་ཀ་བཞི་མདོ་ལྟ་བུར་བསླེབས་འདུག་པས། བོད་མི་རིགས་ཀྱི་འཕྲལ་ཡུན་གཉིས་ཀའི་བདག་དབང་དང་ཆབ་སྲིད་ཕན་བདེར་བསམ་བློ་རྗེས་དཔག་ཚད་ཐུབ་ཏུ་བཏང་སྟེ་རང་འདོད་ལྟར་འགྲོ་ཐུབ་མི་ཐུབ་ཀྱི་ཐེ་ཚོམ་ཞིག་གི་ནང་འཁོར་བསྡད་པའི་སྐབས་འདིར། མངོན་འདོད་གང་གསལ་ཅི་ཐུབ་ཏུ་བསྒྲགས་ཏེ་བཙན་བྱོལ་སྤྱི་ཚོགས་རྡོག་རྩ་ཆིག་སྒྲིལ་གྱི་ལམ་ཀར་ཆས་དགོས་པའི་ཚོར་བ་དང་འདུན་པ་མཛུབ་མོ་ཤར་སྟོན་གནང་ཞིང་། ནུབ་ཕྱོགས་སྤྱི་ཚོགས་ནང་ཁབ་རྩྭ་ནང་ཞེས་པའི་དཔེ་ལྟར་གཞོན་སྐྱེས་མང་པོ་བོར་བརླག་ཏུ་འགྲོ་བཞིན་པའི་སྒང་འདིར་བློ་དགའ་རང་བཙན་མཆོག་གི་རང་ལུས་མེར་བསྲེགས་གནང་བས་ཕྱིར་རང་གི་མི་རིགས་ཀྱི་སྤྱི་དོན་སྟེང་འཁོར་ཏུ་བཅུགས། འདི་བོད་ཀྱི་མ་འོངས་པའི་འཐབ་རྩོད་སོན་རྩ་སྐྱབས་ས་རེད།
རང་ལུས་མེར་བསྲེགས་གནང་བའི་ཡུལ་དུས་གནད་འགག་ཅན་འདི་འདྲ་ཞིག་བྱུང་བའི་སྐབས་སུ། བློ་དགའ་རང་བཙན་ལགས་ཀྱི་མི་ཚེ་འགོ་འཛུགས་ས་དང་ཁོང་གཅེས་སྐྱོང་གནང་མཁན་ཀྱི་ཕ་མ། སྐྱིད་སྡུག་ཁ་ལ་མཉམ་འཁྱེར་འཚར་ལོང་མཉམ་རྒྱས་བྱས་པའི་ཕུ་ནུ་སྤུན་མཆེད་རྒྱུས་ལོན་གནང་རྒྱུ་གལ་འགངས་ཤིན་ཏུ་ཆེ། དམ་པ་ཁོང་བོད་མདོ་ཁམས་ཏྲེ་ཧོར་རྫ་ཁོག་གད་ཁ་ཚང་གི་ཁྱིམ་རྒྱུད་ཡབ་བསོད་དགའ་དང་ཡུམ་རྡོ་རྗེ་ལྷ་མོ་གཉིས་སུ་སྤྱི་ལོ་ ༡༩༧༤ པར་སྐྱེས་ཤིང་། གད་ཁའི་བཀྲ་ལོས་གཙོས་པའི་ཁོང་གི་ཁྱིམ་རྒྱུད་ཀྱི་མིང་སྲིང་གསུམ་ཀྱང་རྒྱ་ནག་དམར་པོའི་བཙོན་ཁང་དུ་གཅེས་སྲོག་ཤོར་མྱོང། ཕྱི་ལོ་ ༡༩༩༢ པར་ཁོང་འཕགས་ཡུལ་རྒྱ་གར་དུ་བཙན་བྱོལ་དུ་འབྱོར་རྗེས། མ་འགྱངས་པར་ཨ་རིར་བདེ་ལེགས་ངང་འབྱོར་རྗེས་ཀྱི་མི་ལོ་ཉི་ཤུ་ཡི་རིང་། ཨ་རིའི་མི་སེར[1]་ཆགས་ཟིན་ནའང་དེ་ཙམ་གྱི་ཡིད་མ་ཁེངས་པར་བཙན་བྱོལ་དུ་བསླེབས་དགོས་པའི་རྒྱུ་མཚན་མ་བརྗེད་པ་གནང་ཐུབ་པས་སྐྱིད་ཟ་སྐྱིད་འཐུང་གི་འཚོ་བ་ཡ་མེད་དུ་བཞག་སྟེ་མི་ཚེའི་ཉི་མ་རེ་རེ་དེ་བོད་རང་བཙན་གྱི་བྱེད་སྒོ་སྣ་ཚོགས་ཀྱི་ཕྱོགས་སུ་བཏང་། བོད་ཀྱི་རྒྱལ་དར་གཟུགས་དང་གྲིབ་མ་ནང་བཞིན་ཏུ་འཁྱེར་བའི་གོམས་སྲོལ་བསྟར་མཁན་ཞིག་གོ།
རང་ལུས་མེར་བསྲེགས་བགྱིས་ཏེ་འཐབ་རྩོད་གནང་སྟངས་དེ་གངས་ཅན་པའི་ལོ་རྒྱུས་དང་འབྲེལ་བ་གཏིང་ཟབ་མཆིས་ལ། བོད་ཀྱི་ད་ལྟའི་གནས་སྟངས་ལའང་འབྲེལ། དེ་བས་བོད་ཀྱི་མ་འོངས་པའི་འདུན་ལམ་ལ་ལྷག་ཏུ་འབྲེལ་བས། མི་རིགས་ཀྱི་རྩ་དོན་ཆེད་ཞེན་ཁོག་གནད་ཆེ་ས་ནས་འཇུ་ཕོད་ཅིང་། ཚེ་སྲོག་གི་སྙིང་པོ་དེ་མི་རིགས་ཀྱི་སྤྱི་དོན་དང་སྦྱར་ཏེ་སྒྲུབ་མཁན། རང་གི་མི་རིགས་དུས་གཉན་འཕྲང་ཅན་དང་འཕྲད་ན་རང་སྲོག་འཕངས་མེད་དུ་ཕུལ་མཁན་བློ་དགའ་རང་བཙན་ལགས་ཀྱིས་སེམས་ཐག་བཅད་པར་རྒྱུ་མཚན་གསུམ་གྱི་སྒང་ནས་བཀྲལ་ན་འཐུས་སྙམ་སྟེ་འཇུག་པ་ལ།
བོད་མི་རིགས་ཀྱི་ལོ་རྒྱུས་རྒྱུན་གནས་ཐུགས་འཁུར་གནང་ཡོད་ཚུལ།
ཨེ་ཤ་ཡ་ཡི་སུམ་ཉིས་མངའ་སྒྱུར་བའི་ཆབ་སྲིད་ཀྱི་སྟོབས་ཤུགས་རྒྱས་མྱོང་ཞིང་། འཇིག་རྟེན་དེ་ཉིད་ཀྱི་གསང་བ་མཐར་ཆགས་སུ་སྣང་སྟོང་དབྱེར་མེད་དུ་བཀྲལ་ཐུབ་པའི་རྣམ་དཔྱོད་དང་རིགས་པའི་ངར་ཁ་དང་ལྡན་པ། ཤེས་རིག་ཚད་ལྡན་གྱི་ལོ་རྒྱུས་ ༤༧༠༠ ལྷག་མཆིས་པ། བཙན་པོའི་རྒྱལ་རབས་མི་ལོ་ ༣༠༠༠ ལྷག་རིང་འཛིན་སྐྱོང་གནང་ཐུབ་པའི་སྟོབས་ལྡན་མི་རིགས་ཤིག རྒྱ་ནག་པོ་དང་རྒྱལ་མཚམས་ལན་གསུམ་བཅད་ཅིང། རྒྱ་རྒྱ་ཡུལ་ན་སྐྱིད་། བོད་བོད་ཡུལ་ན་སྐྱིད་ཅེས་པའི་གསུངས་རྒྱུན་ལྟར་སྤྱི་ལོ་ ༡༩༡༥༠ པའི་བར་ཁྱིམ་ཚེས་བྱས་ནས་བསྡད། སྐབས་འགར་མཆོད་ཡོན་གྱི་འབྲེལ་བ་བཟུང་ལ། ཕལ་ཆེར་བར་བོད་རྒྱ་གཉིས་ཁྱོད་བདེ་ང་བདེ་བྱས་ཏེ་ཆབ་སྲིད་ཀྱི་མངའ་ཐང་དང་བདག་དབང་སོ་སོའི་རང་ལག་ཏུ་གནས། སྤྱི་ལོ་ ༡༠༥༠ པའི་འགོར་རྒྱ་དམག་འབོར་ཆེན་བསླེབས་ཏེ་བོད་ཡུལ་ཁྲིམས་འགལ་བཙན་འཕྲོག་བྱས་པས། མི་རིང་བར་བོད་གཞིས་བྱེས་གཉིས་སུ་གྱེས་ཤིང་མ་ཤི་གསོན་བྲལ་གྱི་མི་ཚེའི་དཀའ་ངལ་ནང་མཆིས་ཀྱང་། དེང་དུས་གཟི་བརྗིད་ཆེ་བའི་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་བ། མི་འབོར་ཕལ་ཆེར་ས་ཡ་ ༨ ལ་ཉེ་བའི་མི་རིགས་ཏེ། བོད་མཐོ་སྒང་ཞེས་སྲིད་ན་གྲགས་པའི་ཡུལ་ཁམས་ཀྱི་བདག་པོ། སྐད་དང་། རིག་གནས། ཆོས་ལུགས་བཟང་སྤྱོད། ཐུན་མིན་རིགས་རྒྱུད་ཀྱི་རྐང་རྩ་ཀུན་ནས་འཛོམས་པའི་བོད་མི་རིགས་འདི་རྩ་མེད་བཟོ་བཞིན་པའི་གནས་སྟངས་ཛ་དྲག་ཅན་དེ་མ་གཟོད་པས་ཚེ་ཐག་བཅད་པར་སྣང་།ལོ་རྒྱུས་ཀྱི་ན་ཚ་དེ་འདྲ་ཞིག་གདོང་ལེན་བྱེད་ཆེད་བློ་དགའ་རང་བཙན་དང་བཅས་པའི་བོད་ཀྱི་དཔའ་བོ་དཔའ་མོ་༡༧༡་ཡིས་རང་ལུས་མེར་བསྲེགས་གནང་།
སྤྱི་ལོ་ ༡༩༥༠ པ་ནས་ ༢༠༢༦ པའི་བར། རྒྱ་དམག་གིས་དང་པོ་བོད་དུ་བཙན་འཛུལ་བྱེད་སྐབས་སུ་བསད་པ་དང་། བར་དུ་མི་སེར་སྤེལ་ཡུལ་གྱི་དབང་སྒྱུར་བརྟན་པོ་བཟོ་སླད་དུ་དམངས་གཙོ་བཅོས་སྒྱུར་དང་སྤྱི་ཚོགས་རིང་ལུགས་བཅོས་སྒྱུར་རྐྱེན་བྱས་ཏེ་སྲོག་ཤོར་བ། དེ་ནས་མུ་གེ་བཟོས་ཏེ་ཤི་བ།[2] དེ་རྗེས་རིག་གནས་གསར་བརྗེའི་སྐབས་དང་། རྒྱ་ཡི་དབང་སྒྱུར་ལ་ངོ་རྒོལ་དང་མགོ་མ་སྒུར་བས་བཙོན་ཁང་ནང་ཤི་ཟིན་པ་བཅས་ཁྱོན་བསྡོམས་བོད་མི་ས་ཡ་གཅིག་དང་ཁྲི་ཉི་ཤུ་ལྷག་གི་ཚེ་སྲོག་བླངས། ས་ཡ་གཅིག་ལྷག་གི་ཚེ་སྲོག་ཤོར་ཞིང་མི་ལོ་ ༦༧ ལྷག་གི་རིང་ངོ་རྒོལ་བྱས་པ་དེ་ལ་རྒྱ་ནག་གིས། བོད་ཞི་བའི་བཅིངས་གྲོལ་བྱས་ཡིན་ཞེས་ཁྲམ་རྫུན་ས་བསྒྲགས་གནམ་བསྒྲགས་བྱས་པ་དེ་རྒྱལ་སྤྱི་དང་མཉམ་འབྲེལ་རྒྱལ་ཚོགས་ནང་བདེན་པ་ལྟ་བུར་ཆགས་པའི་གནས་སྟངས་དེ་མ་གཟོད་པས་བློ་དགའ་རང་བཙན་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་མདུན་རང་ ལུས་མེ་བསྲེགས་བཏང་།
བོད་ཡུལ་གྱི་རྒྱ་ཁྱོན་ཤིན་ཏུ་ཆེ་བས། འདབས་འབྲེལ་ས་ཆ་ཁ་ཤས་རྒྱ་ནག་གིས་ཟ་ཟུར་ནས་དམག་རྒྱབ་བཙན་འཕྲོག་བྱས་ཡོད་ཀྱང་། རྩ་བའི་ཆ་ནས་བོད་སྤྱི་ཡི་ཆབ་སྲིད་བདག་དབང་རང་འཇགས་གནས་ཡོད། དཔེར་ན། སྤྱི་ལོ་ ༡༩༥༥ ནས་ ༡༩༥༦ རིམ་གྱིས་མདོ་སྟོད་ཕྱོགས་སུ་བཙན་འཛུལ་དམག་བཅོམས། དེ་ནས་ ༡༩༥༧ ལོ་མཇུག་ཙམ་ནས་བོད་མདོ་སྨད་ཀྱི་ཕྱོགས་སུ་བཙན་འཛུལ་དམག་བཅོམས་བྱས་པ་ལྟ་བུ། ཆོལ་གསུམ་བོད་པས་རྒྱ་དམག་བོད་དུ་བཙན་འཛུལ་བྱས་པར་འགོག་རྒོལ་རབ་དང་རིམ་པ་མང་པོ་བྱས་པས་ཁྱོན་བསྡོམས་བོད་ཀྱི་དཔའ་བོ་དཔའ་མོ་གྲངས་མང་བསད། སྤྱི་ལོ་ ༡༩༦༢ པ་ཡས་མས་ནས་རྒྱ་གཞུང་གིས་བོད་མིའི་ས་ཞིང་དང་ཕྱུགས་ཟོག འབྲུ་རིགས་སོགས་རྒྱུ་ནོར་མཐའ་དག་བཙན་འཕྲོག་བྱས་རྗེས་སུ། བོད་དུ་མུ་གེ་བྱུང་བས་བོད་པ་མང་པོ་ལྟོགས་སྐོམས་ཀྱིས་ཤི། དེའི་མཇུག་རྫོགས་མ་རྫོགས་ཀྱི་མཚམས་ཏེ་ ༡༩༦༦ ལོ་ནས་རིག་གནས་གསར་བརྗེ་ཞེས་པ་དེ་བསླངས་པས་གཟུགས་ཅན་ཏུ་མངོན་པའི་བོད་ཀྱི་རིག་གནས་ཁོར་ཡུག་རྩ་བརླགས་བཏང་། ༡༩༨༠ ལོ་ནས་ ༢༠༡༠ བར་གཞིས་ཀྱི་སྤྱི་ཚོགས་ཁོར་ཡུག་ཅུང་ཟད་གུ་ཡངས་བྱས་ཀྱང་ཆབ་སྲིད་ནག་པོའི་ལྕགས་སྒྲོག་ལྷོད་མེད་པར་མ་ཟད། ༧གོང་ས་མཆོག་ལ་དབུ་སྐོར་བྱས་པ་དང་ལྷན་ཏུ་རྒྱལ་སྤྱིའི་སྒང་མཚན་སྨད་རབ་དང་རིམ་པ་བྱས་པས། གཞིས་ཀྱི་བོད་མི་དམངས་འུ་ཐུག་ཏེ་ཕོ་མོ་རྒན་གཞོན་སྐྱ་སེར་ཁྱད་མེད་དུ་ས་བྱི་ལོའི་ཡར་ལངས་བྱས་ཤིང་། མགོ་སྐོར་ཕུགས་སུ་བཅིངས་ཏེ་གྲོས་མོལ་ལན་དགུ་བྱས་ཀྱང་མཐའ་མ་༧གོང་ས་མཆོག་དང་བོད་གཞུང་གི་སྟེང་། ཁ་ནས་རང་སྐྱོང་དོན་གྱིས་རང་བཙན་རེད། ཅེས་ནག་ཉེས་ཆེན་བོ་ཞིག་གཡོག་ནས་བཞག
ད་ལྟའི་བར་དུ་བོད་ཕྱི་ནང་གཉིས་ཀྱི་བོད་མི་གྲངས་ ༡༧༡ ཡས་རང་ལུས་མེ་རུ་བསྒྲོན་ཡོད་ནའང་། རྒྱ་ནག་གཞུང་གིས་སེམས་བསམ་པའི་གཏིང་ནས་རྣམ་འགྱུར་ཡག་པོ་སྤུ་ཙམ་ཡང་བསྟན་མེད་པ་མ་ཟད[3]། བོད་མི་རིགས་རྩ་མེད་བཟོ་རྒྱུའི་གོམ་ཁ་ཇེ་མགྱོགས་སུ་བཏང་སྟེ། ༢༠༡༦ ལོ་ནས་བོད་ཀྱི་བྱིས་པ་ལོ་ ༤ ནས་ ༦ ཅན་བར་བཅའ་སྡོད་སློབ་གྲྭའི་ནང་བཅུག་ཏེ་རྒྱ་བསྒྱུར་རྒྱུད་རྫོགས་ཀྱི་སྲིད་ཇུས་གཞི་རྒྱ་ཆེན་པོ་བརྩམས[4]། བོད་ཕྲུག་ས་ཡ་གཅིག་ལྷག་བཅའ་སྡོད་སློབ་གྲྭར་བཅུགས་ནས་རྒྱ་བསྒྱུར་བྱེད་བཞིན་པ་མ་ཟད། ད་ལྟ་བོད་ཕྲུག་ལོ་བཅུ་ཅན་ ༧༠% མན་ཆད་ཀྱིས་ཕ་སྐད་ཀྱི་སྒང་ནས་ནང་མི་དང་བརྡ་འཕྲོད་དཀའ་བའམ་བརྡ་སྤྲོད་མི་ཐུབ་པའི་གནས་སྟངས་ཤུགས་ཆེར་འགྲོ་བཞིན་པའི་སྟེང་། བོད་སྐད་ཀྱི་སྤྱི་ཚོགས་ཁོར་ཡུག་དང་དེའི་མ་རྩ་མེད་པ་བཟོ་བཞིན་པ་དང་། བསླབ་གཞིའི་ནང་བོད་ཀྱི་རིག་གཞུང་གི་མ་ལག་མེད་པར་བཏང་བའི་ཁར། བསླབ་དེབ་ཀྱི་ནང་དོན་ཕལ་ཆེར་ཞེ་སྡང་སློང་བྱེད་ཀྱི་དམག་འཁྲུག་དང་དགྲ་ཤ་ལེན་སྟངས་སོགས་ཀྱིས་ཁེངས། དེ་དང་མཉམ་བོད་ཀྱི་མཐོ་རིམ་སློབ་གསོའི་སྒྲིག་འཛུགས་རྒྱ་ཡི་སྡེ་ཚན་དང་ཟླ་སྒྲིལ་གཞི་མེད་དུ་བཏང་ཞིང་། མཐོ་སློབ་ནང་འཆད་རྩོད་རྩོམ་གསུམ་དང་འབྲེལ་བའི་བྱ་བ་ཐམས་ཅད་རྒྱ་ཡིག་རྒྱ་སྐད་དུ་བཙན་གྱིས་བསྒྱུར། ཆུང་བྱིས་པ་ནས་གོང་མཐོ་སློབ་བར་དང་དགོན་པའི་འཆད་ཉན་རང་དབང་བཀག་སྡོམ་དང་ལྷན། དམར་ཕྱོགས་ཀྱི་འདུ་ཤེས་གསུམ[5] ༼ རྒྱལ་ཁབ་ཀྱི་འདུ་ཤེས་དང་།ཁྲིམས་འཛིན་ཀྱི་འདུ་ཤེས། མི་སེར་གྱི་འདུ་ཤེས།༽ ་ཟེར་བ་དགོན་པའི་ནང་བཙན་གྱིས་ནང་འཇུག་ཁྱབ་བསྒྲགས་བྱས་པ་མ་ཟད། མི་རིགས་མཐུན་འབྲེལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཞེས་པ་གཏན་ལ་ཕབ་ཅིང་། སྤྱི་ལོ་ ༢༠༢༦ པའི་ཟླ་ ༧ པའི་ཚེས་ ༡ ཉིན་ནས་ལག་བསྟར་བྱེད་འགོ་ཚུགས།[6] ཁྲིམས་འདི་ལག་བསྟར་བྱེད་མགོ་བཙུགས་པའི་ཉིན་གཉིས་པ་སྟེ[7]། སྤྱི་ཟླ་ ༧ པའི་ཚེས་ ༢ ཀྱི་ཉིན་བློ་དགའ་རང་བཙན་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེར་བསྲེགས་གནང་[8]། འདི་ལྟར་བསྟུད་མར་བོད་ཕྱི་ནང་གཉིས་ནས་བོད་མི་མང་པོས་རང་ལུས་མེར་བསྲེགས་གནང་དོན་ཡང་། རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱས་ནས་བཟུང་ཡ་ང་བའི་དྲག་གནོན་གྱི་སྲིད་ཇུས་རབ་དང་རིམ་པ་མང་པོ་མི་ལོ་ ༦༧ རིང་མྱངས་པའི་བརྒྱུད་རིམ་བཟོད་མཐའ་མེད་པར་ཆགས་པའི་མཇུག་འབྲས་འཛམ་གླིང་ལ་སྙན་སྒྲོན་ཏུ་ཕུལ་བ་ལྟ་བུ་ཞིག་ཏུ་འཁུམས།
གོང་སྨྲས་གནས་སྟངས་ལ་གཞིགས་ཚེ། མི་རིགས་ཤིག་གི་སྲོག་རྟེན་ཁྲག་རྩའི་རྨ་ཁ་རིམ་གྱིས་ཆེ་རུ་གཏོང་བཞིན་པའི་ཚོར་བ་ཤུགས་ཆེན་པོ་ བསླེབས་དང་སླེབ་བཞིན་པ་ལགས་ན། མི་རིགས་འདི་འཆི་གསོན་གྱི་གནད་ལ་ཐུག་སྐབས་འགན་སྲོག་གིས་བླངས་ཏེ་ཕེབས་མཁན། བློ་དགའ་རང་བཙན[9]་དང་བཅས་པའི་རང་ལུས་མེར་བསྲེགས་གནང་མཁན་བརྒྱ་དང་བདུན་བཅུ[10]་དོན་གཅིག་བྱུང་།[11]
བོད་ཀྱི་ད་ལྟའི་འཐབ་རྩོད་གནས་སྟངས་ཐུགས་འགན་འཁུར་ཚུལ།
བོད་གཞིས་བྱེས་མ་ཤི་གསོན་བྲལ་བྱུང་སྟེ་མི་ལོ་ ༦༧ ཡི་རྗེས་སུ་བོད་དོན་བདེན་མཐའ་སེལ་བར་དཀའ་ཁག་སྔར་ལས་ལྷག་པ་བསླེབས་དང་སླེབ་བཞིན་པ་མངོན་གསལ་དུ་སྣང་ཞིང་། ད་ལྟ་བོད་ཕྲུག་ལོ་བཅུ་ཅན་ ༧༠ % མན་ཆད་ཕ་སྐད་སྒང་ནས་ནང་མི་དང་བརྡ་འཕྲོད་དཀའ་བའམ་མི་ཐུབ་པའི་གནས་སྟངས་ཤུགས་ཆེར་འགྲོ་བཞིན་པའི་སྟེང་། བོད་སྐད་ཀྱི་སྤྱི་ཚོགས་ཁོར་ཡུག་དང་དེའི་མ་རྩ་མེད་པ་བཟོ་བཞིན་པ་དང་བསླབ་གཞིའི་ནང་བོད་ཀྱི་རིག་གཞུང་གི་མ་ལག་མེད་པར་བཏང་བའི་ཁར། བསླབ་དེབ་ཀྱི་ནང་དོན་ཕལ་ཆེར་ཞེ་སྡང་སློང་བྱེད་ཀྱི་དམག་འཁྲུག་དང་དགྲ་ཤ་ལེན་སྟངས་སོགས་མང་པོ་བཀོད་ཡོད་པ། བསླབ་གཞིའི་མ་ལག་ཁྱོན་ནས་རྒྱ་གཞུང་གིས་བཏང་འཛིན་ཤུགས་ཆེར་ཕྱིན་པ་དང་ལྷན་སློབ་གྲྭའི་ནང་བོད་སྐད་བོད་ཡིག་བེད་སྤྱོད་ཀྱི་གོ་བབ་ཇེ་ཉུང་ནས་ཇེ་ཉུང་དུ་གཏོང་བཞིན་པ། བོད་ཀྱི་རིག་གནས་ལྟེ་བ་སྟེ་དགོན་པའི་སྤྱི་ཚོགས་བྱེད་ལས་སྣ་ཚོགས་གཞི་མེད་བཟོ་བཞིན་པ་དང་གྲྭ་རྒྱུན་གཅོད་བཞིན་པ་སོགས་མི་སེར་སྤེལ་ཡུལ་རིང་ལུགས་ཀྱི་ལོ་རྒྱུས་དང་གཅིག་མཚུངས་སུ་ཆགས།
གོང་གི་གནས་ཚུལ་གྱིས་ར་སྤྲོད་གསལ་བོ་ཞིག་བྱུང་ཡོད་པ་ནི་རྒྱ་ནག་གི་ཧམ་པ་ཆེན་པོ་སྟེ། བོད་ཀྱི་སྐད་དང་རིག་གཞུང་གི་མ་ལག་ཆ་ཚང་རིམ་གྱིས་ནུས་མེད་དང་བེད་མེད་བཟོས་ཏེ་བོད་མི་རིགས་ཟེར་བའི་དོན་སྤྱི་ཙམ་ཡང་འཇིག་རྟེན་འདིར་ལྷག་རྒྱུ་མེད་པའི་གནས་སྟངས་བཟོ་རྒྱུ་དེ་རེད། དེ་འདྲའི་ལྐོག་ཇུས་དེ་ལམ་འགྲོ་ཡོང་བྱེད་ལ་ཁྲིམས་ཀྱི་རྒྱབ་རྩ་ཞིག་གཏན་ལ་ཕབས་པ་སྟེ། ༼ མི་རིགས་མཐུན་འབྲེལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས།༽ ཞེས་པ་གཏན་ལ་ཕབས་ཤིང་། ཁྲིམས་འདི་ཡི་དམིགས་ཡུལ་གཙོ་བོ་ནི། མི་རིགས་གྲངས་ཉུང་གི་ངོ་རྟགས་ཁྲིམས་འགལ་བཟོ་རྒྱུ་དང་། མཐོང་ཐོས་མྱོང་གསུམ་དུ་སྣང་བའི་མི་རིགས་གྲངས་ཉུང་གཞི་མེད་དུ་གཏོང་རྒྱུ་མ་ཟད། སེམས་ཁམས་ཀྱི་སྒང་ནས་རྩ་མེད་བཟོ་རྒྱུ་ཁྲིམས་མཐུན་ཆགས་པར་འབད་རྒྱུ་དེ་རེད། ད་ལྟའི་རྒྱ་ནག་གཞུང་གིས་བོད་མི་རིགས་འདི་གནས་པའམ་འཇིག་པའི་མཚམས་སུ་བསྐྱལ་འདུག་ཚུལ་ཤེས་རྟོགས་བྱུང་བས། བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་།
བོད་ཀྱི་མ་འོངས་པའི་སྐྱིད་སྡུག་ཐུགས་འགན་འཁུར་ཚུལ།
བོད་ཀྱི་བཙན་བྱོལ་སྤྱི་ཚོགས་ནང་། རང་དབང་དང་དམངས་གཙོ་བེད་སྤྱད་དེ་ཆོལ་ཁ་དང་ཆོས་རྒྱུད་བརྩད་དང་རྩོད་བཞིན་པ་འདིས་གངས་ཅན་པའི་ཆབ་སྲིད་བདག་དབང་འཐབ་རྩོད་ཀྱི་མ་རྩ་བརླག་བཞིན་པ་གསལ་བོར་མཐོང་བས། བློ་དགའ་རང་བཙན་ལགས་ནས་ཁ་ཆེམས་བཞག་དོན་ཞིག་སྟེ། ཆོལ་ཁ་གསུམ་རྡོག་རྩ་གཅིག་སྒྲིལ་གནང་རོགས་ཞེས་འབོད་སྐུལ་མཐའ་མ་དེ་གནང་། ཕྱི་དགྲ་ལས་ནང་དགྲ་སྡུག་ཞེས་པའི་དཔེ་ལྟར་ ནང་མཐུན་མེད་ན་ཕྱི་དགྲ་འཐབ་བྱེད་ཀྱི་སྟོབས་ཤུགས་མེད། གནད་དེ་མཐོང་བས་ཞལ་ཆེམས་ནང་ཆོལ་ཁ་ཆོས་ལུགས་དབྱེར་མེད་དུ་ཆིག་སྒྲིལ་ གནང་སྟེ་རང་བཙན་འབད་དགོས་པར་སྐུལ།
བཙན་བྱོལ་སྤྱི་ཚོགས་སུ་མཆིས་པའི་བོད་པར་རིགས་བདུན་འདུག ༡༽ བཙན་བྱོལ་དུ་ཕེབས་དགོས་རྒྱུ་བརྗེད་བསྡད་ཡོད་པའི་མི་སྐོར་ཞིག ༢༽ བོད་རྒྱ་བར་གྱི་ཆབ་སྲིད་དགའ་རྙོག་མགོ་འཁྲུག་བསྡད་ཡོད་པའི་མི་སྐོར་ཞིག། ༣༽ རྒྱ་ནག་ལ་འཐབ་རྩོད་ཕར་བཞག་ཚིག་ངན་ཙམ་ཡང་བཤད་འདོད་མེད་པའི་མི་སྐོར་ཞིག ༤༽ རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་དང་མཉམ་འབྲེལ་བྱས་ནས་འགྲོ་བསྡད་པའི་མི་སྐོར་ཞིག ༥༽ བཙན་བྱོལ་ནས་འཚར་ལོངས་བྱུང་ཞིང་བོད་གཞུང་གིས་གསོས་ཏེ་ཆེན་པོར་ཆགས་རྗེས་ཕྱི་རྒྱལ་དུ་བསླེབས། ད་ལྟ་རྒྱ་ནག་གི་རྒྱུགས་ཁྱི་ཆགས་བསྡད་པའི་མི་སྐོར་ཞིག ༦༽ དང་པོ་བོད་ནས་བཙན་བྱོལ་དུ་ཕེབས་པ་དང་དེ་རྗེས་ཕྱི་རྒྱལ་དུ་བསླེབས་པ་རྐྱེན་ཏུ་བཟུང་སྟེ་ནང་མི་ལོ་རེ་ཐུག་ཐུབ་ཆེད་དུ་བཙན་བྱོལ་སྤྱི་ཚོགས་ཀྱི་ལས་འགུལ་དང་རྒྱང་བཅད་ནས་བསྡད་ཡོད་པའི་མི་སྐོར་ཞིག ༧༽ བོད་པའི་སྤྱི་ཚོགས་ནང་རྒྱ་ཡི་སོ་བ་བྱེད་བསྡད་མཁན་གྱི་བོད་པ་སྐོར་ཞིག རིགས་འདི་དག་ལ་བློ་དགའ་རང་བཙན་ལགས་ནས་བསླབ་བྱ་གསལ་བོ་གནང་འདུག
སྤྱིར་ན་རྒྱལ་ཁབ་དང་མི་རིགས་གང་དང་གང་ཡིན་ཀྱང་ལྟ་བ་དང་ལངས་ཕྱོགས་མ་འདྲ་བ་བསླེབ་རྒྱུ་དེ་ཐུན་མོང་གི་འགྲོ་ལུགས་འགྲོ་སྟངས་ཤིག་ཡིན་པ་མངོན་གསལ་དུ་སྣང་། ལྷག་དོན་ངེད་ཚོ་གཞིས་བྱེས་གཉིས་སུ་གནས་ཡོད་པའི་བོད་ལ་མཚོན་ན། ཕུགས་རྒྱང་རིང་པོའི་རིང་ལུགས་སྐྱོང་ཕྱོགས་དང་འཕྲལ་གྱི་ཆབ་སྲིད་དཀའ་རྙོག་སེལ་བྱེད་ཀྱི་ཐབས་ཇུས་གཞན་ལས་ལྷག་པར་གསལ་བོ་ཆགས་དགོས་ཤིང་། ཕྱི་མ་སྟེ་འཕྲལ་གྱི་ཆབ་སྲིད་དཀའ་རྙོག་སེལ་བྱེད་ཀྱི་ཐབས་ཇུས་ལ་བརྟགས་ན། ལམ་དབུ་མ་དང་རང་བཙན་གཉིས་ཆགས་བསྡད་པར་མ་ཟད་རྩོད་པའང་ཤུགས་ཆེར་ཕྱིན་ཏེ་བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་ལ་གནོད་པ་བསླེབས་འདུག།འཐེན་ཁྱེར་སྣ་ཚོགས་བོད་སྤྱི་བའི་དོན་ལ་གནོད་བྱེད་ཀྱི་དགྲ་བོ་ལྟ་བུ་ཆགས་འདུག་པར་མ་ཟད། ཕྱི་དགྲ་ལས་ནང་དགྲ་མཐུ་ཞེས་པའི་བཤད་ལུགས་ལྟར་ནང་དགྲ་མེད་པར་གཏོང་བྱེད་གལ་ཆེ་ཤོས་དེ་བཙན་བྱོལ་སྤྱི་ཚོགས་ཀྱི་ནང་མཐུན་རེད། ནང་མཐུན་ཡོང་བྱེད་ལ་བློས་གཏོང་དང་རྣམ་དཔྱོད་ཟུང་འབྲེལ་གལ་ཆེ། ཕུགས་རྒྱང་དང་རྒྱ་ཆེ་ཕྱོགས་གལ་ཆེར་བཟུང་སྟེ་ཆུང་ ས་མཁྲེགས་འཛིན་སྒྱུར་བཅོས་བློས་བཏང་གནང་སྟེ། རྣམ་དཔྱོད་དང་ལྡན་པའི་ངང་གནས་ལུགས་ཀྱི་རྗེས་སུ་འབྲངས་ན་ལམ་མ་ནོར་བ་ཞིག་བསྙེག་ཐུབ་ཅིང་། བཙན་བྱོལ་སྤྱི་ཚོགས་ཀྱི་ནང་མཐུན་དེ་བོད་ཀྱི་མ་འོངས་པའི་འཐབ་རྩོད་ལམ་ལྷོང་ཡོང་བྱེད་ཀྱི་ལྷན་ཅིག་བྱེད་རྐྱེན་ལྟ་བུར་ཆགས་ཡོད་པས། བློ་དགའ་རང་བཙན་ལགས་ནས་དམིགས་བསལ་ནང་མཐུན་གྱི་འབོད་སྐུལ་གནང་དགོས་པའང་གནད་དེར་ཐུག།
འཕྲོས་དོན་བརྟག་དབྱེ།
ཇི་སྐད་དུ།
དགེ་སློང་དག་གམ་མཁས་རྣམས་ཀྱིས།།
སྲེག་བཅད་བརྡར་བའི་གསེར་བཞིན་དུ།།
ལེགས་པར་བརྟག་ལ་ང་ཡི་བཀའ།།
བླང་བར་བྱ་ཡུས་གུས་ཕྱིར་མིན།།
ཞེས་སྤྱི་ནོར་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཡང་ནས་བསྐྱར་དུ་མི་དམངས་ལ་བཀའ་སློབ་ལམ་སྟོན་རབ་དང་རིམ་པ་གནང་བ་ཇི་ལྟ་དེ་ཉིད་དུ་ལག་ལེན་མཐར་ཆགས་སུ་བསྟར་རྒྱུ་གནད་ཕྲ་ཞིང་། ལྷག་དོན་བོད་ཀྱི་ཆབ་སྲིད་འཐབ་རྩོད་ཀྱི་ཁ་ཕྱོགས་དང་ལམ་ཀ་བཅས་རང་རང་སོ་སོའི་ལྟ་བ་ལངས་ཕྱོགས་ཇི་མཆིས་སྲེག་བཅད་བརྡར་གསུམ་མ་བརྒྱུད་པར་ཟེར་བགྲོས་ཙམ་མཁྲེགས་འཛིན་རྗེས་བསྙེགས་བྱས་དང་བྱེད་བཞིན་པ་དེ་ཆབ་སྲིད་ཀྱི་ངོས་ནས་ཉེན་ཁ་ཞིག་ཏུ་མཐོང་ལ། དེ་དམངས་གཙོ་ཡི་འགྲོ་སྟངས་ཡང་མ་རེད།
ལམ་དབུ་མ་དང་རང་བཙན་བསྐྱར་གསོ་གཉིས་ཀ་བོད་དོན་དཀའ་རྙོག་སེལ་བྱེད་ཀྱི་ཐབས་ཇུས་ཡིན་པ་ལས། རིང་ལུགས་ཤིག་ཏུ་གོ་མི་རུང་ལ་འཛིན་ཡང་མི་རུང་བ་ཞིག་ཡིན་པ་ཡིད་འཇགས་འཚལ། ཐབས་ཇུས་འདི་དག་སྐབས་བབ་གནས་སྟངས་ལ་གཞིགས་ནས་བོད་ཀྱི་ཆབ་སྲིད་མངོན་འདོད་འགྲུབ་ཐུབ་མི་ཐུབ་ཀྱི་གོ་བབ་དང་བསྟུན་འགྱུར་བ་གཏོང་དགོས་པ་ཞིག་ཏེ། བོད་རྒྱ་བར་དོན་ཚན་ ༡༧ བཞག་མྱོང་ལ་རྩིས་མེད་ཡང་བཏང་མྱོང་། དེ་ནས་བཙན་བྱོལ་དུ་ཕེབས་ཏེ་རང་བཙན་བརྩད་མྱོང་། དེ་ནས་ ༼ རང་བཙན་མ་ཡིན་པ་གང་ཡང་གྲོས་མོལ་བྱེད་ཆོག༽ ཅེས་པའི་རྒྱ་ཡི་ལངས་ཕྱོགས་འོག་སྲིད་ཇུས་ལ་འགྱུར་བ་བཏང་སྟེ་མིང་དོན་མཚུངས་པའི་རང་སྐྱོང་སྒང་ཕྱིན། ད་ལྟ་རྒྱ་ནག་གི་གནས་སྟངས་ལ་འགྱུར་ལྡོག་ཆེན་པོ་བྱུང་སྟེ། ༢༠༡༠ ནས་༢༠༢༦ བར་བོད་རྒྱ་གྲོས་མོལ་མེད་པའི་སྟེང་སྔོན་འགྲོ་བཅའ་སྡོད་སློབ་གྲྭ་བཙུགས་ཏེ་བོད་ཀྱི་སྐད་ཡིག་དང་རིག་གནས་ལག་ལེན་བྱེད་མཁན་གྱི་མི་རབས་གསར་བ་ཁྱོན་ཡོངས་སུ་རྒྱ་སྒྱུར་རམ་མེད་པ་བཟོ་བཞིན་པ། ལྷག་པར་ཏུ་༢༠༡༨ ལོའི་རྗེས་ནས་སྔར་ཡོད་རང་སྐྱོང་གི་སྲིད་རིམ་སྣ་ཚོགས་ཀྱང་དོན་གྱིས་མེད་པ་བཟོས་ཟིན། ༢༠༢༦ ལོའི་ ༼ མི་རིགས་མཐུན་འབྲེལ་ཡར་སྐུལ་ཁྲིམས་འཆར།༽ ཞེས་པ་གཏན་ལ་ཕབས་ཏེ་མི་རིགས་རྒྱ་སྒྱུར་དང་རིག་གཞུང་རྩ་མེད་བཟོ་སྟངས་ཁྲིམས་མཐུན་ཏུ་བཅོས་ཤིང་ལག་བསྟར་ཀྱང་བགྱིད་བཞིན་པར་སྣང་བ་མངོན་གྱུར་ཏུ་གདའ། གནས་སྟངས་འདི་ཡི་འོག བཙན་བྱོལ་སྤྱི་ཚོགས་ནང་དམངས་གཙོ་ངོ་མ་ལག་ལེན་བྱས་ནས་བོད་ཀྱི་མ་འོངས་པར་སྨན་པའི་བསམ་ཕྱོགས་སྣ་ཚོགས་ཕན་ཚུན་གུས་བརྩི་སྔོན་དུ་བཏང་སྟེ་གྲོས་སྡུར་དང་གླེང་མོལ་གང་མང་གནང་ན། ལམ་ཀ་ཡག་པོ་ཞིག་རྙེད་ཐུབ་ལ་འགྲོ་ཡང་ཐུབ།
རང་བཙན་གྱི་ཕྱོགས་ནས་བལྟས་ན། སྔར་བོད་རང་བཙན་ཡིན་མིན་དང་ད་ལྟ་བོད་ལ་རང་བཙན་དགོས་དང་མི་དགོས་ཞེས་པའི་སྒང་རྩོད་མེད་རེད། གནད་འགག་ནི་བོད་རང་བཙན་ལེན་ཐུབ་དང་མི་ཐུབ་ཅེས་པའི་དྲི་བ་འདིར་ཐུག་འདུག རང་བཙན་ལེན་ཐུབ་མི་ཐུབ་རྒྱུ་མཚན་ཏུ་བྱས་ནས་རང་བཙན་དོར་ན་ལོ་རྒྱུས་ཀྱི་ཁ་ཕྱོགས་དེ་ག་འདྲ་ཞིག་ཆགས་སྲིད་པར་བསམ་བློ་གཏོང་དགོས་པ་གལ་ཆེ། རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་སྐབས་བབ་གནས་ཚུལ་དང་བསྟུན་འགྱུར་བ་རབ་དང་རིམ་པ་བཏང་ཟིན་པ་མཐོང་ཐོས་གྱུར་ཚུལ། དང་པོའི་རང་བཙན་མ་ཡིན་པའི་རེ་བ་ག་རེ་བཏོན་ན་གྲོས་སྡུར་བྱེད་ཆོག་ཅེས་པ་ནས། ད་ལྟའི་ ༼ མི་རིགས་མཐུན་འབྲེལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས། ༽ ཞེས་པའི་མི་རིགས་རྩ་མེད་བཟོ་རྩིས་ཀྱི་བར་ན་ཁྱད་པར་ག་འདྲ་ཡོད་པ་ཤིན་ཏུ་གསལ་ཞིང་། ཡུལ་དུས་གནས་བབས་གནམ་ས་བླ་འོག་འགྱུར་ཟིན་པས། བོད་རྒྱ་གྲོས་མོལ་ཡོང་མིན་དང་དེ་བརྒྱུད་ནས་བོད་ལ་རང་སྐྱོང་གཙང་མ་སྤྲོད་མི་སྤྲོད་དང་རང་སྐྱོང་དེ་འདྲ་ཞིག་རྒྱ་ནག་གི་ལག་ནས་རེག་ཐུབ་མི་ཐུབ་ལ་བསམ་བློ་གསར་བ་ཞིག་གཏོང་དགོས་པའི་དུས་ལ་བསླེབས་འདུག ཇི་སྲིད་རང་བཙན་གྱི་འདུན་པ་མ་དོར་དེ་སྲིད་བར་དུ་བོད་གངས་ཅན་པར་རེ་བ་དང་ཡིད་ཆེས་ཟུང་ལྡན་རེད་ཅེས་པ་འདས་པོ་ཀུན་གྱི་མངོན་འདོད་དུ་འཁུམས། དེ་དང་མཉམ་དུ་བོད་ཀྱི་མ་འོངས་པའི་མི་རབས་ཀྱི་ཐོབ་ཐང་དང་མངོན་འདོད་ ལའང་གུས་བརྩི་གནང་རྒྱུ་གལ་ཆེ།
དབུ་མའི་ལམ་གྱི་རང་སྐྱོང་ཞེས་པ་རྒྱ་ནག་གིས་སྤྲད་མི་སྤྲད་དང་དེ་འདྲའི་འདོད་པ་དེ་ཡོད་མེད་ལ་ཐུག་ཡོད་ལ། རང་བཙན་ཞེས་པ་དེ་བོད་ཀྱིས་ལེན་ཐུབ་མི་ཐུབ་དང་དེ་འདྲའི་འཇོན་ཐང་དང་སྟོབས་ཤུགས་ཡོད་མེད་ལ་ཐུག་ཡོད། གནས་ལུགས་ཀྱི་སྒང་ནས་བལྟས་ན་ལེན་དགོས་པ་དེ་ཉི་མ་ཤར་ཤར་དུ་སྣང་ཞིང་ཕྱོགས་གང་ནས་བལྟས་ཀྱང་བོད་ཀྱི་ལོ་རྒྱུས་ཐོབ་ཐང་རེད། མི་རིགས་ཀྱི་བདག་དབང་ཞེས་པ་དེ་མི་རིགས་གང་དེའི་མི་དམངས་ལག་ན་ཡོད་པ་དེ་རྩོད་མེད་བདེན་པ་ལྟ་བུར་དེང་རབས་རྒྱལ་ཁབ་དང་རྒྱལ་སྤྱིའི་ཁྲིམས་རྩ་འགྲོ་སྟངས་ཤིག་རེད། རྒྱ་ནག་ཁོ་རང་འདུས་བྱས་མི་རྟག་པའི་ཁྱབ་ཁུངས་ཤིག་ཡིན་པས་སྟོབས་ཆེན་པོའི་ངང་རྟག་པར་གནས་ཁག་པོ་རེད་ལ། བོད་མི་རིགས་ཡར་རྒྱས་ཕྱིན་ཏེ་སྟོབས་ཅན་མི་རིགས་སུ་ཆགས་མི་སྲིད་པའང་མ་རེད། དར་རྒུད་གཉིས་ཀྱི་བརྒྱུད་རིམ་ཁྲོད་གོ་སྐབས་མཐོང་མ་མཐོང་དང་ཟིན་ཐུབ་མི་ཐུབ་དེའང་མི་འབོར་ཁྱོན་གྱི་སྤུས་ཀར་རག་ལས་པ་ཞིག་རེད།
རང་བཙན་དང་དབུ་མའི་ལམ་གྱི་བར་ན་ལམ་ཀ་གསུམ་པ་ཞིག་མེད་པའང་མ་རེད། གནས་སྐབས་ནུས་པ་མཉམ་སྤུངས་བྱས་ཏེ་བཙན་བྱོལ་སྤྱི་ཚོགས་དང་གཞིས་ཀྱི་སྤྱི་ཚོགས་གཉིས་ཆ་ནང་སྟོབས་ཡར་རྒྱས་ལ་ཤུགས་རྒྱབ་ནས་མ་འོངས་པ་ན་གཞིས་བྱེས་མཉམ་འཛོམས་སྐབས་སུ་རང་ཐག་རང་གཅོད་གནང་ན་མ་འགྲིག་པ་མེད་ཅེས་པའི་སྙམ་པའང་ཤུགས་ཀྱིས་འཆར། རང་སེམས་རྣལ་ལ་ཕབས་ཏེ་གཞིགས་ན། རྒྱལ་སྤྱིའི་རྒྱབ་སྐྱོར་ཤུགས་ཆེར་རེག་ཐབས་ལ་འབད་འབུངས་སྔར་ལས་ལྷག་པ་དང་འཐབ་རྩོད་ཀྱི་མདུང་རྩེ་འབེན་གཅིག་ཏུ་སྣུན་ཏེ་མདུན་ཏུ་སྐྱོད་པ་དང་ལྷན། ཐབས་ཇུས་ནོར་ན་ནོར་བཅོས་གནང་ཆོག་ཅིང་ལམ་ཀ་འཕྲལ་ཡུན་གཉིས་ཆར་སྨན་པ་ཞིག་ཐག་བཅད་དེ་འགྲོ་དགོས། དེ་འདྲའི་ཀུན་སློང་གིས་ བསྐྱེད་དེ་དབུ་རང་གཉིས་ལ་དྲི་བ་འགའ་ཕུལ་བ་སྟེ།
དབུ་མའི་ལམ་ལ། དང་པོ། རྒྱ་ནག་གི་ཁྲིམས་འཆར་གསར་བ་གཞིར་བཞག་ན། བོད་ལ་རང་སྐྱོང་སྤྲོད་ཀི་རེད་དམ། གཉིས་པ། རྒྱལ་སྤྱིའི་ནང་བོད་དོན་ཞེས་པ་ལྷིང་འཇགས་དང་མེད་པ་བཟོ་ཆེད་གནས་སྐབས་རང་སྐྱོང་སྤྲད་དེ་མཐུན་འགྲིག་བྱས་ཀྱང་། མི་རིང་བར་ངོ་ལོག་ནས་ཧོང་ཀོང་ནང་བཞིན་བཟོས་ན། མདུན་ལམ་ག་འདྲ་ཞིག་ཆགས་སྲིད་དམ། གསུམ་པ། རང་སྐྱོང་གཙང་མ་མ་སྤྲད་བར་དུ་བོད་ཀྱི་ཆབ་སྲིད་གནས་བབ་དེ་ག་འདྲ་ཞིག་ལ་ངོས་འཛིན་གནང་གི་ཡོད་དམ།
རང་བཙན་ལ། དང་པོ། རྒྱ་ནག་མ་ཐོར་བར་འཚེ་མེད་ཞི་བའི་ལམ་ནས་ང་ཚོར་རང་བཙན་རེག་ཐུབ་བམ། གལ་ཏེ་ཐོར་ན་ང་ཚོར་རང་བཙན་རྒྱལ་ཁབ་བསྐྱར་གསོ་འཛིན་སྐྱོང་གི་ནུས་པ་དང་སྟོབས་ཤུགས་ག་འདྲ་ཞིག་དགོས་རེད། རང་བཙན་རྒྱལ་ཁབ་ཅིག་སྐྱོང་བ་ལ་སྔོན་འགྲོའི་ཆ་རྐྱེན་གསུམ་ངེས་པར་ཚང་དགོས་ཏེ། དང་པོ། དམག་གི་སྲུང་སྐྱོབ། སོག་པོ་རྒྱལ་ཁབ་དང་འབྲུག་རྒྱལ་ཁབ་ལྟ་བུ། སོ་སོར་དམག་གི་སྟོབས་ཤུགས་དེ་འདྲ་མེད་ཀྱང་། རྒྱལ་སྤྱིས་རང་བཙན་རྒྱལ་ཁབ་ཡིན་པར་ངོས་ལེན་བྱས་པས་འགྲིག་བསྡད་པ་ལྟར་རོ། གཉིས་པ། རང་བཙན་སྒྲུབ་བྱེད་ཀྱི་རིག་གཞུང་རྒྱབ་རྩ་དང་། དེའི་མུ་རྒྱུན་སྐྱོང་བྱེད་ཀྱི་དཔུང་སྡེ་དང་སྒྲིག་འཛུགས་གྲ་སྒྲིག གསུམ་པ། རྒྱལ་སྤྱིའི་རྒྱབ་སྐྱོར། རང་བཙན་མངོན་གྱུར་ཡོང་བྱེད་ཀྱི་ཕྱི་ཡི་ཆ་རྐྱེན་མེད་དུ་མི་རུང་ཞིག་ནི། རྒྱལ་སྤྱིའི་ངོས་ལེན་དང་རྒྱབ་སྐྱོར་གལ་ཆེ་ཚུལ་ལ། ད་ལྟ་ཐེ་ཝན་ཆག་བཞག་ན། རྒྱལ་སྤྱིའི་རྒྱབ་སྐྱོར་རེག་ཡོད་ཀྱང་། རང་བཙན་ངོས་ལེན་བགྱིས་མེད་པ་མངོན་སུམ་རེད།
ཡང་། གཞིས་ཀྱི་སྤྱི་ཚོགས་ནང་རང་བཙན་འདོད་མཁན་དང་། རང་སྐྱོང་གཙང་མ་འདོད་མཁན། རྒྱ་ནག་གི་འོག་ནས་མུ་མཐུད་ནས་བསྡད་ན་ འདོད་མཁན། ད་ལྟའི་དཔལ་འབྱོར་ཡར་རྒྱས་ལ་བརྟེན་འཚོ་བ་རོལ་ཞིང་ཆབ་སྲིད་ལ་དོ་སྣང་མེད་མཁན་བཅས་རེ་རེ་ནས་བརྒྱ་ཆ་ག་རེ་ཟིན་ཡོད་ཚུལ་སོགས་དངོས་ཡོད་གནས་སྟངས་རྒྱུས་མངའ་དང་མཁྱེན་རྟོགས་གཞིར་བཞག་ནས་ཆབ་སྲིད་ཀྱི་ལམ་ཀ་གཏན་ལ་ཕབས་ན་བདེ་ཅེས་པའི་སྙམ་པའང་འཆར། ༢༠༡༨ ལོ་ནས་རྒྱ་ནག་གི་སྲིད་ཇུས་ལ་འགྱུར་བ་ཆེན་པོ་ཕྱིན་པས།[12] གཞིས་ཀྱི་མི་རབས་རྒན་པ་མང་པོའི་ལངས་ཕྱོགས་ལ་འགྱུར་བ་ཐེབས་ཏེ། རང་འགོ་རང་རྒྱལ་བྱས་ན་མཐའ་ཡག་རྒྱུ་རེད། ཅེས་པའི་གླེང་སློང་མང་པོ་བྱུང་།
བོད་རང་གིས་བཙུགས་ཤིང་། བོད་པས་འཛིན་སྐྱོང་བྱས་དང་བྱེད་བཞིན་པ། བྱེད་ལས་དང་ནུས་པ་བོད་ཀྱི་སྤྱི་ཚོགས་ནང་སྦྱར་དང་སྦྱོར་བཞིན་པའི་བོད་ཀྱི་སྒྲིག་འཛུགས་གལ་ཆེན་པོ་སྟེ། དགོན་པའི་གྲྭ་རྒྱུན་གཅོད་བཞིན་པ་དང་། དགོན་པའི་འབྲེལ་ལག་བཅད་དང་གཅོད་བཞིན་པ་འདིས་བོད་སྤྱི་ཚོགས་ཀྱི་སྒྲིག་གཞི་ཕྲ་རགས་གཉིས་ཆ་གཏོར་བཞིན་པ་དང་། དགོན་པ་ཆ་ཚང་ཡུལ་སྐོར་སྤྲོ་འཆམ་པའི་ལྟེ་གནས་ལྟ་བུར་བསྒྱུར་བཞིན་པ།བྱིས་པ་དང་གཞོན་སྐྱེས་དགོན་པའི་ནང་འགྲོ་མི་ཆོག་པའི་བརྡ་སྤྱོར་ཁྲོམ་བཀྲམ་བྱས་པ་དང་། འདུ་ཤེས་གསུམ་ཅེས་པའི་བསམ་སྦྱོར་དགོན་པའི་ནང་བཙན་འཇུག་བྱེད་བཞིན་པ། མདོ་སྟོད་སྨད་ན་མཆིས་པའི་གྲུབ་མཐའ་སོ་སོའི་བུ་དགོན་མང་པོའི་མདོ་རམས་པ་དང་བླ་མ་མང་པོ་དབུས་སུ་བསླབ་བ་སློབ་གཉེར་མུ་མཐུད་གནང་སྲོལ་དེ་བྱེད་མི་ཆོག་པར་བཙན་གྱིས་བཀག་སྡོམ་བྱས་ཏེ་མཚམས་བཅད་པས།[13] བོད་གངས་ཅན་ལྗོངས་སུ་ནང་པའི་མཚན་ཉིད་ལྟ་གྲུབ་དང་། ནང་པའི་ཚན་རིག ནང་པའི་ཆོས་ལུགས་བཅས་ཡུན་རིང་གནས་བྱེད་ཀྱི་མཐུན་རྐྱེན་ཆ་ཚང་གཞི་ནས་མེད་པར་གཏོར་བཞིན་པ་དང་། དེར་བརྟེན་བོད་ཀྱི་སྤྱི་ཚོགས་ཕྱོགས་གཅིག་ཏུ་འཁོར་བྱེད་ཀྱི་མ་རྩ་གསུམ་ཏེ། ཐུན་མོང་གི་ཡིད་ཆེས་དང་དད་པ། རིན་ཐང་འཁྱེར་ཕྱོགས་བཅས་རིམ་གྱིས་བརླག་བཞིན་པ།
༢༠༢༠ ལོ་ནས་མདོ་སྟོད་སྨད་གཉིས་ཀ་བོད་དང་འབྲེལ་བ་ཡོད་པའི་ས་ཆ་ཙམ་ཞེས་རྒྱ་ནག་གཞུང་ངོས་ནས་གཏན་ཕབས་ཤིང་། ཡིག་ཆ་དང་རིག་གཞུང་ཉམས་ཞིབ་ཀྱི་དཔྱད་རྩོམ་ནང་དེ་ལྟར་འབྲི་དགོས་པའི་བཀའ་བཏང་ཟིན་ལ་དེ་ལྟར་ལག་ལེན་ཡང་བསྟར་བཞིན་པ་རེད། སྐབས་འགར་མི་འབོར་གྱི་གནས་སྟངས་འོག་བོད་པར་ཞབས་བྲོ་འཁྲབ་རྒྱུ་དང་གླུ་གཞས་ལེན་རྒྱུ་ཙམ་ལས། སྤྱི་ཚོགས་ཡར་རྒྱས་དང་མི་ཚེ་གལ་གནད་དང་འབྲེལ་བའི་ཕྱོགས་ན་བོད་སྐད་བོད་ཡིག་བེད་སྤྱོད་ཀྱི་བབ་གླགས་མེད་པ་བཟོས་མ་ཟད། བོད་སྐད་བོད་ཡིག་བེད་སྤྱོད་དང་བསླབ་པ་སློབ་གཉེར་གནང་ས་བཅས་སྒོ་བརྒྱབ་པའམ་ནུས་མེད་བཟོ་བཞིན་པ་སོགས་བོད་སྐད་བོད་ཡིག་གནས་བྱེད་ཀྱི་སྤྱི་ཚོགས་ཁོར་ཡུག་བཀག་སྡོམ་དང་བཏང་འཛིན་ཤུགས་ཆེར་བྱེད་བཞིན་པ་བཅས་པའི་གནས་ཚུལ་འདི་དག་ལས་མཐོང་ཐུབ་པ་ནི། རྒྱ་ནག་གི་སྲིད་བྱུས་གཅིག་གཉིས་ཀྱི་ནོར་འཁྲུལ་ཙམ་མ་ཡིན་པར་བོད་མི་རིགས་གནས་བྱེད་ཀྱི་རིག་གཞུང་དང་བཅས་པ་ཐམས་ཅད་རྩ་མེད་གཞི་མེད་བཟོ་བཞིན་པའི་ཕུགས་ནག་ལྐོགས་ཇུས་བརྒྱུད་རིམ་ཞིག་བཟོས་ཡོད་པ་དེ་རེད།
གོང་གི་བརྗོད་ཟིན་པའི་བོད་ཀྱི་གནས་སྟངས་ཐད་རྒྱལ་སྤྱི་དང་མཉམ་འབྲེལ་རྒྱལ་ཚོགས་ནང་ཐུགས་ཁུར་རྒྱབ་སྐྱོར་གསར་བའི་དངོས་ཤུགས་དང་ དོན་འབྲས་ཁ་ཡོད་ལག་ཡོད་བསླེབ་སླད་དུ། རེ་སྐུལ་རིམ་པ་གསུམ་ཡོད་པ་ནི། དང་པོ། སྔར་བོད་དོན་སྒང་གྲོས་འཆར་བཞག་ཡོད་པ་དེ་དག་ད་ལོའི་སྤྱི་ཟླ་༩་བའི་ཚོགས་ཆེན་སྐབས་མཉམ་འབྲེལ་རྒྱལ་ཚོགས་ནང་གཞུང་འབྲེལ་བརྒྱུད་བསྐྱར་ཞིབ་གནང་དགོས་པ་དང་། གཉིས་པ། རྒྱལ་སྤྱི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་དཀའ་རྙོག་འདི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་གནད་དོན་ཙམ་མ་ཡིན་པར་རྒྱལ་ཁབ་ཅིག་ཁྲིམས་འགལ་གྱིས་བཙན་འཕྲོག་བྱས་པའི་གནད་དོན་ཞིག་ལ་ངོས་འཛིན་གནང་དགོས་པ། གསུམ་པ། མི་རིགས་མཐུན་འབྲེལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཞེས་པ་དང་བོད་དུ་ལག་བསྟར་བྱེད་བཞིན་པའི་བཅའ་སྡོད་སློབ་གྲྭ་གཉིས་འགོག་རྒོལ་མཚམས་འཇོག་གི་ལས་མཐའ་དག་རྒྱལ་སྤྱིའི་ནང་མངོན་གསལ་དོད་པས་རྒྱབ་སྐྱོར་ཤུགས་ཆེར་གནང་རྒྱུ་དང་། བཞི་བ། བོད་དོན་འཐབ་རྩོད་ནང་མཐུན་བརྟན་པོའི་ངང་སྤུས་དག་ཅིང་རྒྱུན་གཙང་ཤུགས་བཙན་གནང་རྒྱུ་བཅས་ཞུ་ཞུའོ།། །།
རྩོམ་པ་པོའི་གསལ་བཤད།
སྤྱིར་ན་ང་རང་གི་ངོས་ནས་བོད་ནང་དུ་རྒྱ་ནག་གིས་སྤེལ་བཞིན་པའི་མི་སེར་སྤེལ་ཡུལ་རང་བཞིན་ཅན་གྱི་ཤེས་ཡོན་སློབ་གསོའི་གནས་སྟངས་ངོ་མ་རྒྱལ་སྤྱིའི་སྡིངས་ཆ་སྒང་འགྲེལ་བཤད་གཙང་མ་བགྱི་ན་བསམ་པ་ལས། གཞན་ཆབ་སྲིད་ཀྱི་ལྟ་བ་ལངས་ཕྱོགས་སོགས་ཀྱི་ནང་ཁ་བསྲིངས་ལག་བསྲིངས་བྱེད་འདོད་མེད། ཡིན་ནའང་། ད་ལན་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ་དང་འབྲེལ་གཞིས་ཀྱི་ རང་ལུས་མེར་བསྲེགས་གནང་མཁན་ཆ་ཚང་ཡིད་ལ་ཝ་ལེར་འཆར་བྱུང་། དེའི་སྟེང་ང་རང་ཕ་ཡུལ་ནས་ཕྱིར་ཐོན་ཁར་ལམ་འཇུག་གནང་མཁན་དག་གིས་ངའི་ལག་པར་འཇུས་ནས་མིག་ཆུ་དང་ལྷན་རེ་བ་བཅོལ་ཚུལ་བརྗེད་ཐབས་མེད་པས། ང་ལ་འགན་ཞིག་ཡོད་བསམ་ནས་བྲིས་ཡིན།
རྩོམ་འདི་སོ་སོས་ཉམས་ཞིབ་བྱས་པའི་བོད་ནང་གི་སྤྱི་ཚོགས་གནས་སྟངས་དངོས་དང་འཕོ་འགྱུར་འགྲོ་ཕྱོགས། བོད་པའི་མི་རབས་བར་གྱི་བསམ་བློ་འཁྱེར་ཕྱོགས་ཀྱི་ཁྱད་པར། ཤེས་ཡོན་སློབ་གསོའི་གནས་སྟངས་བཅས་དང། རྒྱ་ནག་གི་སྤྱི་ཚོགས་ཀྱི་ད་ལྟའི་གནས་སྟངས། རྒྱ་ནག་གི་རྒྱ་མི་རིགས་རིང་ལུགས་དང་དམར་ཕྱོགས་ལྟ་གྲུབ་གཉིས་ཟུང་འབྲེལ་གྱི་ཆབ་སྲིད་ཁ་ཕྱོགས་གསར་བ། རྒྱ་ནག་གི་རྒྱལ་ཁབ་ལ་འཕྲད་བཞིན་པའི་དཀའ་ངལ་དང་དམར་ཕྱོགས་སྲིད་དབང་ལ་འཕྲད་བཞིན་པའི་ཉེན་ཁ་བཅས་རྒྱུས་ལོན་བྱས་པ་གཞིར་བཞག་པ་དང་། ༢༠༢༡ ལོར་བཙན་བྱོལ་དུ་བསླེབས་རྗེས་ནས་ད་ལྟའི་བར་རྒྱལ་སྤྱིའི་གནས་སྟངས་བཅས་བརྟག་དབྱེ་བྱས་ཤིང་གཞུང་ལུགས་ཀྱི་སྒང་ནས་བཀྲལ་བ་ཞིག་ཡིན་པ་ལས། གང་ཟག་སྒེར་གཞན་དང་ཚོགས་པ་ག་གེ་མོ་ཞིག་གི་ལྟ་བ་ལངས་ཕྱོགས་བང་དུ་བླངས་ནས་བྲིས་པ་ཞིག་མིན་ཞེས་ཁ་གསལ་བོ་ཞུའོ།།
[1] བཙན་བྱོལ་སྤྱི་ཚོགས་ནང་། ཨ་རིར་བསླེབ་ཐབས་ལ་འབད་པ་དང་འགྲོ་སོང་བཏང་དང་གཏོང་བཞིན་པ་མང་པོའི་ཁྲོད། ད་རང་རང་འགྲིགས་སོང་སྙམས་ནས་ཁང་པ་རེ་དང་རླངས་འཁོར་རེ་ཉོས་ནས་བོད་ཟེར་བ་རྩ་བ་ཉིད་ནས་བརྗེད་བསྡད་མཁན་གང་མང་རེད། མི་དེའི་རིགས་དེ་ལ་བློ་དགའ་རང་བཙན་ལགས་ནས་བསླབ་བྱ་དཔེ་མཚོན་ཅན་ཞིག་གསལ་བོར་གནང་འདུག དེའི་རིགས་དེ་ལ་གོང་ས་མཆོག་གིས་ཉེན་བརྡ་ ༢༠༠༤ ལོ་གནང་ཡོད་ནའང་སྣང་མེད་དུ་བཞག་ཚུལ་མང་པོ་མཐོང་མྱོང།
[2] དེའི་བརྒྱུད་རིམ་པཎ་ཆེན་བཅུ་བ་ཆེན་མོའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཐོ་ནང་ཤིན་ཏུ་གསལ། སྙན་ཐོ་དེ་རྐྱེན་བྱས་ནས་ཁོང་བཙོན་ཏུ་བཅུགས།
[3] https://fpif.org/self-immolations_in_tibet/
[4] https://www.ohchr.org/en/press-releases/2023/02/china-un-experts-alarmed-separation-1-million-tibetan-children-families-and
[5] འདི་དག་ཚིག་ངོས་ནས་བལྟས་པ་ཙམ་གྱིས་སྐྱོན་ཆེར་མེད་པ་ལྟ་བུར་སྣང་ནའང་། དོན་གྱིས་རྒྱ་ནག་གི་རྒྱལ་ཁབ་དེ་བཙན་གྱིས་བོད་པ་རང་གི་རྒྱལ་ཁབ་ཡིན་པར་ཁས་ལེན་བཅུག་པའི་འདུ་ཤེས་དང་། རྒྱ་ནག་གི་ཁྲིམས་ལྟར་བོད་ཀྱི་སྤྱི་ཚོགས་ཀྱི་འགྲོ་ལུགས་འགྲོ་སྟངས་དང་། ལྷག་དོན་བོད་ཀྱི་དགོན་པའི་འགྲོ་སྟངས་དེ་དག་རྒྱ་ཁྲིམས་ལྟར་འགྲོ་དགོས་པའི་འདུ་ཤེས་བསྐྱེད་རྒྱུ། བོད་པ་དང་བོད་མི་རིགས་རྒྱ་དང་རྒྱ་རིགས་ཡིན་པའི་འདུ་ཤེས་འཛིན་རྒྱུ་དེ་རེད། འདི་འདུ་ཤེས་ཀྱི་ཕྱོགས་ནས་རྒྱ་བསྒྱུར་བྱེད་སྟངས་ཤིག་ཡིན་པ་མངོན་གསལ་དུ་སྣང་ངོ་།།
[6] https://www.foreignaffairs.com/china/next-phase-chinas-minority-crackdown
[7] https://amnesty.ca/human-rights-news/self-immolation-tibetan-man-un-chinese-repression/
[8] https://www.cnn.com/2026/07/03/us/united-nations-self-immolation-tibet-intl-hnk
[9] https://www.reuters.com/world/china/tibetan-man-dies-after-setting-himself-fire-near-un-headquarters-activists-say-2026-07-03/
[10] https://www.cambridge.org/core/books/abs/constructing-religious-martyrdom/twentyfirstcentury-tibetan-selfimmolators/21D8B62CF906D6AA4E3D00B7E79F068B
[11] https://journal.culanth.org/index.php/ca/article/view/ca30.3.05
[12] ད་ལྟའི་རྒྱ་ནག་གི་གཞུང་དང་མི་དམངས་གཉིས་ཆ་ལོ་རབས་ ༨༠ བ་དང་རྦད་དེ་ལོགས་ཀ་ཆགས་ཟིན་པས། སྐབས་དེའི་རྒྱ་ནག་གི་བསམ་ཚུལ་གཞིར་བཟུང་སྟེ་བོད་ཀྱི་ད་ལྟའི་ཆབ་སྲིད་དཀའ་རྙོག་སེལ་བའི་རེ་བ་བཅིངས་མི་རུང་སྙམ།
13 སྲིད་ཇུས་འདི་ ༢༠༡༩ ལོར་དབུས་གཙང་ཕྱོགས་སུ་བསྒྲགས། སྐབས་དེར་ང་རང་བོད་ན་ཡོད།
ཁུངས་བསྐྱལ་ཡིག་ཆ་ཁག།
བོད་ཀྱི་ལོ་རྒྱུས་ལས་བཀའ་ཆེམས་ཀ་ཁོལ་མ། ལྕགས་པར་མ། མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་ཞིང་བཀྲམ།
དཔའ་བོ་གཙུག་ལག་ཕྲེང་བའི་གསུང་འབུམ་ལས། ༼ བོད་ཀྱི་ལོ་རྒྱུས་དེབ་ཐེར་མཁས་པའི་དགའ་སྟོན། ༽ ༢༠༡༩ ལོར་བོད་ལྗོངས་བོད་
ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་བསྐྲུན་ཞིང་བཀྲམ།
བདེ་སྐྱིད་ཀྱིས་བསྒྲིགས། ༼ རྦ་བཞེད།་ཕྱོགས་བསྒྲིགས། ༽ ༢༠༠༩ ལོར་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་ཞིང་བཀྲམ།
འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་མཛད། ༼ བོད་གངས་ཅན་ཡུལ་དུ་ཆོས་དང་ཆོས་སྨྲ་ཇི་ལྟར་བྱུང་བའི་རིམ་པ་བསྟན་པའི་དེབ་ཐེར་སྔོན་པོ་
ཞེས་བྱ་བ་བཞུགས་སོ།། ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་ཞིང་བཀྲམ།
ཞ་སྒབ་པ་དབང་ཕྱུག་བདེ་ལྡན་གྱིས་མཛད། ༼ བོད་ཀྱི་སྲིད་དོན་རྒྱལ་རབས། ༽ ༡༩༧༦ Yale University Press, 1967
སྟག་ཚང་རྫོང་པ་དཔལ་འབྱོར་བཟང་པོས་ ༡༤༣༤ ལོར་མཛད། ༼ རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་
མེ་ལོང་། ༽ པོད་སྟོད་སྨད་ཆ་ཚང་། ༽ དབུས་གཙང་རིག་མཛོད། https://utsangculture.com/?p=6689
དཔལ་དོན་འགྲུབ་རྒྱལ་གྱིས་བརྩམས། ༼ ཁྲི་སྡེ་སྲོང་བཙན་གྱི་ལོ་རྒྱུས། ༽ ༡༩༨༣ མི་རིགས་དཔེ་སྐྲུན་ཁང།
དམུ་དགེ་བསམ་གཏན་གྱིས་མཛད། ༼ བོད་ཀྱི་རིག་གནས་ལོ་རྒྱུས། ༽མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ ལོར་སྤྱི་ཟླ་༤བའི་ནང་། ཟི་ལིང་།
དོན་འགྲུབ་དབང་འབུམ་གྱིས་བརྩམས། ༼ བོད་ཀྱི་རིག་གནས་བྱུང་འཕེལ་ལོ་རྒྱུས། ༽ ༢༠༠༡ ལོར་ཀན་སུའུ་སློབ་གསོ་དཔེ་སྐྲུན་ཁང་གིས་
བསྐྲུན་ཞིང་བཀྲམ། ༢༠༢༥ ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྱར་ཏུ་དཔར་སྐྲུན་བྱས།
རྒྱལ་མོ་འབྲུག་པས་བརྩམས། ༼ བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ། ༽ ༡༩༩༥ ལོར་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་ཞིང་བཀྲམ།
དབང་ཆེན་རྡོ་རྗེས་རྩོམ་སྒྲུག་བྱས། ༼ ཏུང་ཧོང་ཡིག་རྙིང་ཕྱོགས་བསྒྲིགས། ༽ ༼ ཏུན་ཧོང་ཡིག་རྙིང་ཕྱོགས་བསྒྲིགས་ཀྱི་དཔེ་ཚོགས། ༽
༢༠༢༢ ལོར་ཀྲུང་གོ་ཤེས་རིག་དཔེ་སྐྲུན་ཁང་གིས་བསྐྲུན་ཞིང་བཀྲམ།
དགེ་འདུན་ཆོས་འཕེལ་གྱིས་མཛད། ༼ བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོ་ཞེས་བྱ་བ་བཞུགས་སོ།། ༽ སེར་བྱེས་རིག་མཛོད་རྩོམ་སྒྲིག་ཁང་གིས་འགྲེམས་སྤེལ་བྱས། ༢༠༡༥ ལོའི་ཟླ་དང་པོར་རྩོམ་སྒྲིག་བྱས།
རྒྱལ་དབང་སྐུ་ཕྲིང་༡༤་བ་བསྟན་འཛིན་རྒྱ་མཚོས་མཛད། ༼ ༡༩༦༢ ༽ ངོས་ཀྱི་ཡུལ་དང་ངོས་མི་དམངས། རྣམ་རྒྱལ་གྲྭ་ཚང་། SJRB-0119
ཨ་ལགས་ཙ་ཡུས་བསྟན་འཛིན་དཔལ་འབར་ཀྱིས་མཛད། ༼ ༢༠༠༩ ༽ ངའི་ཕ་ཡུལ་གྱི་ཡ་ང་བའི་ལོ་རྒྱུས། བོད་ཀྱི་དཔེ་མཛོད་ཁང་།
བོང་སྟག་སྟག་ལྷ་རྒྱལ་གྱིས་བསྒྱུར། ༼ ༢༠༢༡ ༽ ལྕགས་བྱ་གནམ་ནས་འཕུར་དུས། ༡༩༥༦-༡༩༦། བོད་ཁམས་སུ་བྱུང་བའི་གསང་བའི་
དམག་འཁྲུག བོད་ཀྱི་དཔེ་མཛོད་ཁང་གིས་པར་སྐྲུན་བྱས།
རིན་བཟང་། ༼ ༢༠༡༠ ༽ ངའི་ཕ་ཡུལ་དང་ཞི་བའི་བཅིངས་གྲོལ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། རྡ་རམ་ས་ལ། རྒྱ་གར།
ཤེས་རབ་དར་རྒྱས། ༼ ༢༠༢༡ ༽ དྲུག་དང་དྲུག་ཅུའི་ལམ་སྣེ་ན་འཁྱོར་བའི་བོད་རྒྱ་འབྲེལ་མོལ། བོད་ཀྱི་དཔེ་མཛོད་ཁང་། རྡ་རམ་ས་ལ། རྒྱ་གར།
ནགས་ཚང་ནུས་བློ། ༼ ༢༠༠༨ ༽ ནགས་ཚང་ཞི་ལུའི་སྐྱིད་སྡུག མཚོ་སྔོན་མི་རིགས་དཔར་སྐྲུན་ཁང་།





