ཟླ་བ་ཚེ་རིང། ༼ ཧྥ་རན་སི ༽
གོང་གི་ཁ་བྱང་འདི་གཟིགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གིས་ཉེ་ཆར་དཔར་དུ་བསྐྲུན་པའི་༼ སངས་རྒྱས་ཀྱི་དཔའ་རྟུལ་ཚོ་ ༽ ཞེས་པ་བཀླགས་རྗེས། ངས་རྩོམ་དེབ་དེའི་ནང་འཁོད་པའི་ཉེ་རབས་བོད་ཀྱི་ལོ་རྒྱུས་ཀྱི་ངོས་དང་། རྩོམ་པ་པོ་མའེ་ཀེལ་ ཌྰ་ནྰམ་ལགས་ཀྱི་རྩོམ་རྩལ་ཀྱི་ངོས། དེ་བཞིན་བོད་བསྒྱུར་བྱེད་པོ་དགེ་འདུན་རབ་གསལ་ལགས་ཀྱི་འགྱུར་རྩལ་གྱི་ངོས་སོགས་ལ་བྲིས་པའི་དཔེ་དེབ་བསྐྱར་ཞིབ་ཀྱི་རྩོམ་ཡིག་ཅིག་ཡིན་པར་དགོངས་ངེས། དྲང་པོར་བཤད་ན། ང་ལ་ཕྱོགས་ངོས་དེ་དག་ལ་དཔྱད་པ་སྤེལ་རྒྱུའི་ཤེས་འཇོན་གང་ཡང་མེད་ལ། ནམ་རྒྱུན་རང་ཉིད་ལ་དང་བ་འདྲེན་པའི་དཔེ་དེབ་གང་རུང་བཀླགས་རྗེས་དེར་དྲན་ཐོའམ་ཟིན་བྲིས་ཤིག་འགོད་པར་ཡང་དཀའ་ངལ་འཕྲད་བཞིན་ཡོད། འོན་ཀྱང་། ངས་གོང་གི་ཁ་བྱང་འདི་བེད་སྤྱོད་བྱེད་དོན་ནི་དཔེ་དེབ་འདི་དང་འབྲེལ་བའི་སེམས་ཁྲལ་གཞན་ཞིག་གླེང་འདོད་པས་ཡིན།
འདས་ལོའི་ལོ་མཇུག་ལ་རྒྱ་གར་དུ་ཕྱིན་སྐབས་བོད་ཀྱི་དུས་བབ་གསར་ཁང་གིས་༼ སངས་རྒྱས་ཀྱི་དཔའ་རྟུལ་ཚོ་ ༽ཞེས་པའི་ལོ་རྒྱུས་རྩོམ་དེབ་དེའི་བོད་འགྱུར་མའི་པར་ཕུད་ཅིག་གནང་བྱུང་། ཕྱིར་ཡོང་རྗེས་གཟའ་མཇུག་གི་ངལ་གསོ་དང་ལས་ཀའི་བར་གསེང་ཡོད་ཚད་སྤྱད་ནས་བཀླགས་པ་ཡིན། ཨ་རིའི་གསང་བའི་ལས་ཁུངས་ཀྱིས་རྒྱབ་རྩ་བྱས་པའི་བོད་རང་བཙན་འཐབ་རྩོད་པ་རྣམས་དང་། རྒྱ་ནག་གི་བཙན་འཛུལ། མཐར་བོད་ཤོར་བ་བཅས་ལོ་རྒྱུས་རྩོམ་དེབ་འདིའི་གཞི་བཅོལ་སའམ་ཁུངས་གཏུགས་ས་ལ་སྐབས་ཐོག་དེའི་གནད་ཡོད་ལོ་རྒྱུས་མི་སྣ་ཁག་ཅིག་ལ་བཅར་འདྲི་བྱས་པ་དང་། དུས་སྐབས་དེའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་རྒྱལ་སྤྱིའི་ཁྲིམས་དོན་ལྷན་ཚོགས། དེ་བཞིན་ཨ་རི་དང་། རྒྱ་གར། དབྱིན་ལན་བཅས་ཀྱི་ཕྱི་སྲིད་ལས་ཁུངས་ཀྱི་བོད་སྐོར་གཞུང་འབྲེལ་ཡིག་ཚགས་ཁག་ཅིག་ཡོད་པ་མ་ཟད། གཞན་ད་དུང་ ༼ བོད་ཀྱི་རྒྱལ་ཁབ། ༽དང་ ༼ བླ་མའི་ལུང་བ། ༽ ༼ གྱེན་ལོག་ཁྲོད་ཀྱི་བོད། ༽ ༼ བོད་ནང་ཁུ་སིམ་སིམ་གྱི་དམག ༽ ༼ པདྨའི་མིག་ཆུ །༽ ༼ གྲང་དམག་ཁྲོད་ཀྱི་དྭ་ཕྲུག་ཚོ། ༽ ༼ ཁམས་ཀྱི་རྟ་བ་ཚོ། ༽ ༼བདེ་སྐྱིད་ཉམས་པའི་ལུང་བ་ནས།༽ ༼ བོད་ཡལ་སོང་། ༽སོགས་སྐད་ཡིག་གཞན་ནང་བརྩམས་པའི་བོད་སྐོར་གྱི་དཔེ་དེབ་སུམ་ཅུ་ལྷག་འདུག ལོ་རྒྱུས་རྩོམ་དེབ་འདིའི་གསེག་ཡིག་ནང་མངོན་གསལ་ལྟར་ན། བོད་སྐོར་གྱི་དཔེ་དེབ་འདི་དག་ཡང་དུས་སྐབས་དེར་བོད་ནང་བཞུགས་པའི་ཕྱི་རྒྱལ་གྱི་གཞུང་འབྲེལ་མི་སྣ་དང་ཆོས་སྤེལ་མི་སྣ། ཡུལ་སྐོར་མི་སྣ། དེ་བཞིན་ཨ་རིའི་གསང་བའི་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣ་ཚོས་སྐབས་ཐོག་དེར་བོད་ནང་རང་ཉིད་ཀྱིས་ཅི་བྱས་ཅི་མཐོང་གི་བྱུང་རབས་རྣམས་དྲན་ཐོར་བཀོད་པ་དང་། ཕྱིས་སུ་གནད་ཡོད་བོད་མི་ཚོར་བཅར་འདྲི་བྱས་པ་སོགས་གཞི་རྩར་བཞག་ནས་བྲིས་འདུག་ལ། དངོས་ཡོད་ཉེ་རབས་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་གནང་མཁན་དང་། ཀློག་འདུན་ཡོད་མཁན། དེ་ལས་ཀྱང་བོད་མི་ཕྱི་རབས་པ་ཚོར་མཚོན་ན་མ་བཀླག་ཐབས་མེད་ཀྱི་དཔེ་དེབ་ཞེ་གཅིག་ཏུ་འཁུམས་འདུག རྩོམ་དེབ་འདི་དག་ལས་མང་ཤོས་ཤིག་ལོ་ངོ་ཉི་ཤུའི་སྔོན་ནས་མི་རིགས་གཞན་པའི་སྐད་ཡིག་ནང་དཔར་བསྐྲུན་འགྲེམས་སྤེལ་བྱས་ཡོད་པ་མ་ཟད། ད་ལྟའི་ཆར་སྐད་ཡིག་གཞན་པའི་ནང་དེ་དག་གནའ་རྫས་ནང་བཞིན་རྙིང་བ་ཆགས་ཡོད། དེ་ལྟ་ནའང་། རྩོམ་དེབ་འདི་དག་ཁོ་ཚོའི་བརྗོད་གཞི་ངོ་མར་གྱུར་བའི་རྒྱལ་ཁབ་དང་མི་རིགས་དེའི་སྐད་ཡིག་སྟེ། ཀ་མད་སུམ་ཅུ་ཕྲེང་བར་བརྒྱུས་པའི་བོད་ཡིག་ནང་ད་དུང་སླེབས་ཐུབ་མེད།
བདུན་ཅུ་དོན་གྲངས་ནང་བོད་རྒྱའི་བར་ཐོག་མའི་འབྲེལ་བ་བྱུང་ཞིང་། བརྒྱད་ཅུ་གྱ་གྲངས་ནང་བོད་ཀྱི་སྐུ་ཚབ་སྔ་ཕྱི་ཁག་བོད་ནང་གཟིགས་སྐོར་དུ་ཕེབས་སྐབས་རྒྱ་ནག་གཞུང་གིས་བོད་དོན་ཐག་གཅོད་བྱེད་སྟངས་ཐད་གྲོས་གཞི་དོན་ཚན་འགའ་བཏོན་ཡོད། དེ་དག་གི་དོན་ཚན་གཅིག་ནི་བོད་རྒྱ་ཕྱོགས་གཉིས་ཀའི་ངོས་ནས་དེ་སྔའི་ལོ་རྒྱུས་ཀྱི་བྱུང་རབས་རྣམས་བརྗེད་རྒྱུ་དེ་ཡིན། པེ་ཅིན་གྱི་ངོས་ནས་དོན་ཚན་འདི་བརྩི་སྲུང་བྱས་ཡོད་མེད་གང་ལྟར་ཡང་། ངྷ་རམ་ས་ལའི་ངོས་ནས་དོན་ཚན་དེར་མཐོང་ཆེན་གནང་ཡོད་པའི་སྣང་ཚུལ་བྱུང་། ཕྱི་ལོ་ ༡༩༨༨ ལོར་བོད་གཞུང་བཀའ་ཤག་གི་བཀའ་བཀོད་འོག་ཤེས་རིག་ལས་ཁུངས་ཀྱིས་སྐུ་ཞབས་མ་ཡེ་ཁལ སྰི ཝན ཝལཊ པ་རག་གིས་བརྩམས་གནང་པའི་༼ བོད་ཀྱི་གནས་བབ ༽ ཐོག་དང་པོར་བོད་བསྒྱུར་ཐོག་དཔར་བསྐྲུན་བྱས་ཤིང་། དཔར་བསྐྲུན་ཆེད་བརྗོད་ནང་བཀའ་ཤག་གིས་༼ དེབ་འདིའི་ནང་དོན་ཁག་བརྒྱུད་ནས་བོད་ཀྱི་གནས་བབ་ངོ་མ་ཇི་ཡིན་རྒྱལ་སྤྱིའི་མི་རིགས་ཁག་གིས་ཤེས་རྟོགས་ཐུབ་པ་ཡོང་རྒྱུ་ལྟ་ཅི་སྨོས། ངེད་ཅག་བོད་ཀྱི་བདག་པོ་བོད་མི་ཡོངས་ནས་ཀྱང་གནད་དོན་ངོ་མ་རྣམས་རང་གིས་ཇི་བཞིན་གསལ་རྟོགས་ཐུབ་པ་དང་། གཞན་ལ་གདེང་སྤོབས་ཀྱི་སྒོ་ནས་འགྲེལ་བརྗོད་བྱེད་ཐུབ་པ་ཡོང་རྒྱུའི་མཐུན་རྐྱེན་དགོས་མཁོར་སྨན་ངེས་ལ་བརྟེན།༽ བཙན་བྱོལ་བོད་གཞུང་གིས་འགྲོ་གྲོན་བཏང་ནས་བོད་ཡིག་ནང་ཕབ་བསྒྱུར་དང་དཔར་འགྲེམས་གནང་བ་ཡིན་ཚུལ་གསུངས་ཡོད་ལ། བཙན་བྱོལ་བོད་གཞུང་གིས་རྒྱ་ནག་གི་རྒྱབ་ཤ་དཀར་པོའི་དགག་ལན་༼ དངོས་ཡོད་ཀྱི་ལམ་ནས་བོད་ཀྱི་བདེན་པ་ར་སྤྲོད་ ༽ཅེས་པའི་ནང་བོད་རང་བཙན་ཁུངས་སྐྱེལ་སྒྲུབ་བྱེད་ལའང་རྩོམ་དེབ་འདིའི་བརྗོད་དོན་རྣམས་གཞི་བཅོལ་བྱས་ཡོད། ཡིན་ནའང་། ༼ བོད་ཀྱི་གནས་བབ་ ༽བོད་བསྒྱུར་དཔར་བསྐྲུན་བྱས་ནས་ད་བར་དུ་མི་ལོ་ཉི་ཤུ་ལྷག་ཕྱིན་ཡོད། ལོ་ངོ་འདི་དག་གི་རིང་བོད་གཞུང་བཀའ་ཤག་ལ་༼གནས་བབ་༽ལྟ་བུ་རྒྱལ་སྤྱི་དང་བོད་མི་ཚོར་སྨན་པའི་ལོ་རྒྱུས་རྩོམ་དེབ་ཞིག་མ་རག་པ་ཡིན་ནམ། གང་ལྟར་ལོ་ངོ་དེའི་རིང་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གིས་༼ བོད་ནང་ལོ་བདུན་༽དང་། བོད་ཀྱི་དུས་བབ་གསར་ཁང་གིས་༼ བོད་མི་གསར་བརྗེ་བ་ཞིག༽ དང་༼ སངས་རྒྱས་ཀྱི་དཔའ་རྟུལ་ཚོ་ ༽བོད་བསྒྱུར་དཔར་བསྐྲུན་བྱས་པ་ལས། བཀའ་ཤག་གི་བཀའ་བཀོད་འོག་ཤེས་རིག་ལས་ཁུངས་ཀྱིས་ལོ་རྒྱུས་རྩོམ་དེབ་གང་ཞིག་བོད་བསྒྱུར་དཔར་བསྐྲུན་བྱས་མེད་ལ། བོད་དོན་དྲིལ་བསྒྲགས་དང་བོད་ནང་གི་གནས་སྟངས་ལ་ཐད་ཀར་འབྲེལ་བ་ཡོད་པའི་བོད་གཞུང་ཕྱི་དྲིལ་དང་བདེ་སྲུང་ལས་ཁུངས་ཀྱིས་ཀྱང་དེའི་ཐད་ཕྱག་ལས་གང་ཡང་གནང་མེད། ཕྱེད་གཞུང་འབྲེལ་ཅན་གྱི་སྡེ་ཚན་ལྡི་ལི་བོད་ཁང་དང་། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་སོགས་ཀྱང་དེ་བཞིན་ཡིན། གཞུང་འབྲེལ་དང་ཕྱེད་གཞུང་འབྲེལ་ཅན་གྱི་ཚོགས་སྡེ་འདི་དག་གིས་བོད་བསྒྱུར་དཔར་བསྐྲུན་མ་གནང་བའི་ནང་གོང་གསལ་༼ སངས་རྒྱས་ཀྱི་དཔའ་རྟུལ་ཚོའི་༽ གསེག་ཡིག་ནང་འཁོད་པའི་༼ བོད་ཀྱི་རྒྱལ་ཁབ ༽དང་༼ བོད་ནང་ཁུ་སིམ་སིམ་གྱི་དམག ༽ ༼ བོད་ཡལ་སོང་ ༽ སོགས་ཚུད་ཡོད་པ་མ་ཟད། སྐད་ཡིག་གཞན་པའི་ནང་དཔར་བསྐྲུན་བྱས་ནས་མི་ལོ་བཅུ་ཙམ་འགོར་ནའང་འདས་ལོའི་ལོ་མཇུག་བར་བོད་བསྒྱུར་དཔར་བསྐྲུན་བྱེད་མ་ཐུབ་པའི་ཏྰ་ལའི་བླ་མའི་མཛད་རྣམ་ ༼ ཕྱི་ཡུལ་གྱི་རང་དབང་ ༽ ཞེས་པའང་ཚུད་ཡོད།
བོད་ཡིག་ནང་ཉེ་རབས་བོད་ཀྱི་ལོ་རྒྱུས་སམ་དེ་འབྲེལ་གྱི་རྩོམ་དེབ་གཅིག་ཀྱང་མེད་པ་ག་ལ་ཡིན། ཡོད་པས་མི་ཚད་མང་པོ་ཡོད། བརྒྱད་ཅུ་གྱ་གྲངས་ནས་བོད་རང་སྐྱོང་ལྗོངས་སྲིད་གྲོས་རིག་གནས་ལོ་རྒྱུས་མི་རིགས་ཆོས་ལུགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིས་༼ བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས་ ༽ཞེས་པའི་དེབ་ཕྲེང་ཞིག་འདོན་འགོ་ཚུགས་ཤིང་། ཕྱི་ལོ་༢༠༠༧ ཕྱི་ཟླ་༡༠ བར་འདོན་ཐེངས་༢༧ ཙམ་བཏོན་ཡོད། དེབ་ཕྲེང་འདི་དག་གི་ནང་ལོ་རྒྱུས་འབྲི་མཁན་དང་བཤད་མཁན། སྒྲིག་མཁན་བཅས་ཀྱི་ཁྲོད་དུ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་བསམ་སྡིང་རྡོ་རྗེ་ཕག་མོ་ལྟ་བུ་བོད་ཀྱི་བླ་སྤྲུལ་ཆེ་ཁག་དང་། ང་ཕོད་ངག་དབང་འཇིགས་མེད་དང་ལྷའུ་རྟ་ར་ཐུབ་བསྟན་བསྟན་དར་སོགས་དེ་སྔའི་བོད་ཀྱི་བཀའ་བློན་དང་སྐུ་དྲག་ཁག ཀྲང་ཅི་ཨུ་དང་ཝའེ་ཁེ་སོགས་བོད་ལ་དྲག་པོའི་དམག་ཐབས་བྱེད་མཁན་གྱི་རྒྱ་རིགས་དམག་དཔོན་དང་དམག་མི་ཕལ་བ། དེ་བཞིན་ད་ལྟ་རྒྱ་ནག་དང་བོད་ནང་རྒྱ་གཞུང་གི་ལས་གནས་གཉེར་བཞིན་པའི་བོད་མི་༼ཡར་ལངས་ཞིང་བྲན ༽ཁག་ཅིག་བཅས་ཚུད་ཡོད་ལ། ཁོང་ཚོས་ཉེ་རབས་བོད་ཀྱི་བྱུང་རབས་སྤྱི་དང་། ལྷག་པར་མི་སྒེར་དང་ས་གནས། དགོན་སྡེ། ཆོས་གཞིས། གཞུང་ཁྲལ། གཞུང་དམངས་བར་དང་ས་གནས་སོ་སོར་བྱུང་བའི་ཡུལ་དམག་སྡེ་གཟིར་གྱི་བྱུང་བ་རྣམས་རྩོམ་བྲིས་དང་བསྒྱུར་སྒྲིག་བྱས་ཡོད་པ་མ་ཟད། ཐ་ན་བོད་མི་མང་གིས་སྡེ་བ་གཞུང་ལ་འཛང་སྤུའི་དཔྱ་ཁྲལ་སྤྲོད་སྟངས་ཚུན་ཀྱང་རེའུ་མིག་གི་ལམ་ནས་གསལ་བོར་བཀོད་ཡོད། འོན་ཀྱང་། ཁོང་ཚོར་ལོ་རྒྱུས་ཀྱི་བྱུང་རབས་དེ་དག་འབྲི་རྩོམ་བྱེད་སྐབས་ངེས་པར་བརྩི་སྲུང་བྱེད་དགོས་པའི་རྩ་དོན་ཞིག་ཡོད། དེབ་ཕྲེང་དེ་དག་གི་རྩོམ་ཡིག་རྒྱས་བསྡུས་གང་འདྲ་ཞིག་ཀློག་སྐབས་ཐད་ཀར་མཐོང་ཞིང་ཚོར་ཐུབ་པ་ནི། ཆེས་མུན་ནག་དང་ཆེས་རྗེས་ལུས། ཆེས་ཀླ་ཀློ་དང་ཆེས་གདུག་རྩུབ་ཀྱི་ཡུལ་ལུང་ཞིག་རྒྱ་ནག་གིས་༼ ཞི་བའི་བཅིངས་གྲོལ ༽ བཏང་རྗེས་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་བ་བྱུང་ཞིང་། དེ་འདྲའི་ཡུལ་ལུང་དེ་བཞིན་༼ ལོ་རྒྱུས་ཐོག་རྒྱ་ནག་གི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ ༽པའི་པེ་ཅིན་གཞུང་གིས་བོད་དོན་དྲིལ་བསྒྲགས་ཐད་གཏན་འབེབས་བྱས་པའི་གཞི་རྩའི་སྲིད་བྱུས་དེ་ཡིན། དེ་དང་ཕྱོགས་མཚུངས་ངྷ་ས་བོད་ཀྱི་དཔེ་མཛོད་ཁང་གིས་ཀྱང་དགུ་བཅུ་གོ་གྲངས་ནས་བཟུང་༼ ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་ ༽ ཞེས་པ་ཞིག་བཏོན་ཏེ། ཕྱི་ལོ་༢༠༠༥ ཕྱི་ཟླ་༩ བར་དེབ་ཕྲེང་བཅོ་བརྒྱད་ཙམ་དཔར་བསྐྲུན་བྱས་ཡོད། དེབ་ཕྲེང་འདི་དག་གི་ནང་དེ་སྔའི་བོད་སྡེ་བ་གཞུང་གི་སྲི་ཞུ་ལས་བྱེད་པའམ། ཡུལ་བྱོལ་དུ་འབྱོར་རྗེས་བཙན་བྱོལ་བོད་གཞུང་གི་སྡེ་ཚན་མཐོ་དམན་ནང་སྲི་ཞུ་བསྒྲུབས་མྱོང་བའི་གཞུང་ཞབས་རྒན་རབས་པ་ཁག་ཅིག་གིས་ཆ་ཤས་བཞེས་ཡོད། དེ་ལྟ་ནའང་དེབ་ཕྲེང་འདི་དག་གི་ནང་ལོ་རྒྱུས་འཆད་འབྲི་ཐད་ཆ་ཤས་བཞེས་མཁན་ཚོས་བོད་སྤྱི་བའི་ལོ་རྒྱུས་འཆད་རྒྱུ་ལས་མི་སྒེར་གྱི་ལོ་རྒྱུས་འཆད་རྒྱུ་གཙོ་བོར་བཟུང་ཡོད་ལ། ལོ་རྒྱུས་ཀྱི་དོན་རྐྱེན་ངོ་མ་གླེང་རྒྱུ་ལས་དོན་རྐྱེན་གང་དང་འབྲེལ་བ་ཡོད་པའི་མི་སྒེར་གང་རུང་ལ་དོ་ཕོག་མི་འགྲོ་རྒྱུ་གཙོ་འདོན་བྱས་ཐོག བོད་མ་ཤོར་གོང་གི་ལོ་རྒྱུས་ཀྱི་ཆབ་སྲིད་རྒྱབ་ལྗོངས་དེ་ཡང་བོད་ཤོར་རྗེས་ཀྱི་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ལ་གཞི་རྩ་བཅོལ་ཡོད། དེ་ཙམ་དུ་མ་ཟད། ཉེ་རབས་བོད་ཀྱི་ལོ་རྒྱུས་ལ་ཆེས་གལ་ཆེན་དུ་ཆགས་པའི་ཆུ་བཞི་སྒང་དྲུག་གིས་རང་བཙན་འཐབ་རྩོད་ཆེད་དྲག་པོའི་ངོ་རྒོལ་གང་བྱས་ཚང་མའང་ད་ལྟའི་བཙན་བྱོལ་བོད་གཞུང་གི་༼ འཚེ་མེད་ཞི་བ་༽ ཞེས་པའི་ཁ་གཡང་ཁྲོད་གླེང་རྒྱུ་ལས་གཡོལ་རྒྱུ་གཙོ་བོར་བཟུང་ཡོད། ངྷ་ས་དང་པེ་ཅིན་གྱིས་བཏོན་པའི་དེབ་ཕྲེང་གཉིས་ལ་དཔེ་དེབ་བཅུ་ཙམ་གྱི་མང་ཉུང་ཤོར་བའི་ཁྱད་པར་ཙམ་ལས། ཕྱོགས་གཉིས་ཀར་ཐུན་མོིང་གི་འདྲ་ས་ཞིག་ཡོད་པ་ནི་སོ་སོའི་ཁེ་ཕན་གྱི་ཆེད་དུ་ལོ་རྒྱུས་ཀྱི་དོན་དངོས་ལ་སྣང་ཆུང་ལས་མཐོང་ཆེན་ཞུས་མེད་པ་དེ་ཡིན་ལ། དེ་ལས་ཚབས་ཆེ་པའམ་མཐར་གཏུགས་ཀྱི་སྒོ་ནས་བཤད་ན། ཕྱོགས་གཉིས་ཀས་ལོ་རྒྱུས་འབྲི་བ་ནི་ཕན་ཚུན་དཀར་པོ་དང་ནག་པོ་བཟོ་རྒྱུ་ཙམ་དམིགས་འབེན་དུ་བཟུང་ཡོད།
༼ བོད་མི་རྒན་རབས་པ་ཚོས་སྒྲོ་སྐུར་སྤངས་པའི་རང་གི་མྱོང་ཚོར་ངོ་མའི་ལོ་རྒྱུས་བྲིས་པ་བརྒྱུད་མ་འོངས་བོད་ཀྱི་མི་རབས་གསར་པ་ཚོས་སྤྱི་ཚོགས་རྙིང་པའི་གནས་སྟངས་ཤེས་རྟོགས་ལ་ཕན་ཁྱད་འབྱུང་རྒྱུ་། ༽ ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་གི་རྩོམ་དེབ་འགའི་མགོར་༧གོང་ས་མཆོག་གིས་ཐུགས་སྨོན་དང་འབྲེལ་འདི་འདྲའི་ཆེད་བརྗོད་བསྩལ་ཡོད། འོན་ཀྱང་ད་ལྟའི་ཆར་བོད་མི་ཕྱི་རབས་པ་ཚོར་མཚོན་ན་སྒྲོ་སྐུར་སྤངས་པའི་ཉེ་རབས་བོད་ཀྱི་ལོ་རྒྱུས་ཀྱི་རྩོམ་དེབ་ཅིག་བོད་ཡིག་ནང་མཐོང་རྒྱུ་དཀོན་ལ། བོད་ཡིག་ནང་ཕྱིའི་རིག་གནས་གསར་བའི་མུ་གེ་བྱུང་བའི་ཐོག་རང་གི་ལོ་རྒྱུས་ཀྱི་ཟླ་ལྷག་བྱུང་བ་འདི་ངས་༼སངས་རྒྱས་ཀྱི་དཔའ་རྟུལ་ཚོ༽བཀླགས་རྗེས་ཀྱི་སེམས་ཁྲལ་ཆགས་པ་ཡིན།
དགེ་འདུན་རབ་གསལ་ལགས། ཁྱེད་ཀྱིས་གསལ་བཤད་གནང་བར་ཐུགས་རྗེ་ཆེ་ཞུ། ང་རང་ཡང་ཁྱེད་དང་འདྲ་བར་དིང་སང་ལས་བྲེལ་ཆེ་ས་ཞིག་ན་ཡོད་པས། གེ་སར་གྱི་སྒྲུང་གླུ་དེ་ཚོའི་མ་ཁུངས་འཚོལ་ཁོམ་མི་འདུག་པས་དགོངས་འགལ་མེད་པ་ཞུ།
《སངས་རྒྱས་ཀྱི་དཔའ་བརྟུལ་ཚོ་》ཞེས་པའི་འགྱུར་དེ་དང་མ་ཡིག་གཉིས་བསྡུར་ཁོམ་ཡང་ང་ལ་མ་བྱུང། དེར་བརྟེན་འགྱུར་གྱི་ཡག་ཉེས་ཀྱང་བཤད་ན་མི་འཚམས་པ་ཞིག་རེད། འོན་ཀྱང་གནད་དོན་ཁ་ཤས་བཤད་ན་འགྲིགས་ས་རེད་སྙམ་པའི་ཁོངས་ནས་གཅིག་གོང་གི་དེ་ཡིན།
བོད་ཡིག་ནས་ཕར་དབྱིན་ཡིག་ལ་བསྒྱུར། དེ་ནས་ཚུར་བོད་ཡིག་ལ་བསྒྱུར་དུས་ཡག་པོ་ཡོང་མིན་ནི་ཐོག་མའི་མ་ཡིག་དེ་ལ་ཐུག་ཡོད། ཁྱེད་རང་《སངས་རྒྱས་ཀྱི་དཔའ་བརྟུལ་ཚོ་》རྩོམ་མཁན་ལ་འབྲེལ་བ་ཡོད་ངེས་པས་དེ་ལ་དྲི་བརྩད་མ་གནང་བ་གང་ཡིན་ནམ།
ལས་བྲེལ་དབང་གིས་དེ་ལྟར་མ་བྱུང་ཡང་། སྐབས་མཚམས་སོ་སོར་མཆན་གཅིག་བཀོད་དེ། སྒྲུང་གླུ་དང་གཏམ་དཔེ་དེ་ཚོའི་མ་ཁུངས་བོད་ཡིག་ནང་ཡོད་ངེས་ཀྱང་། ད་ཕན་བརྩད་གཅོད་མ་ཐུབ་ཚུལ་བཤད་ན་ཀློག་པ་པོ་ཚོར་བག་ཆགས་ཡག་པོ་ཞིག་ཡོང་གི་རེད་སྙམ།
སྤྱིར་བཏང་ནས་བཤད་ན་བོད་འགྱུར་དེ་གཏེ་བོའི་ནང་གི་གཟུགས་བཟང་ཙམ་ཞིག་རེད། འོན་ཀྱང་ང་རང་ཚུད་པའི་ཀློག་པ་པོ་ཚོས་རེ་བ་བྱས་པ་ནང་བཞིན་བྱུང་མི་འདུག ངས་དེབ་དེ་བཀླགས་སྐབས། འགྱུར་དེའི་འགྲོས་ཕྱི་སྐད་ལ་བསྟུན་དྲགས་པ་འདྲ་སྙམ་པ་ཡང་ཡང་འཆར། དེ་བཞིན་བོད་པའི་སྐད་ཆ་བཤད་སྟངས་དང་མི་མཐུན་པ་དེ་འདྲ་ཡང་མཐོང་། ད་ལྟ་ང་རང་གི་མདུན་ལ་འགྱུར་དེར་བལྟས་ཆོག་མེད་པས་རེ་རེ་བཞིན་འདྲེན་ཐབས་མི་འདུག
ཁྱེད་ཀྱིས་སྐུ་ལས་བསྐྱོན་པ་དང་གྲུབ་འབྲས་ལ་ཐུགས་རྗེ་ཆེ་ཞུ།
ཁང་གསར་རྡོ་རྗེ་ལགས། དེ་རིང་དུས་བབ་དྲ་རྒྱ་ཁ་ཕྱེ་སྐབས་སངས་རྒྱས་ཀྱི་དཔའ་རྟུལ་ཚོ་ཞེས་པ་ལས་འཕྲོས་པའི་རྩོམ་འདི་མཐོང་ནས་བམ་ཀློག་ཅིག་བྱས་སྐབས་ཉིད་ཀྱི་དགོངས་ཚུལ་དེ་དག་མཐོང་བྱུང་། ཐོག་མར་ཟླ་བ་ཚེ་རིང་ལགས་དང་ཁྱེད་རྣམ་གཉིས་ལ་ཐུགས་རྗེ་ཆེ་ཞུ། དེ་ནི་ཕྲན་གྱིས་བསྒྱུར་བའི་དེབ་འདི་གཟིགས་པ་ཙམ་དུ་མ་ཟད་གླེང་བརྗོད་ཀྱང་སྤེལ་བས་ཡིན། ཁྱེད་ཀྱི་དགོངས་ཚུལ་རྣམས་ཞིབ་ཚགས་སུ་བཀླགས་ལོང་མི་འདུག ད་ལས་ཀ་ལ་འགྲོ་རན་འདུག ཡིན་ན་ཡང་གསལ་བཤད་མདོར་ཙམ་ཞུ་རྒྱུ་ཞིག་ལ། གེ་སར་སྒྲུང་དེའི་སྐོར་ཡིན། གེ་སར་སྒྲུང་གི་ཚིགས་བཅད་དུམ་བུ་འགའ་ཞིག་བོད་ཡིག་ནས་དབྱིན་ཡིག་ཏུ་བསྒྱུར་བ་སླར་ཡང་བོད་ཡིག་ཏུ་བསྒྱུར་སྐབས་ནང་དོན་ཙམ་ཞིག་ལས་མགུར་ཚིག་དེ་ཡོང་གི་མི་འདུག ང་ལ་དུས་ཚོད་ཀྱིས་ལྕོགས་ཡོད་ན་སྒྲུང་མཁན་མཁས་པ་དག་ལ་དྲིས་ནས་སྒྲུང་རང་གི་ཚིག་འགྲོས་ཤིག་ཡོང་ཐབས་བྱེད་དགོས་ཀྱང་དེ་འདྲ་ཡང་བྱུང་མ་སོང་། ད་དུང་གཏམ་དཔེ་ཁག་གཅིག་ཀྱང་ཡོད། དེ་ཚོ་ཡང་ཇི་བཞིན་ཡོང་མ་སོང་། ཁྱེད་ཀྱིས་སྒྲུང་ཚིག་དང་གཏམ་དཔེ་དེ་ཚོའི་ཡོང་ཁུངས་འདི་རེད་ཅེས་གསུངས་རྒྱུ་ཡོད་ན་དགའ་བསུ་ཞུ་བ་ཡིན།
ཐུགས་རྗེ་ཆེ་ཞུའོ།།
ང༽ མཐའ་མ་དགེ་འདུན་རབ་གསལ་གྱི་འགྱུར་དེའི་སྐོར་བཤད་ན། ཨ་རིར་བྲེལ་ཟིང་གི་ཁྲོད་ནས་དེབ་འདི་འདྲ་ཞིག་བསྒྱུར་ཐུབ་པ་ནི་བསྟོད་འོས་པ་ཞིག་རེད། དེ་གཅིག་ཡིན།
གཉིས་པ། སྔོན་མ་དུས་བབ་ཐོག་དགེ་འདུན་རབ་གསལ་གྱིས་བོད་ནང་ནས་བསྒྱུར་བའི་《ནུབ་ཕྱོགས་སུ་བསྐྱོད་པའི་རྣམ་ཐར་》ཞེས་པའི་ནང་༼སྲོག་སྐྱོབས་རོགས་༽ཞེས་པའི་བཤད་སྟངས་འདི་ཚོ་བོད་སྐད་མ་རེད་ཅེས་དགག་པ་ཤུགས་ཆེ་བརྒྱབ་ཡོད་སྟབས། ད་ཐེངས་ཁོང་གིས་བསྒྱུར་བ་ཏན་ཏན་བོད་སྐད་གཙང་མ་གོ་བདེ་བོ་ཞིག་ཡོད་རེད་དྲན་བྱུང། དེར་བརྟེན་《སངས་རྒྱས་ཀྱི་དཔའ་བརྟུལ་ཚོ》ཞེས་པ་དེ་གཅིག་ཉོས་ནས་བཀླགས་པ་ཡིན། དེ་འདྲའི་གོ་བདེ་བོ་བྱུང་མི་འདུག ཐ་ན་གེ་སར་གྱི་སྒྲུང་གླུ་དེ་ཚོ་ཡང་སྒྲུང་གླུའི་ཉམས་རྩ་བ་ནས་མེད་པ་ཞིག་ཆགས་འདུག གཞན་ལ་བཤད་བདེ་ཡང་རང་གིས་བསྒྲུབས་དཀའ་བ་དངོས་གནས་རེད་འདུག་དྲན།
ད་ངས་མང་པོ་བཤད་སོང་། བཤད་པ་ལྟར་ཁྱོད་རང་གིས་བྱོས་ཟེར་ན། ངས་ཀྱང་ཞབས་འདྲེན་ཞུ་རྒྱུ་ཉག་ཅིག་རེད། དེ་ཙམ་ཡིན།
ག༽ གྲངས་འབོར་དང་ནུས་པའི་ཆ་ནས་བཤད་ན། བཙན་བྱོལ་ནང་བཏོན་པ་རྣམས་ཧ་ཅང་ཆེ། བོད་ཀྱི་དཔེ་མཛོད་ཁང་གི་ངག་རྒྱུན་དེབ་ཕྲེང་ཉི་ཤུ་རྩ་གྲངས་དང་། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཆབ་སྲིད་བཙོན་ཟུར་གྱི་ལོ་རྒྱུས་དེབ་ཕྲེང་བཅུ་བཞི་བཅོ་ལྔ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱིས་བཏོན་པའི་བཙོན་པའི་ལོ་རྒྱུས། དེ་མིན་ཉག་རོང་ཨ་བརྟན་དང་། ཨ་མ་ཨ་བདེ། ཀེའུ་ཚང་རིན་པོ་ཆེ། སྟག་ལྷ་ཕུན་ཚོགས་བཀྲ་ཤིས། རྡོ་གཅོད་དཀོན་མཆོག་སོགས་མི་སྒེར་པས་བཏོན་པའི་ལོ་རྒྱུས་མང་པོ་བྱུང་ཡོད་ཅིང་། དེ་དག་ཁོངས་ནས་ཉག་རོང་ཨ་བརྟན་དང་ཨ་མ་ཨ་བདེ་སོགས་ཀྱི་ལོ་རྒྱུས་དབྱིན་ཡིག་ཏུའང་ཐོན་ཡོད། དེ་ཚོས་ད་ཕན་ཤུགས་རྐྱེན་ཆེན་པོ་ཐོན་ཡོད་ལ། མ་འོངས་པར་དེ་བས་ཀྱང་ཆེ་བ་ཐོན་ངེས་རེད། རྒྱ་ནག་གཞུང་གིས་བཏོན་པ་རྣམས་དཔྱད་ཞིབ་པ་ཚོས་དཔྱད་གཞིར་དྲངས་པ་ཙམ་ལས། མང་ཚོགས་ནང་དེ་ཙམ་གྱིས་ནུས་པ་ཐོན་མེད།
སྤྱིར་བཏང་མི་སྒེར་སོ་སོའི་ལོ་རྒྱུས་དེ་སོ་སོས་བཤད་ན་བཟང་གི་དེ་མིན་གཞུང་གིས་བཤད་ན། གཞན་དག་གིས་ཡིད་མི་ཆེས་པ་འདི་རང་བཞིན་འདྲ་བོ་ཞིག་རེད།
ག༽ ལོ་རྒྱུས་ཀྱི་ཐོག་ནས་བཤད་ན། རྒྱ་ནག་གཞུང་དང་བོད་གཞུང་གིས་གནང་བ་གཉིས་ལ་ཁྱད་པར་ཆེན་པོ་འདུག སྤྱིར་བཏང་གཞུང་ཞིག་གིས་ལོ་རྒྱུས་བཤད་ཚེ། གཞུང་གི་ལྟ་སྟངས་གཞི་བཟུང་བཤད་དགོས་པ་དེ་ཆོས་ཉིད་རེད། དེའི་དབང་གིས་འཛམ་གླིང་ཐོག་གནས་ཚུལ་གཅིག་ལ་གཞུང་གི་ལྟ་སྟངས་དང་མཁས་པ་ཚོའི་ལྟ་སྟངས་ཞེས་མི་འདྲ་བ་འབྱུང་བ་ཡིན། དྲང་ལོས་ཀྱི་ཆ་ནས་བཤད་ན། བོད་གཞུང་གིས་བཤད་པ་རྣམས་དྲང་བ་འདུག འོན་ཀྱང་བོད་ནང་གི་བོད་ཀྱི་ལོ་རྒྱུས་དཔྱད་གཞིའི་ཡིག་ཆ་སོགས་ཀྱི་ནང་དོན་དངོས་འབོར་ཆེན་འདུག དཔེར་ན། ལྷ་ཀླུ་ཚེ་དབང་རྡོ་རྗེའི་ལོ་རྒྱུས་དེ་ཧ་ཅང་གིས་དྲང་པོ་བྲིས་འདུག
རྩོམ་སྒྲིག་བྱེད་སྟངས་ཀྱི་ཆ་ནས་བཤད་ན། བཙན་བྱོལ་ནང་རྩོམ་སྒྲིག་བྱས་པ་ཕལ་མོ་ཆེ་དང། ལྷག་པར་བོད་ཀྱི་དཔེ་མཛོད་ཁང་གི་ངག་རྒྱུན་ལོ་རྒྱུས་རྣམས་རྩོམ་སྒྲིག་ཚད་ལྡན་བྱས་མི་འདུག ལོ་རྒྱུས་ཀྱི་རྒྱུ་ཆ་ཧ་ཅང་ལེགས་ཀྱང་རྩོམ་སྒྲིག་པས་འཕྲོ་བརླག་བཏང་བ་མང། ངག་རྒྱུན་ལོ་རྒྱུས་ཀྱི་དེབ་ཕྲེང་མང་པོ་ཞིག་ལ་དཀར་ཆག་ཡག་པོ་ཞིག་ཀྱང་བཀོད་མི་འདུག་པས་བལྟ་མི་བདེ།
འོན་ཀྱང་གོང་དུ་ཞུས་པ་བཞིན་ནང་དོན་གྱི་ཆ་ནས་བཤད་ན། བཙན་བྱོལ་ནང་བཏོན་པ་རྣམས་ཧ་ཅང་གིས་དྲང་བ་འདུག
ཁ༽ སྒྱུར་མཁན་གྱི་ལོ་ཙཱ་བ་གསོ་སྐྱོང་བྱེད་དགོས་པ་དེ་གལ་གནད་ཆེ་ཤོས་རེད། སྔོན་མ་ཆོས་རྒྱལ་ཚོའི་སྐབས་ལ། གཞུང་གིས་འཚོ་བ་བླ་ནས་སྦྱར་ཏེ་ལོ་ཙཱ་བ་མང་པོ་གསོ་སྐྱོང་གནང་བ་རེད། ལོ་ཙཱ་བར་ཡང་ཞུས་ཆུང་པ་དང་ཞུས་ཆེན་པ་སོགས་རིམ་པ་མང་པོར་ཕྱེ་ཡོད། ད་ལྟ་ང་ཚོའི་སློབ་གྲྭ་ཁག་གིས་སྤྱིར་བཏང་གི་སློབ་ཚན་མང་པོ་ཞིག་སློབ་བཞིན་ཡོད་པ་དེའི་ནང་ནས་ལོ་ཙཱ་བ་ཐོན་ཐབས་བྲལ་བ་རེད། གཞན་དག་ཕར་ཟད། ༸གོང་ས་མཆོག་གི་ཧིན་དིའི་གསུང་སྒྱུར་ཐུབ་མཁན་ཡང་གཉིས་གསུམ་ཞིག་ལས་གསོ་སྐྱོང་ཐུབ་མེད། དེར་བརྟེན་དམིགས་བསལ་གྱིས་ལོ་ཙཱ་བ་གསོ་སྐྱོང་ཐུབ་ཐབས་ཤིག་བཙལ་ཏེ་ལག་ལེན་བསྟར་དགོས། ང་ཚོས་ག་ཚོད་བཤད་རུང་མ་བཤད་རུང་། བོད་ཀྱི་སྐད་ཡིག་རིག་གཞུང་མི་ཉམས་རྒྱུན་འཛིན་ཐུབ་མིན་གྱི་གནད་འགག་ནི། ང་རང་ཚོའི་སྐད་ཡིག་ནང་ཕྱིའི་རིག་གཞུང་སོགས་ནང་འདྲེན་ཐུབ་མིན་དེ་རེད།
རྩོམ་ཡིག་འདིའི་ཁ་བྱང་དང་ནང་དོན་གཉིས་དེ་ཙམ་མི་མཚུངས་ཀྱང་ཁྱོན་ཡོངས་ནས་བསམས་ན། རིན་ཐང་ལྡན་པ་ཞིག་རེད།
ངས་འདིར་བསམ་ཚུལ་ཐ་རེ་ཐོར་རེ་ཁ་ཤས་བཤད་འདོད་བྱུང་།
༡། བཙན་བྱོལ་ནང་ཕྱི་སྐད་ནས་རང་སྐད་དུ་ཕབ་སྒྱུར་བྱེད་པར་དཀའ་ངལ་མང་པོ་ཡོད།
ཀ༽ བོད་ཡིག་ནས་དབྱིན་ཡིག་ཏུ་བསྒྱུར་ཚེ་བོད་གཞུང་ཕྱི་དྲིལ་དང་བོད་ཀྱི་དཔེ་མཛོད་ཁང་སོགས་ཀྱིས་བསྒྱུར་གླ་ཧ་ཅང་ཡག་པོ་སྤྲོད་ཀྱི་ཡོད་ཀྱང་། ཕྱི་ཡིག་ནས་བོད་ཡིག་ཏུ་བསྒྱུར་ཚེ། བསྒྱུར་གླ་ཧ་ཅང་ཉུང་ངུ་ལས་མེད། བོད་ཀྱི་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་ཟུར་པ་ལྷག་བསམ་ལ་ངས་འབའ་པ་ཕུན་དབང་གི་དེབ་དེ་བསྒྱུར་བར་བསྒྱར་ཡོན་ག་ཚོད་སྤྲད་ཡོད་མེད་དྲིས་པ་ཡིན། ཁོང་གིས། དེབ་དེ་བསྒྱུར་བ་དང་ཀམ་པུ་ཊར་ནང་བཅུག་པ། ཞུ་དག་བཏང་བ། ཞུ་དག་ཆེད་པར་རྩ་ཐེངས་བཅུ་གྲངས་བཏོན་པ། དེབ་གཟུགས་དང་རྒྱབ་ཤ་བཟོས་པ་བཅས་ཁྱོན་ཡོངས་ལ་དབྱིན་ཡིག་ཤོག་ངོས་རེར་སྒོར་ ༡༠༠ བརྩིས་ཏེ་སྤྲད་པ་ཡིན་ཟེར། དེར་བརྟེན་ཕུལ་བྱུང་གི་བསྒྱུར་རྩོམ་དེར་བསྒྱུར་ཡོན་ཧིན་སྒོར་ཁྲི་གསུམ་ལས་སྤྲད་མི་འདུག དེའི་སྐོར་སྒྱུར་བ་པོ་ཆུང་ཚེ་རིང་གིས་ནོར་འོད་དུས་དེབ་ནང་གསུངས་པ་ལྟར་ན། དེབ་དེ་བསྒྱུར་ཡོན་གྱིས་པར་རྩ་བཏོན་པའི་རིན་པ་ཡང་མ་ཁུག་སྟབས་ཁོང་གི་ཁྱིམ་ཚང་ནས་དངུལ་གཏོང་དགོས་བྱུང་སྟེ་དཔལ་འབྱོར་གྱི་དཀའ་ངལ་འཕྲད་ཚུལ་འདུག
ཡང་དབྱིན་ཡིག་གི་ཐད་ནས་བཤད་ན། ལམ་རིམ་གསེར་ཞུན་མ་བོད་ཀྱི་དཔེ་མཛོད་ཁང་གིས་དབྱིན་ཡིག་ཏུ་བསྒྱུར་སྐབས། བསྒྱུར་ཡོན་དུ་ཤོག་ངོས་རེར་ཧིན་སྒོར ༥༠༠ གནང་བ་དང་ད་དུང་ཀམ་པུ་ཊར་ནང་བཅུག་པ་དང་། ཞུ་དག་བྱས་པ། རྩོམ་སྒྲིག་བྱས་པ་སོགས་ལ་གླ་ཆ་ལོགས་སུ་སྤྲད་འདུག དེར་བརྟེན་ཤོག་ངོས་རེར་སྒོར་ ༧༠༠ ནས་ ༨༠༠ བར་རག་འདུག དེ་གཉིས་ཀྱི་བར་ཁྱད་བསྡུར་ན། ལྡབ་དྲུག་བདུན་ཞིག་ཤོར་བ་རེད། དངོས་ཡོད་གནས་སྟངས་དེ་རེད།