མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྲིའི་འོས་གཞི་ལས་འཕྲོས་པའི་གླེང་མོལ། ཧོར་གཙང་འཇིགས་མེད།

བོད་ཀྱི་དུས་བབ།
༢༠༠༩/༠༩/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཧོར་གཙང་འཇིགས་མེད།

གཅིག སྤྱིར་བཏང་གི་གླེང་མོལ།

ན་ནིང་དམིགས་བསལ་ཚོགས་ཆེན་གྱི་སྐབས་ཙམ་ནས་སྤྱི་ལོ་༢༠༡༡ ལོའི་བཀའ་ཁྲིའི་འོས་གཞིའི་སྐོར་ལ་གླེང་སློང་དང་ལས་འགུལ་གྱི་མགོ་ཚུགས་པའི་ཚོར་སྣང་བྱུང༌། དེ་ནི་ཕྱོགས་གཅིག་ནས་བལྟས་ན་མི་དམངས་ཀྱིས་རང་རང་གི་ལས་དབང་རང་ཉིད་ཀྱིས་ཐག་གཅོད་བྱེད་པའི་བསམ་བློའི་གོ་རྟོགས་མཚོན་པ་ཞིག་ཡིན་ལ། བཙན་བྱོལ་བོད་མིའི་ཆབ་སྲིད་དང་འབྲེལ་བའི་ལས་དོན་ཡོངས་རྫོགས་ལ་གཞུང་འཛིན་དང་སྤྱི་འཐུས་རྣམ་པ་ཚོས་ཞལ་མར་འཁོར་ནས་བཀའ་སློབ་གནང་རྒྱུ་ཙམ་མ་ཡིན་པར། མི་དམངས་རང་ངོས་ནས་རང་འགན་ཁུར་ཏེ་ཐག་གཅོད་བྱེད་འདོད་ཡོད་པའི་མངོན་རྟགས་ཤིག་ཀྱང་ཡིན།

སྔ་ཕྱིར་བཀའ་ཟུར་དང་སྤྱི་ཟུར། དེ་མིན་གྱི་ཡུལ་མི་དཀྱུས་མ་བཅས་ཕྱོགས་དུ་མ་ནས་བཀའ་ཁྲིའི་འོས་གཞི་སྣ་ཚོགས་ཤིག་བཏོན་ཞིང༌། འོས་གཞི་དེ་དག་དང་འབྲེལ་ནས་དཔྱད་བརྗོད་སྤེལ་མཁན་ཡང་གང་འཚམ་བྱུང་དང་འབྱུང་བཞིན་འདུག འོན་ཀྱང་སྟབས་ཉེས་པ་ཞིག་ལ་རང་རེའི་སྤྱི་ཚོགས་ཁྲོད་སྲིད་དོན་ཚན་རིག་ལ་སྦྱངས་འབྲས་ཐོན་པ་གཏན་ནས་མེད་པའམ། ཡང་ན་ཡོད་མཁན་ཚོས་ཐུགས་སྣང་མ་གནང་བ་གང་ཡིན་ཡང༌། ད་བར་ཆབ་སྲིད་ཀྱི་གཏིང་མཐུག་སར་འཛུལ་ནས་སྲིད་དོན་ཚན་རིག་གི་རིགས་ལམ་དང་གཞུང་ལུགས་ལ་བརྟེན་ནས་རིན་ཐང་ལྡན་པའི་དཔྱད་བརྗོད་སྤེལ་མཁན་སུ་ཡང་མ་བྱུང་བ་འདྲ།

རྒྱུ་མཚན་དེའི་དབང་གིས་དཔྱད་བརྗོད་པ་དག་གི་དཔྱད་པ་ཕལ་ཆེར་ནམ་རྒྱུན་བོད་མིའི་སྤྱི་ཚོགས་ཁྲོད་འགྲོ་རྒྱུགས་ཆེ་བའི་ཉེ་རིང་ཕྱོགས་རེས་དང༌། འཆར་སྣང༌། དད་ཞེན། ཕྲག་དོག འཁོན་སེམས། གཞི་མེད་ཀྱི་སྐྱོན་འཛུགས་སོགས་རང་སེམས་ཀྱི་དགའ་ཁ་ཁྱེར་ཕྱོགས་ཙམ་གྱི་རྗེས་སུ་འབྲངས་ནས་ཚོར་བ་བརྗོད་པ་ཙམ་ལས་དམངས་གཙོའི་ལྟ་གྲུབ་དང་འབྲེལ་ནས་རིག་པའི་གཞུང་ལུགས་ཀྱི་རྒྱབ་རྟེན་ཡོད་པའི་དཔྱད་བརྗོད་ཅིག་མཐོང་ཡུལ་དུ་མ་གྱུར།

ཁོང་རྣམས་ཀྱིས་བཏོན་པའི་བཀའ་ཁྲིའི་ཆ་རྐྱེན་གཙོ་བོ་ཁག་ནི།
༡། བཅའ་ཁྲིམས་ལ་འགྱུར་བ་བཏང་སྟེ་ཟམ་གདོང་རིན་པོ་ཆེ་མུ་མཐུད་བཞུགས་རྒྱུ།
༢། བཀའ་ཁྲི་ལ་ངེས་པར་དུ་ཆོས་ཕྱོགས་ཀྱི་མཁྱེན་རྒྱ་ཡོད་མཁན་ཞིག་དགོས་པ།
༣། བཀའ་ཁྲི་གཞོན་སྐྱེས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་སྡིངས་ཆའི་སྟེང་སྐྱོད་ཐུབ་མཁན་ཞིག་དགོས་པ།
༤། བཀའ་ཁྲི་ལ་བུད་མེད་ཅིག་བསྐོ་དགོས་པ།
༥། བཀའ་ཁྲི་ལ་རྒྱ་བོད་དབྱིན་གསུམ་གྱི་སྐད་ཡིག་འཛོམས་པོ་ཡིན་དགོས།
༦། བཀའ་ཁྲི་རྒྱ་ནག་གི་ཆབ་སྲིད་དང་རིག་གཞུང་ལ་རྒྱུས་མྱོང་ཡོད་པ་ཞིག་དགོས་པ།
༧། བཀའ་ཁྲི་བོད་གཞུང་གི་འཛིན་སྐྱོང་ལ་ཉམས་མྱོང་ཡོད་མཁན་ཞིག་དགོས་པ།

ཁོང་རྣམ་པས་བཏོན་པའི་ཆ་རྐྱེན་ཕལ་ཆེ་བ་ཆ་རྐྱེན་ཆ་ཤས་ཤིག་ཏུ་བགྲང་རུང་བ་ཡིན་མོད། ཆ་རྐྱེན་དེ་དག་དང་མཉམ་དུ་སེམས་ཤུགས་དང༌། ལྷག་བསམ་རྣམ་དག ཆོས་དད་ཡོད་མེད། རང་དོན་རྦད་དེ་བསྐྱུར་ནས་སྤྱི་དོན་བསྒྲུབ་དགོས་པ་བཅས་ཀྱི་མིང་ཚིག་འདི་དག་ཀྱང་ཤིན་ཏུ་ནན་བཤད་གནང་གིན་འདུག འོན་ཀྱང་དེང་རབས་ཀྱི་རྒྱལ་སྤྱིའི་སྲིད་དོན་དང་ཁྲིམས་སྒྲིག་ནང་ལྷག་བསམ་རྣམ་དག་ཅེས་པ་དང༌། སེམས་ཤུགས། རང་དོན་རྦད་དེ་བསྐྱུར་ནས་སྤྱི་དོན་བསྒྲུབ་པ་སོགས་ཡ་རབས་མི་ཆོས་དང༌། བྱང་ཆུབ་སེམས་དཔའི་ཁྱད་ཆོས་དེ་དག་ཚུད་མེད་པ་རེད།

ང་ཚོས་ཤེས་དགོས་པའི་དོན་གནད་ལྟེ་བ་ནི། ཡར་རྒྱས་ཆེ་བའི་རྒྱལ་ཁབ་ཁག་གི་མི་སེར་ཚང་མ་ལྷག་བསམ་རྣམ་དག་ཡིན་མི་སྲིད་ལ། བྱང་སེམས་ཀྱི་སྤྱོད་པ་ལ་གནས་པའང་ཡིན་མི་སྲིད་ཀྱང༌། ཁོང་ཚོ་ཁྲིམས་ལུགས་ཀྱི་བགྲོད་ལམ་ཐོག་ལྷག་བསམ་རྣམ་དག་ཡིན་མིན་གཉིས་ཆ་ལྷག་བསམ་རྣམ་དག་ཡིན་པ་ཇི་བཞིན་འགྲོ་སྐྱོད་བྱེད་ཐུབ་པ་ཡིན་ལ། མི་སུ་དང་སུ་ལྷག་བསམ་རྣམ་དག་ཡིན་མིན་གྱི་རྩོད་རྙོག་་ཀྱང་འབྱུང་གིན་མེད། དེས་ན་ང་ཚོས་བཤད་བཞིན་པའི་སྐད་ཆ་མང་བོ་ཞིག་བཤད་མ་བཤད་ལ་ཁྱད་པར་རྩ་ནས་མེད་པའི་སྐད་ཆ་ལྷག་མ་རྐྱང་རྐྱང་ཡིན།

རྒྱུ་མཚན་དེ་འདྲའི་དབང་གིས་ཡར་རྒྱས་ལྡན་པའི་དམངས་གཙོའི་སྤྱི་ཚོགས་ཀྱིས་ལྷག་བསམ་རྣམ་དག་དང༌། སེམས་ཤུགས། བྱང་སེམས་ཀྱི་སྤྱོད་པ་རླབས་པོ་ཆེ་སོགས་ཀྱི་སྐད་ཆ་འདི་དག་བཤད་མཚམས་བཞག་ནས། སྲིད་འཛིན་དང་སྲིད་བློན། ཁྲིམས་དཔོན་བཅས་ཐེ་བའི་མི་ཚང་མ་ཁྲིམས་ལུགས་ཀྱི་བགྲོད་ལམ་ཐོག་ཤར་སྐྱོད་བྱེད་ཐུབ་པའི་ལམ་ཁ་བཟོས་ཤིང༌། ལམ་ཁ་དེའི་སྟེང་དུ་འགྲོ་སྐབས་ལྷག་བསམ་ཡོད་མེད་གཉིས་ཆ་དང༌། བྱང་ཆུབ་ཀྱི་སེམས་ཡོད་མེད་གཉིས་ཆ་འགྲོ་སྟངས་གཅིག་མཚུངས་ཡིན་ལ། སེམས་ཤུགས་ཡོད་མེད་གཉིས་ཆའི་གོམ་འགྲོས་ཀྱང་གཅིག་མཚུངས་ཡིན།

གཉིས། བཀའ་ཁྲིའི་འོས་གཞི་འདོན་མཁན་དག་གི་འོས་ཆོས་ཁག་ལ་དཔྱད་པ།
༡། བསམ་ཚུལ་དང་བོ་འདོན་མཁན་ཕལ་ཆེར་ནི། གཞུང་དང་གྲོགས་ཚོགས་སུ་ཕྱག་ལས་གནང་མཁན་རིགས་གཅིག་གི་དགོངས་ཚུལ་ཡིན་ལ། དགོངས་ཚུལ་དེ་མགྱོགས་མྱུར་ངང་མཐོ་སློབ་རེ་ཟུང་དང་རིགས་མཐུན་གྱི་ཚོགས་སྡེ་དམིགས་བསལ་བ་ཞིག་ཏུ་ཁྱབ་ཀྱིན་ཡོད། མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གི་སྐུ་ཡོན་ལ་འགྲན་ཟླ་བྲལ་བ་སྐྱབས་བཅོལ་བོད་མི་ཕལ་ཆེར་གྱིས་ཤེས་ངེས་ཡིན་ལ། སྦྱངས་སྟོབས་ཀྱི་ཡོན་ཏན་ལྡན་པ་རྣམས་ཀྱིས་དེ་བས་ཀྱང་གསལ་བོར་མཁྱེན་ངེས་ཡིན། ལྷག་པར་ཁོང་གིས་ཆོས་ཚོགས་ལྟ་བུ་བསྐྱངས་ནས་ཟུར་བཞུགས་མ་གནང་བར་དགུང་ལོ་གཞོན་དུས་ནས་ད་ལྟའི་བར་སྐྱབས་བཅོལ་སྤྱི་ཚོགས་འདིའི་ནང་ཆོས་དང་རིག་གཞུང༌། དམངས་གཙོའི་ལྟ་གྲུབ་སོགས་ཀྱི་ཐད་ལེགས་སྐྱེས་གྱ་ནོམ་པ་ཕུལ་བ་ནི་སུས་ཀྱང་ཁས་ལེན་བྱེད་དགོས་པ་ཞིག་ཡིན་ལ། ང་ཚོས་ནམ་ཡང་ཁོང་གི་མཛད་རྗེས་དེ་དག་ལ་ངོས་འཛིན་དང་ཡི་རང་ཞུ་དགོས་པ་ཞིག་ཀྱང་ཡིན།

འོན་ཀྱང་ང་ཚོའི་སྤྱི་ཚོགས་ནང་ཟམ་གདོང་བླ་མ་གཅིག་རང་ལས་མེད་པ་དང༌། འཇོན་ནུས་ལྡན་པའི་གང་ཟག་བྱེ་བྲག་པ་གཅིག་ཁོ་ན་ལ་དམིགས་ཏེ་ཁྲིམས་ལུགས་ལ་བཟོ་བཅོས་རྒྱག་རྒྱུ་དེ་དམངས་གཙོའི་འཕེལ་རིམ་དང་མཐུན་དཀའ་ཞིང༌། སྲིད་བློན་ཟམ་གདོང་བླ་མ་ལྟ་བུ་བཞུགས་བཞིན་དུ་འབྱུང་འགྱུར་གྱི་འཛིན་སྐྱོང་མི་སྣ་གལ་ཆེན་བསྐྱེད་བསྲིང་བྱེད་དགོས་པ་ལས། སྒྲིག་འཛུགས་ཆེན་པོ་འདི་འདྲ་གང་ཟག་གཅིག་ཁོ་ན་ལ་མི་བསྟེན་མཐུ་མེད་ལྟ་བུའི་བསམ་བློའི་བག་ཆགས་ངན་གོམས་སུ་འགྲོ་རུ་འཇུག་མི་རུང་བ་དེ་དོན་དག་ཧ་ཅང་གལ་ཆེན་ཡིན།

༢། བཀའ་ཁྲི་ལ་ངེས་པར་དུ་ཆོས་ཕྱོགས་ཀྱི་ཤེས་ཡོན་དང༌། དད་ཞེན་ལྡན་པ་ཞིག་དགོས་པར་གསུང་མཁན་ཕལ་མོ་ཆེ་ནི། ཆོས་རྒྱུད་ཁག་གི་གྲྭ་བཙུན་དང༌། ཆོས་ལུགས་གཅིག་ཉིད་བོད་རྒྱལ་ཁབ་ཀྱི་སྲོག་རྩ་ཡིན་པར་འདོད་མཁན་གྱི་མི་སྣ་ཁག་ཡིན།

ཁོང་རྣམ་པར་རང་རང་གིས་འདོད་པའི་བཀའ་ཁྲི་གདམ་བྱེད་ཀྱི་ཐོབ་ཐང་ཡོད་ལ། རང་གི་ཆོས་རྒྱུད་ལ་གཞུང་སྲིད་ཀྱི་མི་སྣ་དག་གིས་སྲུང་སྐྱོབ་དགོས་པའི་བསམ་འདུན་ཡོད་ཆོག་པ་ཞིག་ཡིན་མོད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་ཡུལ་མིའི་གཞི་རྩའི་ཐོབ་ཐང་གསལ་སྟོན་མཛད་པ་དང༌། བཀའ་ཁྲིའི་འོས་གཞི་དང་འབྲེལ་བའི་སྒྲིག་གཞི་ཁག་ལ་གཟིགས་རྟོག་གནང་ཐུབ་པ་ཡིན་ན། བཀའ་ཁྲི་ལ་ངེས་པར་ཆོས་ལུགས་པ་ཡོང་དགོས་མིན་སོགས་ཀྱི་གནད་འགག་མང་བོ་ཞིག་རང་འགག་ཏུ་འགྲོ་བ་ཡིན་ནམ་སྙམ།

སྤྱི་ལོ་ ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་བྱས་ཤིང༌། སྤྱི་འཐུས་གྲངས་ ༤༦ ལ་སྤར་ནས་གྲོས་ཚོགས་ཀྱི་ངོ་བོ་ཡར་ཐོན་ཅན་དུ་བསྒྱུར་སྐབས་ནས། མཁས་དབང་ཟམ་གདོང་རིན་པོ་ཆེས། ད་ནི་གང་ཟག་གི་དབང་བསྒྱུར་ལས་འདས་ནས། ཁྲིམས་ལུགས་ཀྱི་དབང་སྒྱུར་འོག་འགྲོ་བཞིན་ཡོད་ཅེས་ཡང་ཡང་གསུངས་ཡོད་ལ། དུས་དེ་ནས་ད་ལྟའི་བར་ཁྲིམས་ལུགས་ཀྱི་དབང་སྒྱུར་འོག་འགྲོ་བཞིན་ཡོད་ན། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཚང་མར་ཁྲིམས་ལུགས་ཀྱིས་ཁག་ཐེག་ཡོད་དགོས་པས། ཆོས་ལུགས་དང་ཆོས་ལུགས་པའི་ཐོབ་ཐང་ཚང་མའང་དེའི་ནང་དུ་ཚུད་ཡོད་སྟབས། ད་དུང་ཆོས་ལུགས་ཀྱི་རང་དབང་ཐོབ་ཐང་ཆ་ཚང་བཀའ་བློན་ཁྲི་བ་ལྟ་བུའི་དབུ་ཁྲིད་བྱེ་བྲག་པ་ཞིག་གི་དགོངས་པ་བཞེས་ཕྱོགས་ལ་རག་ལས་པ་ལྟ་བུའི་དགོངས་ཚུལ་བཟུང་བ་ཡིན་ན་ཁྲིམས་ལུགས་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་མ་ཤེས་པ་ལྟ་བུར་སྣང་།

༣། མ་འོངས་པའི་བཀའ་ཁྲི་དེ་གཞོན་སྐྱེས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་སྡིངས་ཆའི་སྟེང་སྐྱོད་ཐུབ་མཁན་ཞིག་དགོས་པར་འདོད་མཁན་ཕལ་མོ་ཆེ་ནི། ཆབ་སྲིད་ཀྱི་ལྟ་གྲུབ་གུ་ཡངས་ལྡན་པ་དང༌། དེང་རབས་ཀྱི་ཤེས་ཡོན་ལྡན་པའི་གཞོན་རབས་པ་དག་གི་དགོངས་ཚུལ་གཙོ་བོ་ཡིན། བསམ་ཚུལ་འདི་དེང་སྐབས་ཀྱི་བསམ་ཚུལ་ཅུང་སྟོབས་ཤུགས་ལྡན་པ་དེ་ཡིན་ལ། འདིའི་རྒྱབ་ལྗོངས་ན་ལོ་རྒྱུས་ཀྱི་བསླབ་བྱ་དང༌། མ་འོངས་པའི་ཁ་ཕྱོགས། སང་ཉིན་གྱི་བདག་པོ་གཞོན་རབས་པ་དག་གི་བསམ་འདུན་ཡང་འདུས་ཡོད། ལྷག་པར་སྐྱབས་བཅོལ་བོད་གཞུང་བཙུགས་ནས་ལོ་ངོ་ལྔ་བཅུ་ལྷག་ཕྱིན་སྐབས་ད་དུང་གཞུང་གི་སྒྲིག་འཛུགས་ཆུང་ཆུང་འདིའི་སྣེ་ཁྲིད་པ་གཞོན་སྐྱེས་གཅིག་ཀྱང་བསྐྱེད་སྲིང་གནང་ཐུབ་མེད་པར་བཤད་ན་དོན་དངོས་དང་ཡང་མི་མཐུན་ཅིང༌། སྤྱིར་བཏང་རྒྱུན་ཤེས་ཀྱི་ཐོག་ནས་བལྟས་ཀྱང་མི་རབས་བརྗེ་ནས་འགྲོ་སྐབས། དཔོན་རིགས་ཀྱང་བརྗེ་ནས་འགྲོ་དགོས་པ་དེ་གཡོལ་ཐབས་མེད་པའི་ཆོས་ཉིད་ཅིག་ཀྱང་ཡིན།

འོན་ཀྱང་ང་ཚོ་འཛམ་གླིང་གི་མི་གྲངས་དུང་ཕྱུར་དྲུག་ཅུའི་ཁོངས་སུ་གནས་སྡོད་བྱེད་པ་ཙམ་ལས། རྒྱལ་སྤྱིའི་སྲིད་དོན་གྱི་སྡིངས་ཆའི་སྟེང་ང་ཚོ་ལ་འཁྲབ་སྟེགས་ཅི་ཙམ་ཡོད་མེད་ལ་བསམ་དགོས་པ་ཞིག་ཀྱང་ཡིན།

༤། བཀའ་ཁྲིར་བུད་མེད་བསྐོ་དགོས་པར་བཤད་མཁན་གྱི་ཆབ་སྲིད་པའང་ཡོད་ལ། མི་སེར་དཀྱུས་མའང་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ནང་ང་ཚོ་དམངས་གཙོ་དངོས་ཀྱི་ལམ་བུར་སྐྱོད་བཞིན་ཡོད་པའི་རྣམ་འགྱུར་སྟོན་བྱེད་ཙམ་ལ་དམིགས་བསལ་གྱིས་ཕན་པ་ཡིན་ན་གནས་ཚུལ་ཐ་དད་རེད། ང་ཚོས་བརྗོད་གཞི་འདིའི་ཐོག་ལ་བགྲོ་གླེང་གནང་སྐབས། སྐྱབས་བཅོལ་སྤྱི་ཚོགས་ནང་གི་བུད་མེད་ཀྱི་ཐོབ་ཐང་སྐོར་ལ་བསམ་གཞིགས་བསྐྱར་དུ་བྱེད་དགོས་པའང་ཧ་ཅང་གལ་ཆེན་ཡིན། ང་རང་སྐྱབས་བཅོལ་སྤྱི་ཚོགས་ནང་ལོ་ངོ་ ༡༧ ཙམ་བསྐྱལ་བའི་ཉམས་མྱོང་གི་ཐོག་ན་བལྟས་ན། བུད་མེད་ཀྱི་ཐོབ་ཐང་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཙོས་ཁྲིམས་སྒྲིག་གིས་ཁེག་ཐེག་ཡོད་པ་ཞིག་ཡིན་ལ། སྐབས་བཅུ་གཅིག་ནས་ད་ལྟའི་བར་གྱི་སྤྱི་འཐུས་དང༌། བཀའ་བློན། དེ་མིན་གཞུང་ཞབས་སོགས་བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་མཐོ་ཤོས་ཀྱི་ནང་དུ་ཕྱག་ལས་གནང་མཁན་གྱི་བུད་མེད་མང་བོ་བྱུང་ཞིང་། དེ་དག་བུད་མེད་ཡིན་པ་ལ་བརྟེན་ནས་ཕྱག་ལས་གནང་སྟབས་མ་བདེ་བའི་དཀའ་ངལ་འཕྲད་པའི་གནས་ཚུལ་ཡང་གོ་མྱོང་མེད། དེས་ན་བུད་མེད་ལ་ཆབ་སྲིད་དང༌། རིག་གནས། དཔལ་འབྱོར་གང་ཅིའི་ཐོག་ཐོབ་ཐང་མེད་མཁན་ཨ་ཧྥུ་གྷ་ཎ་སི་ཐན་ལྟ་བུའི་ནང་བུད་མེད་སྲིད་བློན་ཞིག་བསྐོས་ཚེ་ཚང་མས་དོ་སྣང་བྱེད་ཡུལ་ཞིག་ཆགས་རྒྱུ་ལས། ནམ་རྒྱུན་ནས་ཐོབ་ཐང་འདྲ་མཉམ་ཡོད་བཞིན་པའི་སྤྱི་ཚོགས་ཤིག་ཏུ་དགོས་དམིགས་ལྷག་པོ་ཡོད་མེད་མི་ཤེས་ཀྱང༌། འོས་བསྡུའི་སྐབས་རྒྱལ་ཁ་འཐོབ་པའི་རེ་བ་ཡོད་ན་བུད་མེད་བཀའ་ཁྲིར་བསྐོ་མི་འོས་པ་ཅི་ཡོད། བུད་མེད་ཚོ་རང་ངོས་ནས་ཐོབ་ཐང་ཁག་བརྩོན་ལེན་བྱེད་དགོས་པ་ཞིག་རེད།

༥། མ་འོངས་བཀའ་ཁྲི་དེ་ལ་དབྱིན་སྐད་ཡིག་ཤེས་ཚད་དགོས་པ་དང༌། རབ་བྱུང་ན་རྒྱ་བོད་དབྱིན་གསུམ་གྱི་ཤེས་ཚད་དགོས་པའི་ཆ་རྐྱེན་འདོན་མཁན་རྒྱུན་དུ་ཡོང་གིན་འདུག སྐད་ཡིག་གི་དགོས་མཁོ་གཙོ་བོ་ནི་མི་དང་མིའི་བར་ལ་གོ་བརྡ་སྤྲོད་རྒྱུ་དེ་ཡིན་པའི་ཆ་ནས་དེ་ཉིད་ཤེས་ན་ཕུན་སུམ་ཚོགས་པ་ཡིན། བཀའ་ཁྲི་ཙམ་མ་ཡིན་པར་བཀའ་བློན་ཚང་མས་སྐད་ཡིག་དེ་དག་ཤེས་ན་ཡག་ཐོག་ཡག་རྩེག་ཡིན་མོད། སྲིད་དོན་གྱི་ལས་ཀ་དེ་འཆར་གཞི་དང༌། གསར་གཏོད། བཟོད་སྒོམ། གཏོང་ཕོད་བཅས་ཀྱིས་བསྒྲུབ་དགོས་པ་ཞིག་ཡིན་ལ། ཆ་རྐྱེན་དེ་དག་ཡོད་པ་ཡིན་ན་སྐད་རིགས་མང་བོ་མ་ཤེས་ཀྱང་སྐད་སྒྱུར་བྱེད་མཁན་གྱི་ལོ་ཙཱ་བ་མི་རྙེད་པའི་དཀའ་ངལ་འཕྲད་མི་སྲིད། སྔར་གྱི་སུ་ཝེའི་སྲིད་འཛིན་གྷིར་ཆའོ་ཧྥུ་དང༌། ཨུ་རུ་སུའི་སྲིད་ཟུར་བ་ཕུ་ཀྲིན་ལྟ་བུས་ཨུ་རུ་སུའི་སྐད་གཅིག་རང་བེད་སྤྱོད་གཏོང་ཡོད་ལ། ཧྥ་རན་སིའི་སྲིད་འཛིན་ཟུར་བ་རྗེཁ་ཤིར་ཧྥ་ལྟ་བུས་ཀྱང་དབྱིན་སྐད་སོགས་བེད་སྤྱོད་རྩ་ནས་གཏོང་གིན་མེད། འོན་ཀྱང་ཁོང་རྣམ་པའི་གསུང་སྐད་བསྒྱུར་མ་ཐུབ་པའི་དཀའ་ངལ་འཕྲད་པ་གོ་རྒྱུ་མེད། དེས་ན་ང་ཚོའི་བཀའ་ཁྲི་གསར་བ་དེས་བོད་རྒྱ་ཞི་མོལ་གྱིས་གཙོས་ལས་དོན་རླབས་པོ་ཆེ་དེ་དག་བསྒྲུབ་ཐབས་ཀྱི་རྣམ་དཔྱོད་དང་འཆར་གཞི་ཡོད་ན། ལས་འཆར་དེ་རིགས་བོད་ཡིག་ཁོ་ནའི་སྟེང་ལྷག་སྟེ་བོད་དོན་བདེན་མཐའ་མི་གསལ་བའི་དཀའ་ངལ་འཕྲད་མི་སྲིད་སྙམ།

༦། བཀའ་ཁྲི་དེ་རྒྱ་གཞུང་གི་ཆབ་སྲིད་དང༌། རྒྱའི་རིག་གཞུང་ལ་རྒྱུས་མངའ་ཡོད་མཁན་ཞིག་དགོས་པར་འདོད་པའི་བསམ་ཚུལ་ཡང་གང་འཚམ་ཡོང་གིན་འདུག བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་གཞུང་གི་ལས་འགན་གཙོ་བོ་དེ་བོད་དོན་བདེན་མཐའ་གསལ་ཐབས་བྱ་རྒྱུ་དེ་ཡིན་པར་གསུངས་ཡོད། དེར་བརྟེན་བཀའ་ཁྲིའི་ལས་ཀ་གཙོ་བོ་གཉིས་ལས་གལ་འགངས་ཆེ་ཤོས་དེ་བོད་དོན་བདེན་མཐའ་གསལ་ཐབས་བྱུ་རྒྱུ་དེ་ཡིན། སྤྱིར་བཏང་འཛིན་སྐྱོང་གི་སྒྲིག་འཛུགས་ལ་ལྟ་རྟོག་སྟངས་འཛིན་གནང་རྒྱུ་དེའང་གལ་ཆེན་ཡིན་མོད། གཙོ་བོ་དེ་ང་ཚོས་མི་རབས་ནས་མི་རབས་བརྒྱུད་དེ་སྐྱབས་བཅོལ་དུ་གནས་མ་དགོས་པར་བོད་གཞིས་བྱེད་མཉམ་འཛོམས་བྱུ་རྒྱུ་དེ་རེད། བོད་མི་ས་ཡ་དྲུག་གིས་རེ་སྒུག་བྱེད་བཞིན་པའི་༧གོང་ས་སྐྱབས་མགོན་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་རྒྱུ་དེ་རེད། ང་ཚོས་བསམ་བློ་ཞིབ་ཏུ་བཏང་ན། བོད་མི་རྣམས་ཀྱིས་རྒྱལ་བ་རིན་པོ་ཆེ་ཚུར་མི་ཡུལ་དུ་གདན་འདྲེན་ཞུ་སྟངས་ཤེས་ན། ཕྱིར་བོད་ནང་དུ་གདན་འདྲེན་ཞུ་སྟངས་ཤེས་པ་ཞིག་ངེས་པར་དགོས་པ་ཡིན།

རྒྱུ་མཚན་དེ་འདྲའི་དབང་གིས་བཙན་བྱོལ་བོད་གཞུང་གིས་འདས་པའི་ལོ་རྒྱུས་ཀྱི་བྱུང་བ་བསྐྱར་བསྔོག་བྱས་ནས་སྡོད་པ་ལས། ད་ལྟའི་དངོས་ཡོད་གནས་སྟངས་གཙིགས་ཆེན་དུ་འཛིན་རྒྱུ་དང༌། ཐོབ་ཤོར་གྱི་མིང་ཚིག་སྐམ་པོར་ཞེན་ཆགས་ཨ་འཐས་སུ་བྱས་ནས་སྡོད་པ་ལས། བཟོད་སྒོམ་དང་བློས་བཏང་གིས་འབྱུང་འགྱུར་གྱི་མི་རབས་དག་གི་བར་འཁོན་རྩོད་མེད་པར་ཞི་བདེ་མཉམ་གནས་བྱ་ཐུབ་པ་འབྱུང་ཆེད། རྒྱ་ནག་དང་མཉམ་དུ་མེས་འཚིག་མེར་གཏུགས་ཀྱིས་བོད་རྒྱ་ཞི་མོལ་གནང་ཐབས་ལ་འབད་བརྩོན་གནང་བཞིན་ཡོད་པ་མངའ་གསལ་ལྟར་ཡིན།

འོན་ཀྱང་རྒྱ་གཞུང་ནས་བཙན་བྱོལ་བོད་གཞུང་གི་ལྷག་བསམ་རྣམ་དག་དང༌། བཟོད་སྒོམ། བློས་བཏང་བཅས་ཤིན་ཏུ་མཛད་དཀའ་བའི་ལོ་རྒྱུས་རང་བཞིན་གྱི་བསམ་ཤེས་དེ་དག་ལ་རིན་ཐང་ཅི་ཡང་མ་བཞག་པར་མ་ཟད། བོད་མི་ས་ཡ་དྲུག་གི་བསམ་པའི་མངོན་འདོད་ལ་བརྩི་བཀུར་ཏིལ་འབྲུ་ཙམ་ཡང་མ་བཞག་པར་མུ་མཐུད་བརྙས་བཅོས་དང་ཁྱད་གསོད་བྱེད་ཀྱིན་ཡོད་ཅིང༌། བོད་ནང་གི་མི་སེར་དག་ལ་མུ་མཐུད་ནས་ཤིན་ཏུ་དྲང་བདེན་མིན་པའི་ཉེས་ཆད་བཅད་དང་གཅོད་བཞིན་ཡོད།

རྒྱུ་མཚན་དེ་དག་གི་ཐོག་ནས་བལྟས་ན་རྒྱ་བོད་བར་གྱི་དཀའ་རྙོག་དེ་བཀའ་བློན་ཁྲི་བས་རྒྱ་བོད་དབྱིན་གསུམ་གྱི་སྐད་ཡིག་ཤེས་མིན་ལ་རག་ལས་པ་ཞིག་མིན་ཞིང༌། བཀའ་བློན་ཁྲི་བ་རྒྱ་ནག་གི་ཆབ་སྲིད་དང་རིག་གཞུང་ལ་རྒྱུས་མངའ་ཡོད་མེད་ལ་རག་ལས་པ་ཞིག་ཀྱང་མ་ཡིན་པ་ཤིན་ཏུ་གསལ་བོ་ཡིན། དཀའ་རྙོག་འདིའི་གནད་འགག་ཐུག་ས་མཐར་ཐུག་ནི། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་བ་སུ་ཡིན་དང་འབྲེལ་བ་ཡོད་པ་ཞིག་མ་ཡིན་པར། རྒྱ་གཞུང་གིས་མི་ལོ་ལྔ་བཅུའི་རིང་བོད་ཁྱོན་ཡོངས་རྫོགས་ལ་མངའ་དབང་སྒྱུར་བཞིན་པ་དེར་བོད་མི་རྣམས་འདོད་པ་ཡོད་མེད་ལ་མ་ལྟོས་པར་མུ་མཐུད་དབང་སྒྱུར་བྱ་རྒྱུ་ཡིན་པ་དང༌། དབང་སྒྱུར་གྱི་ཁྱབ་ཤུགས་དེར་འགྱུར་བ་ཅུང་ཟད་ཀྱང་གཏོང་འདོད་མེད་པ་ལ་ཐུག་ཡོད།

༧། བཀའ་བློན་ཁྲི་བ་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་ལ་ཉམས་མྱོང་ཡོད་མཁན་ཞིག་དགོས་པ་དེ་བདེན་པ་རེད། ཡིན་ནའང་དེ་ལ་ང་ཚོ་དངངས་སྐྲག་སྐྱེས་དགོས་དོན་གང་ཡང་མེད། བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་ནང་ཕྱག་ལས་རྒྱུན་རིང་གནང་མཁན་གྱི་མི་སྣ་ཉམས་མྱོང་ཅན་ཧ་ཅང་མང་བོ་ཡོད། ལྷན་ཁང་ཁག་གི་དྲུང་ཆེ་ལས་ཟུར་སུས་ཀྱང་ལས་དོན་དེ་ལྕོགས་ཐག་ཆོད་ཡིན།

གསུམ། བཀའ་བློན་ཁྲི་བ་དང་མི་དམངས།

དམངས་གཙོའི་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་སྲིད་བློན་འདེམས་རྒྱུ་དེ་གཞི་རྩའི་ཡུལ་མིའི་ཐོབ་ཐང་དང་འབྲེལ་བ་ཡོད་པ་ཞིག་ཡིན་ལ། ཐོབ་ཐང་ཙམ་མ་ཡིན་པར་ཁེ་ཕན་དང་འབྲེལ་བ་ཡོད་པ་ཞིག་ཀྱང་ཡིན། འདིའི་ཁེ་ཕན་ཞེས་པའི་ནང་དུ་མི་སྣ་ག་གེ་མོ་སྲིད་འཛིན་ལ་བསྐོས་པ་ཡིན་ན། ངའི་འཕྲོད་བསྟེན་ལ་ཕན་ཐོགས་ག་རེ་འདུག ངའི་ཡོང་འབབ་ཀྱི་དཔྱ་ཁྲལ་ཐོག་ཁེ་ཕན་ག་རེ་འདུག ངའི་ཕྲུ་གུའི་སློབ་སྦྱོང་གི་ཐོག་ཁེ་ཕན་ག་རེ་འདུག ངའི་རྒས་ཡོལ་དང་རྒས་ཕོགས་ཐོག་ཁེ་ཕན་ག་རེ་འདུག ངའི་ཚོང་ལས་ཐོག་འབྲེལ་བ་ག་རེ་འདུག་པ་སོགས་འོས་ཤོག་འཕེན་མཁན་རང་ཉིད་ཀྱི་ཁེ་ཕན་དང་ཐད་ཀར་འབྲེལ་བ་ཡོད་སྟབས། འཆར་གཞི་འདྲ་མིན་ཁྱེར་ཡོང་མཁན་སྲིད་དོན་པ་དག་ལས། རང་རང་གི་ཁེ་ཕན་དང་འབྲེལ་བ་ཆེ་ཤོས་དེར་འོས་ཤོག་འཕངས་ཏེ་སྲིད་འཛིན་དང་སྲིད་བློན་གྱི་གོ་གནས་སུ་སླེབས་ཐབས་བྱེད་ཀྱིན་ཡོད།

འོ་ན་ང་ཚོའི་བཀའ་བློན་ཁྲི་བའི་འོས་གཞི་དེས་སྲིད་ཇུས་དམིགས་བསལ་བཟོ་འཆར་ཁྱེར་ནས་མི་དམངས་ལ་ཁྱབ་བསྒྲགས་བྱས། མི་དམངས་ཀྱིས་འོས་གཞི་ག་གེ་མོའི་འཆར་གཞི་དེར་འདོད་མོས་བྱས་ཏེ་ཡོང་གིན་མེད་པར། མི་དམངས་ཀྱིས་བཀའ་ཁྲིའི་འོས་གཞི་ཞིག་བཙལ་ཏེ་དེ་ལ་བཀའ་ཁྲིར་བཞུགས་དགོས་པའི་འབོད་བསྐུལ་ཞུས། དེས་ཀྱང་ཁས་ལེན་ཐུབ་མི་ཐུབ་ལྟ་བུའི་འཛེམས་དོགས་དང་བཟང་རྫུའི་རྣམ་པའི་ཐོག་ནས་སླེབས་ཀྱིན་ཡོད་པ་ཡིན་ལ། དེ་འདྲའི་བཀའ་བློན་ཁྲི་བ་གང་ཞིག་བདམས་ཀྱང༌། གང་ཟག་དེ་ཉིད་བདམས་པ་ལ་བརྟེན་ནས་འདེམས་མཁན་རང་ཉིད་ལ་དམིགས་བསལ་གྱི་ཁེ་ཕན་གང་ཡང་མེད། དེའི་རྒྱུ་མཚན་ནི་བཙན་བྱོལ་བོད་གཞུང་ལ་དམངས་གཙོའི་རྒྱལ་ཁབ་ཅིག་ལ་ཚང་དགོས་པའི་ཆ་རྐྱེན་གལ་ཆེན་མང་བོ་མི་ཚང་བར། སྤྱི་ཚོགས་ཞབས་ཞུ་གཙོ་བོར་གྱུར་པའི་ཚོགས་སྡེ་ཆེན་པོ་ཞིག་གི་ངོ་བོར་གནས་ཡོད་སྟབས། ཁྱེད་ཀྱིས་བཀའ་བློན་ཁྲི་བ་སུ་བདམས་ཀྱང༌། གཞུང་གི་སྒྲིག་འཛུགས་ཀྱི་ངོས་ནས་ཁྱེད་ལ་འཐོབ་པ་དེ་ཐོབ་གིན་ཡོད་ལ། མི་ཐོབ་པ་བཀའ་ཁྲི་གང་བསྐོས་ལ་རག་ལས་མེད། དེར་བརྟེན་ཕྱོགས་གཅིག་ནས་བལྟས་ན་བཀའ་བློན་ཁྲི་བ་དང་མི་དམངས་བར་གྱི་འབྲེལ་བ་དེ་ཡ་རབས་བཟང་སྤྱོད་ཀྱི་འབྲེལ་ལམ་ཙམ་གྱི་ངོ་བོར་གནས་ཡོད།

དེང་དུས་སྐྱབས་བཅོལ་བོད་གཞུང་གི་ལོ་རེའི་སྔོན་རྩིས་ཨ་སྒོར་ས་ཡ་ཉི་ཤུ་ཡས་མས་འགྲོ་བཞིན་ཡོད་པ་ལས། ཉུང་མཐར་ཡང་བརྒྱ་ཆའི་ ༢༠ ལྷག་༧གོང་ས་སྐྱབས་མགོན་ཆེན་པོས་གནང་གིན་ཡོད་ལ། དེའི་ནང་གི་ཧིན་སྒོར་འབུམ་བདུན་བརྒྱ་ལྷག་བོད་མིའི་དང་བླང་དཔྱ་ཁྲལ་ལས་ཡོང་གིན་ཡོད། དེ་ལྷག་རྣམས་ཡོང་ཁུངས་སྣ་ཚོགས་ཡིན་ལ། བཀའ་བློན་ཁྲི་བས་དམིགས་བསལ་གྱི་འཆར་འགོད་བཟོས་ཏེ་ཐབས་འཚོལ་བྱས་པ་ཉུང་ཉུང་ཡིན་པ་སྟེ། མདོར་བསྡུས་ནས་བཤད་ན་བཙན་བྱོལ་བོད་གཞུང་གི་ལོ་རེའི་ཕྱག་ལས་ཁག་བཀའ་བློན་ཁྲི་བ་སུ་ཡིན་ལ་རག་དེ་ཙམ་ལས་མེད།

བཞི། བཀའ་ཁྲི་དང་བཀའ་བློན་དག་གི་ཐོབ་ཐང༌།

རང་དབང་དམངས་གཙོའི་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་སྲིད་བློན་གྱི་འོས་བསྡུ་སླེབས་སྐབས་འོས་གཞི་མང་སྐྱོན་ལས་ཉུང་སྐྱོན་འབྱུང་གིན་མེད་ཀྱང༌། ང་ཚོའི་འོས་བསྡུའི་སྐབས་འོས་གཞི་མི་རྙེད་པའི་དཀའ་ངལ་འཕྲད་དོན་གང་ཡིན་ནམ། ཕྲན་གྱིས་བལྟས་ན་ཐོབ་ཐང་གི་གནད་འགག་ལ་རག་ལས་ཡོད་པར་སྙམ། རྒྱ་གར་གྱི་སྲིད་བློན་ཟུར་བ་གཅིག་ལ་ལོ་རེ་བཞིན་ཧིན་སྒོར་འབུམ་སུམ་བརྒྱ་ ༣༠༠༠༠༠༠ ལྷག་བེད་སྤྱོད་གཏོང་བའི་ཐོབ་ཐང་ཡོད་ཅིང༌། ཨ་རིའི་སྲིད་འཛིན་ཟུར་བ་རེ་སློབ་གྲྭ་དང་ཚོགས་སྡེ་ཁག་ཏུ་གཏམ་བཤད་ལ་གདན་འདྲེན་ཞུས་ནས་ཨ་སྒོར་ས་ཡ་གཉིས་༢༠༠༠༠༠༠༠རག་གིན་ཡོད་ལ། དེའི་སྟེང་དུ་གཞུང་གི་འཆར་ཅན་གྱི་ཐོབ་ཐང་ཁག་རག་གིན་ཡོད་པས། སྲིད་འཛིན་ཟུར་བ་གང་ཡིན་ཀྱང་ཨ་སྒོར་ས་ཡ་དུ་མའི་བདག་པོ་མི་ཆགས་མཁན་མེད་པ་ལྟ་བུ་ཡིན། དེར་བརྟེན་སྲིད་འཛིན་དང་སྲིད་བློན་ལ་སྡོད་ཐུབ་པ་ཡིན་ན་དབང་ཆ་དགོས་པ་ལ་དབང་ཆ་དང༌། རྒྱུ་ནོར་ལོངས་སྤྱོད་དགོས་པ་ལ་རྒྱུ་ནོར་ལོངས་སྤྱོད། མཚན་སྙན་གྲགས་དགོས་པ་ལ་མཚན་སྙན་གྲགས། ཆེ་མཐོང་དགོས་པ་ལ་ཆེ་མཐོང་འཐོབ་པ་སྟེ། འཇིག་རྟེན་འདིའི་སྟེང་གི་མི་ཞིག་ལ་དགོས་པའི་རྩེ་མོ་དག་འཐོབ་ཐུབ་པ་ཡིན་པས་སྲིད་འཛིན་དང་སྲིད་བློན་ལ་སྡོད་མཁན་འཚངས་ཀ་ཤིག་ཤིག་གིས་ཡོང་གིན་ཡོད།

དཔེ་མཚོན་རེ་ཟུང་བཀོད་པ་དེ་དག་གི་ཐོག་ནས་བསམ་ཚེ། ང་ཚོའི་སྤྱི་ཚོགས་ནང་བཀའ་ཁྲི་མི་རྙེད་པ་དེ་རྒྱུ་མཚན་ལྡན་པ་ཞིག་ཡིན་ཏེ། ད་ལྟའི་བཙན་བྱོལ་བོད་གཞུང་གི་གཞུང་ཞབས་ལས་བྱེད་ཁག་རྒན་ཡོལ་ཆགས་སྐབས་ཧིན་སྒོར་ ༣༠༠༠ ཡས་མས་ཐོབ་ཀྱིན་ཡོད་ཀྱང༌། བཀའ་བློན་དང་སྤྱི་འཐུས་རྣམས་ལས་གནས་ནས་ཁྱུར་ན་རྒས་ཕོགས་དང་སྨན་ཡོན་སྨན་དོད་སོགས་ཐོབ་ཐང་ཧིན་སྒོར་གཅིག་ཀྱང་མེད། བླ་མ་དང་གྲྭ་བཙུན་དེ་འདྲ་ཡིན་ན་དགོན་པར་འགྲོ་ས་ཡོད་པས་སྟབས་མ་བདེ་བ་མེད་ཀྱང༌། མི་སྐྱ་ཞིག་ལ་མཚོན་ན་མི་ཚེ་གང་བོར་སྤྱི་དོན་ཆེད་རྒྱུག་རྒྱུག་ནས་ལུས་པོ་རྒས་གཅོང་དུ་གྱུར་སྐབས་ཡོང་འབབ་སྒོར་གཅིག་ཀྱང་མེད་པར་ཚེ་མཇུག་སྐྱེལ་རྒྱུ་དེ་ལས་སླ་བོ་ཞིག་ག་ལ་ཡིན།

ང་ཚོས་དཔེ་མཚོན་ཞིག་གི་ཐོག་ནས་བལྟས་ཚེ། དཔེར་ན་ཨ་རི་དང་ཡུ་རོབ་ནང་ཟླ་རེར་ཨ་སྒོར་ལྔ་སྟོང་གི་གླ་ཆ་ཡོད་མཁན་ཞིག་བཀའ་བློན་ལ་བསྐོས་པ་ཡིན་ན། ཉིན་དེ་ནས་ཁོང་གི་ཟླ་རེའི་གླ་ཆ་ཨ་སྒོར་ ༢༠༠ ཙམ་དུ་གྱུར་པ་ཡིན་ལ། ལོ་ངོ་ལྔ་བོ་དེའི་རིང་གསོག་དངུལ་དང་རྒས་ཡོལ་གྱི་ཐོབ་ཐང་ལ་གྱོང་ཆེན་པོ་རག་གིན་ཡོད་ཅིང༌། ཟླ་ངོ་རེ་རེ་བཞིན་མི་སྤྲོད་ཐབས་མེད་ཀྱི་འགྲོ་སོང་ཁག་ཀྱང་སྤྲོད་མི་ཐུབ་པ་ཆགས་ངེས་ཡིན་ལ། བཀའ་བློན་ཁྱུར་ནས་འགྲོ་སྐབས་ལྟ་ས་བརྟེན་ས་མེད་པ་ཞིག་ཆགས་རྒྱུ་ཡིན་པ་གསལ་བོ་རེད། ད་དུང་ཐེངས་གཉིས་སྟུད་མར་བཀའ་བློན་ལ་བསྡད་པ་ཡིན་ན་ཕམ་གྱོང་དེ་བས་ཀྱང་ཆེན་པོ་ཕོག་རྒྱུ་ཡིན། དེ་བཞིན་རྒྱ་གར་གྱི་ལས་ཁུངས་ཚད་ལྡན་དུ་ལས་ཀ་བྱེད་མཁན་ཞིག་བཀའ་བློན་ལ་བསྐོས་པ་ཡིན་ན་དེ་མཚུངས་ཡིན།

བོད་མི་ཕལ་མོ་ཆེའི་བསམ་ངོར་དོན་དག་འདི་འདྲ་ནི་བསམ་རིན་དང་བཤད་རིན་མེད་པ་ཞིག་ཏུ་མཐོང་རྒྱུ་ཡིན་པ་ཕྲན་གྱིས་ཤེས་ཀྱིན་ཡོད་མོད། ཁ་སྒོར་སྒོར་འདིའི་ནང་དུ་ཅིག་ཟ་དགོས་པ་དང༌། རྒྱབ་ནར་ནར་འདིའི་སྟེང་ལ་ཅིག་གཡོག་དགོས་པ། ས་རུབ་ནས་ཡོང་སྐབས་ནང་ལ་འཛུལ་ས་ཞིག་དགོས་པ། ན་བ་དང་ཚ་བ་བྱུང་ན་སྨན་ཁང་ལ་འགྲོ་དངུལ་སོགས་ཆེས་གཞི་རྩའི་མིའི་འཚོ་གནས་ཀྱི་ཆ་རྐྱེན་འདི་དག་བཀའ་ཟུར་ཐེ་བའི་མི་སུ་ཞིག་གིས་ནམ་ཡང་གཡོལ་ཐུབ་པ་མིན། ཕྱོགས་གཅིག་ནས་བལྟས་ན་ང་ཚོའི་སྤྱི་ཚོགས་ནང་བཀའ་བློན་ཁྲི་བའི་འོས་གཞི་མི་རག་པ་དེ་གཞི་རྩའི་ཐོབ་ཐང་དང་ཆ་རྐྱེན་དང་ཡང་འབྲེལ་བ་ངེས་ཅན་ཞིག་ཡོད་པ་ཡིན་ནམ་སྙམ།

ལྔ༌། བཀའ་ཁྲི་དང་བོད་མིའི་བསམ་ཁྱེར།
ང་ཚོས་བཀའ་ཁྲི་བཙལ་ནས་མ་རྙེད་པ་དེ་ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ཟམ་གདོང་བླ་མ་གཅིག་པུ་ལས་གཞན་བཀའ་ཁྲིར་འོས་པ་ཞིག་མེད་སོང་བ་ཡིན་ནམ། དེ་འདྲ་གཏན་ནས་ཡིན་མི་སྲིད། ང་ཚོའི་སྤྱི་ཚོགས་ནང་བཀའ་ཁྲིར་འོས་པ་མང་བོ་ཡོད། མི་དམངས་ཀྱིས་ཐད་ཀར་འོས་འདེམས་བྱས་མིན་ལ་མ་ལྟོས་པར་བཀའ་བློན་དང་བཀའ་ཁྲི་མང་བོ་བདམས་མྱོང་ཡོད་ལ། འདས་པའི་མི་ལོ་ ༥༠ ནང་ང་ཚོས་བདམས་པའི་བཀའ་བློན་དང་བཀའ་ཁྲི་དེ་དག་གིས་སྐབས་བསྟུན་ཕྱག་ལས་གཟེངས་སུ་ཐོན་པ་མང་བོ་གནང་ཡོད། ད་ལྟའི་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་ལྟོས་འཇོག་གིས་འཐུས་སྒོ་ཚང་བ་འདི་དག་ཀྱང་ཁོང་ཚོས་གསར་སྐྲུན་གནང་བ་ཡིན།

ད་ལྟའི་ང་ཚོའི་མི་རབས་འདིས་ཆབ་སྲིད་དང༌། ཆོས་ལུགས། དཔལ་འབྱོར། འཕྲོད་བསྟེན། ཤེས་ཡོན། སྤྱི་ཚོགས་བདེ་དོན། གཞིས་ཆགས་ཁག་གི་སྒྲིག་འཛུགས། ཕྱི་རྒྱལ་གྱི་དོན་གཅོད་ལས་ཁུངས་ཁག འཛམ་གླིང་གང་སར་ཁྱབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་སྐྱབས་བཅོལ་བོད་མིའི་སྒྲིག་འཛུགས་འཐུས་སྒོ་ཚང་བ་འདི་འདྲ་ཞིག་གཞི་ནས་མགོ་རྩོམ་དགོས་པ་ཡིན་ན། འགྲུབ་དང་མི་འགྲུབ་གཉིས་ལ་བསམ་གཞིགས་ངེས་པར་བྱེད་དགོས་པ་ཡིན་ལ། ང་ཚོས་གསར་དུ་གདམ་རྒྱུའི་བཀའ་ཁྲི་དེ་ལ་ལས་གཞི་ཆེན་པོ་འདི་འདྲ་མགོ་འཛུགས་བྱེད་དུ་བཅུག་པ་ཡིན་ན་དེ་ཡང་ཐེ་ཚོམ་གྱི་ངང་ལ་འཇོག་རྒྱུ་ལས་གཞན་མེད། ལྷག་པར་ད་ལྟའི་བོད་རྒྱ་ཞི་མོལ་དུ་འབོད་པའི་ལས་གཞི་་འདི་ཡང་ལོ་རབས་བདུན་ཅུ་བའི་མཇུག་ཏུ་བྱུང་བའི་བཀའ་བློན་བཀའ་ཁྲི་དེ་དག་གི་སྐབས་གསར་དུ་བྱུང་བ་ཞིག་ཡིན་ལ། ཁོང་ཚོས་དེ་མིན་གྱི་ལས་དོན་གལ་ཆེན་ག་ན་ཧ་ཅང་མང་བོའང་གནང་ཡོད་པའི་བདེན་དོན་དེ་ང་ཚོས་ངེས་པར་ཁས་ལེན་བྱེད་དགོས་པ་ཡིན།

རྒྱུ་མཚན་དེ་དག་གི་ཐོག་ནས་བལྟས་ན། ང་ཚོའི་སྤྱི་ཚོགས་ནང་བཀའ་ཁྲིའི་འོས་གཞི་མེད་པའི་དཀའ་ངལ་འཕྲད་མི་སྲིད་ལ། བཀའ་ཁྲི་གང་ཞིག་བདམས་ཀྱང་དེས་འཆར་ཅན་གྱི་ལས་འགན་བསྒྲུབ་མི་ཐུབ་པའི་དཀའ་ངལ་ཡང་འཕྲད་མི་སྲིད་པ་ཡིན། ད་ལྟ་འགྲོ་བཞིན་པའི་བཀའ་ཁྲི་འདི་བ་མི་དམངས་ཀྱིས་ཐད་ཀར་བདམས་པའི་བཀའ་ཁྲི་ཐོག་མ་དེ་ཡིན་ཞིང༌། ཤེས་འཇོན་དང་ལྷག་བསམ་སོགས་བོད་མིར་དགོས་པའི་ཆ་རྐྱེན་གོང་ན་མེད་པར་ངོས་འཛིན་བྱས་པའི་བཀའ་ཁྲི་ཉག་ཅིག་དེ་ཡིན་པ་ཡོངས་གྲགས་ཡིན་ཡང༌། འདས་པའི་ལོ་ངོ་དྲུག་བདུན་ནང་བཀའ་ཤག་གིས་ཕྱག་ལས་སྔར་དང་མི་འདྲ་བ་གཉིས་ཏེ། གཅིག་ནི། སྐྱབས་བཅོལ་བོད་གཞུང་གི་ཁྱབ་ཁོངས་འོག་ཡོད་པའི་ཚོང་ཁང་དང་མགྲོན་ཁང་སོགས་དཔལ་འབྱོར་འདུ་འགོད་བྱེད་སའི་ལྟེ་གནས་ཡོངས་རྫོགས་ཚོང་སྒྱུར་བྱས་པ་དང༌། གཉིས་ནི། ཤེས་ཡོན་སྲིད་ཇུས་གསར་བ་ལག་བསྟར་བྱེད་སའི་དཔེ་སྟོན་སློབ་གྲྭ་ཆུང་ཆུང་ཞིག་བཙུགས་པ་དེ་གཉིས་ཡིན། ལས་དོན་དེ་གཉིས་ཀྱི་ལེགས་ཉེས་ཐད་གླེང་སློང་མང་བོ་བྱུང་ཞིང༌། ཕྱོགས་གཉིས་ཆ་ལ་ཡིན་ལུགས་རྒྱུ་མཚན་གང་འཚམ་རེ་བགྲང་རྒྱུ་ཡོད་པ་གདོན་མི་ཟ་བ་ཡིན་ཡང༌། འགྱུར་བ་དེ་གཉིས་ཀྱི་གྲུབ་འབྲས་ཅི་འབྱུང་ལ་གཞི་ནས་བལྟ་རྒྱུར་བསྡད་ཡོད། དེ་མིན་གྱི་ཆབ་སྲིད་དང༌། ཆོས་ལུགས། གཞིས་ཆགས་ཁག་ལྟ་སྐྱོང༌། སློབ་གྲྭ་ཁག་གི་ཤེས་ཡོན་འཛིན་སྐྱོང་ལ་ལྟ་རྟོག གཞུང་གི་ལས་ཁུངས་ཁག་གི་འཛིན་སྐྱོང་སོགས་ལོ་ངོ་ལྔ་བཅུའི་རིང་གི་ཆོ་ག་ཕྱག་ལེན་རྒྱུན་འབྱམས་པ་དེ་དག་ནི་སྔར་མུས་བཞིན་གནས་ཡོད།

བཀའ་ཁྲི་གཙོས་བཀའ་ཤག་གི་ལས་འགན་གཙོ་བོ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་གསལ་བའི་བོད་དོན་བདེན་མཐའ་གསལ་ཐབས་བྱེད་རྒྱུ་དེ་ཡིན་མོད། ད་ལྟ་ང་ཚོས་འཚོལ་བཞིན་པའི་བཀའ་ཁྲི་དེས་བོད་རྒྱའི་བར་གྱི་དཀའ་རྙོག་རྔམ་པོ་ཆེ་འདི་སེལ་ཐུབ་མིན་ལ་སུས་ཀྱང་ལུང་བསྟན་རྒྱག་ཐུབ་པ་མིན་ལ། ང་ཚོས་རེ་བ་མཐོ་ཤོས་བཅོལ་སའི་བཀའ་ཁྲི་དེ་ཉིད་ཀྱིས་ཀྱང་རང་ཉིད་ལ་དེ་འདྲའི་ནུས་པ་དང་གདེང་ཚོད་ཡོད་མེད་དོགས་པ་བྱེད་ཆོག་པ་ཞིག་རེད། དེས་ན་ང་ཚོའི་བཀའ་ཁྲི་དང་འབྲེལ་བའི་ལས་འགན་དེ་བརྒྱ་བཤད་ཚིག་གི་རྩ་བ་ལོ་ངོ་ལྔ་བཅུའི་རིང་གི་བཀའ་ཤག་གི་ལས་མཇུག་མུ་མཐུད་ནས་བསྐྱང་རྒྱུ་དེ་ཡིན་ལ། དེ་འདྲ་བསྐྱང་ཐུབ་མཁན་གྱི་བཀའ་ཁྲིི་ཞིག་ངེས་པར་རྙེད་རྒྱུ་ཡིན་པ་ལ་སུས་ཀྱང་ལུང་བསྟན་རྒྱག་ཐུབ་པ་ཡིན།

འོ་ན་ད་ལྟའི་དུས་འདིར་མི་མང་བོ་ཞིག་གིས་བཀའ་ཁྲི་ཚད་ལྡན་མི་རྙེད་པའི་སེམས་འཚབ་ལྟ་བུ་བྱེད་ཀྱིན་ཡོད་པ་དེ་གང་ལ་ཐུག་པ་ཡིན་ནམ་ཞེ་ན། དེ་ནི་འུ་ཅག་གི་སྤྱི་ཚོགས་ནང་ང་ཚོར་དགོས་པའི་བཀའ་ཁྲིའི་འོས་གཞི་ཚད་ལྡན་ཞིག་རྩ་ནས་མེད་སོང་བ་མ་ཡིན་པར། བོད་མིའི་རྣམ་རྟོག་གིས་བཞེངས་སྐྲུན་བྱས་པའི་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་གྱི་བཀའ་ཁྲིའི་འོས་གཞི་དེ་དངོས་ཡོད་སྤྱི་ཚོགས་སུ་མ་རྙེད་པ་ཙམ་རེད། ལྷག་པར་དུ་ང་ཚོས་ངེས་པར་བསམ་དགོས་པ་ཞིག་ནི། ཁ་ཤས་ཀྱིས་བཀའ་ཁྲིར་བུད་མེད་བདམས་མི་རིགས་པར་བཤད་པ་དང༌། ལ་ལས་བཀའ་ཁྲིར་ངེས་པར་སེར་མོ་བ་གདམ་དགོས་པ་སོགས་ཀྱི་དགོངས་འཆར་དེ་རིགས་ནི། མིའི་སྤྱི་ཚོགས་ཁོ་ན་ལ་ཞབས་འདེགས་སྒྲུབ་མཁན་གྱི་བཀའ་ཁྲི་ཞིག་འཚོལ་གྱིན་མེད་པར། ལྷ་མི་གཉིས་ཀྱི་ལས་དོན་བསྒྲུབ་ཐུབ་པའི་མི་ཞིག་འཚོལ་བཞིན་ཡོད་པ་གསལ་བོ་རེད། ནམ་རྒྱུན་ང་ཚོའི་མི་སྐོར་ཞིག་ལྷའི་ངོ་ཚབ་ཏུ་ལངས་ཀྱིན་ཡོད་ལ། ཁོང་ཚོ་སྤོབས་པ་མཐོན་པོའི་ངང་རྫོགས་པའི་སངས་རྒྱས་དང་བོད་མི་དཀྱུས་མའི་དབར་གྱི་ཕོ་ཉ་བ་ལྟ་བུ་བྱེད་ཀྱིན་ཡོད། སྟབས་མ་ལེགས་པ་ཞིག་ལ་ལྷའི་ངོ་ཚབ་པ་ཁོང་ཚོའི་གནས་བབ་ཀྱང་ལྷའི་མཛད་པ་དང་མི་མཚུངས་ཤིང༌། སྐབས་རེར་མི་སེར་དཀྱུས་མ་ཞིག་གི་བྱ་སྤྱོད་ལས་ཀྱང་སྐྱོ་བ་གནང་གིན་ཡོད་སྟབས། མི་དམངས་རྣམས་ལྷའི་ངོ་ཚབ་བྱེད་མཁན་དེ་རིགས་ཀྱི་བཙན་བཀའ་ལ་ཉན་རྒྱུར་སུན་སྣང་སྐྱེ་བཞིན་ཡོད་ལ། ང་ཚོ་མིའི་འཇིག་རྟེན་ན་རང་མགོ་མ་ཐོན་ནས་དཀའ་ངལ་འཕྲད་བཞིན་པ་ཞིག་གིས་ལྷ་མི་གཉིས་ཀྱི་ངོ་ཚབ་བྱེད་རྒྱུའི་འོས་བབ་ག་ལ་ཡོད་བསམ་སྟེ་སྐྱོ་བའང་སྐྱེ་བཞིན་ཡོད།

སྐྱོན་གནས་འདི་རིགས་ནི་ཆོས་སྲིད་ཟུང་འབྲེལ་ལམ་ཆོས་སྲིད་མཉམ་བསྲེས་བྱས་པ་ལས་བྱུང་བའི་ཉེས་སྐྱོན་ཨང་དང་བོ་དེ་ཡིན་ལ། ང་ཚོ་ཇི་སྲིད་ནུབ་ཕྱོགས་པ་དག་གིས་ཆོས་སྡེ་དང་སྲིད་སྡེ་གཉིས་ལོགས་སུ་བཀར་བའི་ལམ་བུའི་སྟེང་སྐྱོད་མ་ཐུབ་བར། ལྷ་མི་གཉིས་ཀྱི་དོན་དག་སྒྲུབ་མཁན་བཀའ་ཁྲི་འཚོལ་བའི་དཀའ་ངལ་ལས་བརྒལ་ཐུབ་པ་མིན། ད་དུང་ལྷའི་ངོ་ཚབ་པ་དག་གི་འདོད་དོན་མ་འགྲུབ་སྐབས་བླ་ཆེན་དང་ཆོས་རྒྱུད་ཀྱི་དར་ཆ་འཕྱར་ནས་སྤྱི་ཚོགས་ཐོག་གི་མི་བུ་དཔུང་མེད་དག་ལ་སྡིགས་ར་དང་འཇིགས་བསྐུལ་བྱེད་པ་ཡིན་ལ། ཐ་ན་དེ་བས་ཀྱང་ཉེན་ཚབས་ཆེ་བའི་ཆོས་མིན་གྱི་བྱ་སྤྱོད་སྣ་ཚོགས་སྤེལ་ངེས་ཡིན།

དེས་ན་ང་ཚོས་ཆོས་ལུགས་མེད་པའི་རྐྱེན་གྱིས་བྱུང་བའི་ཉེས་སྐྱོན་ཁག་ཉེས་སྐྱོན་ཡིན་པ་ཁས་ལེན་བྱེད་དགོས་ཤིང༌། དེའི་ལྡོག་ཕྱོག་ཀྱི་ཆོས་ལུགས་ཡོད་པ་ལ་བརྟེན་ནས་བྱུང་བའི་ཉེས་སྐྱོན་ཁག་ཀྱང་ཉེས་སྐྱོན་ཡིན་པར་ཁས་ལེན་བྱེད་དགོས་པ་ཡིན།

དྲུག བཀའ་ཁྲི་དང་ཁྲིམས་བཟོ་ལྷན་ཚོགས།
ང་ཚོས་འབྱུང་འགྱུར་གྱི་བཀའ་ཁྲི་རྐྱང་བཤད་ནས་སྡོད་པ་ལས། བཀའ་ཁྲི་ལ་སྟངས་འཛིན་བྱེད་མཁན་ཁྲིམས་བཟོ་ལྷན་ཚོགས་སྐོར་གླེང་སློང་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེན་ཡིན། དམངས་གཙོའི་སྒྲིག་འཛུགས་ནང་ཀ་བ་གསུམ་གྱི་དབང་ཚད་ཆ་བགོས་ Check & Balance བྱེད་པ་དེ་ཤིན་ཏུ་གལ་ཆེན་ཡིན་ལ། སྤྱི་ལོ་ ༢༠༠༡ ལོ་ནས་བཀའ་ཁྲི་མི་དམངས་ཀྱིས་ཐད་ཀར་བདམས་པ་ནས། བཀའ་ཁྲིར་སུ་ཞིག་བསྐོ་རྒྱུ་ཁྲིམས་བཟོ་ལྷན་ཚོགས་ཀྱི་སྟངས་འཛིན་འོག་ནས་ཤོར་ཡང༌། གལ་སྲིད་བཀའ་ཁྲི་ལས་གནས་ནས་འཕོ་འགྱུར་གཏོང་དགོས་པ་བྱུང་ན་དེའི་དབང་ཚད་ཁྲིམས་བཟོ་ལྷན་ཚོགས་ལ་ཡོད་ཁར། བཀའ་ཁྲིའི་ལས་རོགས་བཀའ་བློན་གཞན་དག་གི་འོས་གཞི་རྣམས་ཁྲིམས་བཟོ་ལྷན་ཚོགས་བརྒྱུད་དགོས་ཤིང༌། གྲོས་ཚོགས་ཀྱི་མང་མོས་ཕལ་བ་ཙམ་ཡང་མ་ཐོབ་ན་བཀའ་བློན་གཞན་པ་སུ་ཞིག་བསྐོ་རྒྱུ་བཀའ་ཁྲིའི་སྟངས་འཛིན་འོག་མེད།

ལྷག་པར་དུ་ང་ཚོས་སེམས་ཁྲལ་བྱེད་བཞིན་པའི་བཀའ་ཁྲིའི་ལས་འགན་ཆེ་ཤོས་བོད་རྒྱ་ཞིམོལ་གནང་ཕྱོགས་དང༌། ལོ་རེའི་དངུལ་རྩིས་བཀའ་ཁྲོལ་དང་སྟངས་འཛིན། དེ་མིན་ལས་ཀ་གལ་ཆེན་རྣམས་ཁྲིམས་བཟོ་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་ཁྲིམས་ལུགས་ཀྱི་ར་བ་ལས་འདའ་ཐབས་མེད་ལ། ད་ལྟའི་བཀའ་ཁྲི་སྐུ་སྒེར་གྱི་མཁྱེན་ཡོན་དང་དབང་ཐང་གི་སྟོབས་ཀྱིས་སྐབས་རེར་གྲོས་ཚོགས་ཀྱིས་སྟངས་འཛིན་བྱེད་མ་ཐུབ་པའི་གནས་ཚུལ་འབྱུང་གིན་ཡོད་སྟབས་ཁོང་འདིའི་ནང་དུ་ཚུད་མེད། བཀའ་ཁྲི་ལ་དམིགས་བསལ་གྱི་ཁྱད་དབང་གང་ཡང་མེད་པར་དེ་ཤེས་དགོས།

གལ་སྲིད་བཀའ་ཁྲིས་འཐོལ་བརྒལ་གྱི་ལས་འཆར་དོན་སྙིང་ལྡན་པ་ཞིག་བཟོ་ཐུབ་པའི་དབང་དུ་བཏང་ཡང༌། དེ་ལ་ཁྲིམས་བཟོ་ལྷན་ཚོགས་ཀྱིས་དགག་བྱ་བྱས་པ་ཡིན་ན་བཀའ་ཁྲི་ལ་དེ་ཉིད་རྩིས་མེད་བྱེད་པའི་ཁྲིམས་ལུགས་ཀྱི་ཆ་རྐྱེན་དམིགས་བསལ་བ་ Veto power གང་ཡང་མེད། དེས་ན་ང་ཚོས་བཀའ་ཁྲི་འགྲན་ཟླ་མེད་པ་ཞིག་འཚོལ་རྒྱུ་དེ་གལ་ཆེན་ཡིན་ཡང༌། དེ་ལས་ཀྱང་གལ་ཆེ་བ་ནི་ཁྲིམས་བཟོ་ལྷན་ཚོགས་ཀྱི་འཐུས་མི་ཚད་ལྡན་གདམ་རྒྱུ་དེ་ཡིན། གལ་སྲིད་བཀའ་ཁྲི་རླབས་ཆེན་ཞིག་རྙེད་པའི་དབང་དུ་བཏང་ཡང༌། གྲོས་ཚོགས་ཀྱི་འཐུས་མི་རླབས་ཆེན་གདམ་མ་ཐུབ་ཚེ། བཀའ་ཁྲིའི་ལས་འཆར་ཕལ་ཆེར་བསམ་ཚུལ་གྱི་ངོ་བོར་ལྷག་རྒྱུ་ནི་གཡོལ་དུ་མེད་པ་ཞིག་ཡིན།

འདི་ཚོ་ནི་ལོ་ངོ་ལྔ་བཅུའི་ང་ཚོས་གཏན་ལ་ཕབ་པའི་ཁྲིམས་ལུགས་རེད། ཁྲིམས་ལུགས་དང་འཆར་སྣང་གཉིས་གཏན་ནས་མི་འདྲ། ང་ཚོའི་སེམས་པ་རྒྱ་ཡན་ལ་བཏང་བའི་རྟོགས་འཆར་གྱ་ནོམ་པ་དེ་དག་སྒྱུ་རྩལ་གྱི་རིན་ཐང་གི་ཆ་ནས་བལྟས་ན་མཛེས་སྡུག་ལྡན་པ་ཞིག་ཡིན་ཡང༌། དེ་དག་དངོས་ཡོད་ཁྲིམས་ལུགས་ཀྱི་རེའུ་མིག་གང་ཞིག་ཏུ་དབབ་ཐུབ་མིན་དེ་དོན་དག་གཞན་ཞིག་ཡིན།

དེས་ན་འུ་ཅག་གི་བཀའ་ཁྲི་འཚོལ་མཁན་རྣམས་ཀྱིས་ཐོག་མར་ངེས་དགོས་པ་ནི། བཀའ་ཁྲི་ལ་སྟངས་འཛིན་བྱེད་མཁན་སྤྱི་འཐུས་ཚད་ལྡན་ཇི་ལྟར་གདམ་དགོས་པ་དང༌། བཀའ་ཁྲིའི་འོས་གཞི་དེ་མ་དག་པའི་འཇིག་རྟེན་ན་ལྟོ་གོས་གཏམ་གསུམ་གྱི་ལས་ལ་ངལ་བའི་བོད་འབངས་དཀྱུས་མའི་དཀའ་སྡུག་སེལ་ཐུབ་མཁན་གྱི་མི་བུ་ཞིག་འཚོལ་རྒྱུ་དེ་གལ་ཆེན་ཡིན།

བོད་མི་རྣམས་ལ་གསལ་འདེབས་ཞུ་རྒྱུ་ཞིག་ནི། བཀའ་བློན་ཁྲི་བ་དང་སྤྱི་འཐུས་ཀྱི་འོས་གཞི་རྣམས་རང་དོན་རྦད་དེ་བསྐྱུར་ནས། སྤྱི་དོན་ཁོ་ན་ལ་ཕྱོགས་ཐུབ་པ་ཞིག་དགོས་སྐོར་གྱི་བསམ་ཚུལ་བརྒྱུད་ལམ་ཁག་ཏུ་ཡང་ཡང་ཡོང་གིན་འདུག ལྷན་རྒྱས་ཀྱིས་དགོངས་པ་བསྐྱར་བཞེས་ཤིག་གནོང་དང༌། འཇིག་རྟེན་འདིའི་སྟེང་དུ་རང་དོན་རྦད་དེ་བཞག་ནས། སྤྱི་དོན་ཁོ་ན་སྒྲུབ་མཁན་གྱི་གང་ཟག་ཅི་ཙམ་ཡོད་དམ། སྐྱབས་བཅོལ་གཞུང་གི་སྤྱི་འཐུས་གཅིག་ལ་ཟླ་རེར་མཚན་དོད་ཧིན་སྒོར་༨༠༠ ཡོད་ཅིང༌། གལ་སྲིད་སྤྱི་འཐུས་ཤིག་ལ་སྤྱི་དོན་ཁོ་ན་སྒྲུབ་པའི་ཆོད་སེམས་ཡོད་པའི་དབང་དུ་བཏང་ཡང༌། ཧིན་སྒོར་བརྒྱད་བརྒྱ་དེས་ཟླ་བ་གཅིག་གི་ཁང་གླ་ཙམ་ཡང་མི་འདང་ན་ཁོ་རང་གི་མི་ཚེ་ཇི་ལྟར་སྐྱེལ་དགོས་པ་ཡིན་ནམ། ཁོང་ཚོའི་ཕྲུ་གུ་ལ་ཤེས་ཡོན་ཇི་ལྟར་སྤྲོད་རྒྱུ་ཡིན་ནམ། སྤྱི་འཐུས་དེ་ཉིད་ཀྱིས་ཕྱུགས་པོ་ཆགས་རྒྱུར་བསམ་བློ་རྩ་ནས་གཏོང་གིན་མེད་དབང་དུ་བཏང་ཡང༌། བཟའ་བཏུང་དང༌། གྱོན་ཆས། སྡོད་ཤག འགྲིམས་འགྲུལ་གྱི་འགྲོ་གྲོན་ཙག་ཙིག སྨན་བཅོས་ཀྱི་གྲོན་དངུལ་བཅས་མི་གཅིག་གི་ཉིན་རེའི་འཚོ་བའི་ནང་མེད་ཐབས་མེད་པའི་གཞི་རྩའི་ཆ་རྐྱེན་དེ་རིགས་དང་ཁ་འབྲལ་ཐབས་ག་ལ་ཡོད། དངོས་ཡོད་ཀྱི་དོན་དག་དེ་རིགས་ལ་བསམ་གཞིགས་ཙམ་ཡང་མ་གནང་བར་རང་སྣང་གང་དྲན་གྱི་ལྟ་ཚུལ་སྟོང་བ་ཅི་ཙམ་བཤད་ཀྱང་དོན་དག་དངོས་པ་ཕན་ཐོགས་གང་ཡང་མེད།

མདོར་ན་བཀའ་ཁྲིའི་འོས་གཞི་ལ་རྟོགས་པ་མཐོན་པོ་དགོས་དོན་མེད་ལ། གཞུང་པོད་ཏི་ལྔ་མཁྱེན་དགོས་དོན་ཡང་མེད། གསང་སྔགས་རྒྱུད་སྡེ་བཞིའི་གདམས་པ་ཟབ་མོ་མེད་ཀྱང་རུང༌། སྒྲ་སྙན་སྨན་རྩིས་སོགས་ལ་མ་མཁས་ཀྱང་རུང་སྟེ། ང་ཚོས་བདམས་པའི་བཀའ་ཁྲི་དེས་བོད་ཕྱི་ནང་གཉིས་ཀྱི་མི་དམངས་ས་ཡ་དུ་མས་རེ་སྒུག་བྱེད་བཞིན་པའི་ཁ་ཚ་དགོས་གཏུགས་ཀྱི་དཀའ་ངལ་སེལ་རྒྱུར་ཁ་ཕྱོགས་ཐུབ་ན་དེ་ནི་ང་ཚོར་དགོས་པའི་བཀའ་ཁྲི་ངོ་མ་དེ་ཡིན།

འབྲེལ་ཡོད་གསར་འགྱུར།

དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

ཆུ་ཚོད་ ༥ སྔོན་ལ།
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩

མཆན། 29

  1. lobsang says:
    ལོ་ 15 སྔོན།

    ཧོར་འཇིགས་རང་ཉིད་མི་གཞི་ག་འདྲ་ཞིག་ཡིན་མིན་དེང་སང་སྤྱི་ཚོགས་ནང་གླེང་བཞིན་པ་དེ་རེད། ད་དུང་ཁོ་རང་གིས་བཀའ་བློན་ཁྲི་བའི་འོས་གཞིའི་སྐོར་ལ་སྐད་ཆ་བཤད་ཁུལ་བྱེད་པ་ནི་ངོ་ཚ་བའི་གནས་ཤིག་རེད། བཀའ་བློན་ཁྲི་བ་ཟེར་བ་དེ་ཁྱེད་རང་ལྟ་བའི་ཕྱོགས་ཞེན་ཅན་ཞིག་དགོས་པ་ཨེ་རེད། ཁྱེད་རང་གིས་ད་བར་སྤྱི་ཚོགས་ནང་ཕྱོགས་ཞེན་གྱི་ལས་ཀ་རྐྱང་རྐྱང་ལས་ཞབས་འདེགས་ཀྱི་ལས་ཀ་ག་རེ་བསྒྲུབས་ཡོད། ཁྱི་སྐྱགས།

    Reply
  2. བློ་ལྡན། says:
    ལོ་ 16 སྔོན།

    ཧོར་གཙང་འཇིགས་མེད་ཀྱི་རོ་ཨ་རི་གཡུགས་རྗེས་སྒོར་མོ་མགཏོགས་བཤད་རྒྱུ་མེད་པ་དེ་ཧ་སངས་དགོས་རེད། ལྷག་པར་བཀའབློན་ཚོའི་ཟླ་ཕོགས་དང་ཨ་རིའི་བྲན་གཡོག་ཚོའི་ཟླ་ཕོགས་པར་ཚད་འཇལ་བྱས་ཏེ་བཀའ་ཁྲི་གླེང་ཁུལ་བྱེད་པ་ནི་ཁོང་གི་རང་གཟུགས་ཤིག་ཕྱི་ལ་སྟོན་པ་ཡིན། རྒྱལ་ཁབ་དང་མི་རིགས་ཀྱི་ཁེ་ཕན་ལ་བསམ་བློ་གཏོང་མཁན་གྱི་མི་ཞིག་ཡིན་ཚེ། ཨ་རི་ན་སྒྲོ་ལོ་ཆར་འབེབ་ཀྱི་ཡོད་ཀྱང་རང་གི་རྒྱལ་ཁབ་སྐྱོབ་བསམ་པ་ལས།་དེའི་ཟླ་རེའི་གླ་ཕོགས་ཐད་བསམ་བློ་གཏོང་རྒྱུ་མ་རེད།་ཧོར་འཇིགས་ཁྱེད་ལྟ་བུ་ཡིན་རྒྱལ་བ་རིན་པོཆེ་དང་བོད་རྒྱལ་ཁབ་རྒྱབ་ཏུ་བསྐུར་ཏེ་མགོ་བདེ་སྤྱང་པོས་རོ་ཨ་རི་ལ་ཐོན་ནས་བོད་ལ་སྐད་ཆ་མ་བཤད།་ང་ཚོ་དངོས་གནས་སྐྱུགས་བྲོ་གི།

    Reply
  3. ལྕགས་སྤྲེལ། says:
    ལོ་ 16 སྔོན།

    ད་ལྟའི་ཆར་མི་མང་པོ་ཞིག་གིས་བཀའ་བློན་ཁྲི་པའི་འོས་གཞིའི་སྐོར་བགྲོ་གླེང་དང་། བཀའ་བློན་ཁྲི་པ་ཞེས་པའི་དྲ་རྒྱའི་ནང་དུའང་བཀའ་ཁྲིའི་འོས་གཞི་རུ་མི་བཞི་སླེབས་འདུག དེའི་ནང་དུ་ཁྲིམས་ལུགས་མཁས་དབང་བློ་བཟང་སེང་གེ་དང༌། སྦར་སིལ་སྐུ་ཚབ་བཀའ་ཟུར་བཀྲ་ཤིས་དབང་འདུས། བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། སྐུ་སྒེར་དྲུང་ཟུར་བློ་བཟང་སྦྱིན་པ་བཅས་རེད་འདུག

    སྤྱིར་གོང་དུ་འོས་གཞིར་བཀོད་པ་དེ་དག་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ནང་ནས་མི་ཡག་ཤོས་རྐྱང་པ་ཡིན་པ་དང༌། སུས་བཀའ་ཁྲི་གནང་ཡང་མ་འགྲིག་པ་མེད་པ་ཞིག་ཏུ་མཐོང་གི་ཡོད། འོན་ཀྱང་ངས་ངོས་ནས་སྐབས་བཅུ་བཞི་པའི་བཀའ་བློན་ཁྲི་པ་དང༌། མི་མང་གིས་ཐད་ཀར་འོས་འདེམས་བྱ་རྒྱུའི་བཀའ་ཁྲི་སྐབས་གསུམ་པར་འོས་ཤོས་དེ་ཁྲིམས་ལུགས་མཁས་དབང་བློ་བཟང་སེང་གེ་ལགས་མཐོང་གི་ཡོད། རྒྱུ་མཚན་དང་གནས་ལུགས་རིམ་བཞིན་གཤམ་དུ་ངོ་སྤྲོད་བྱེད་རྒྱུ་ཡིན།

    བློ་བཟང་སེང་གེ་ནི་རྒྱལ་སྤྱིའི་འགྲོ་ལུགས་སྤྱི་དང་ལྷག་པར་ཁྲིམས་ལུགས་ལ་མཁས་པ་དང༌། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་འཚར་ལོང་བྱུང་ཞིང་དབུས་དང་ས་གནས་ཀྱི་གཞོན་ནུའི་རྒྱུན་ལས་སོགས་ལས་དོན་མང་པོའི་འགན་ཁུར་གནང་མྱོང་བ། བཙན་བྱོལ་སྤྱི་ཚོགས་ཀྱི་ནང་ཁུལ་དགོས་མེད་སྲིད་དོན་འཁྲབ་སྟོན་རིགས་ལ་ཐེ་བྱུས་མི་བྱེད་པར་རང་བཞིན་གྱིས་དྲང་ཚུགས་ཆེ་བ། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་སྐྱེས་ཤིང་འཚར་ལོངས་བྱུང་བའི་གཞོན་སྐྱེས་ཤེས་ཡོན་ཅན་ཞིག་ཡིན་པ་དང༌། ཁོང་ནི་ཨ་རིའི་ཧར་ཝར་ཌི་གཙུག་ལག་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་རིག་པའི་འབུམ་རམས་པ་ཆེན་མོ་ཞིག་ཡིན་པ་དང༌། ལོ་སྔོན་མའི་ནང་ཨ་རིའི་རྒྱལ་ཡོངས་འོས་བསྡུའི་ནང་མང་མོས་འདེམས་ཐོན་བྱུང་བའི་སྲིད་འཛིན་བྷ་རག་ཨོ་བྷ་མ་དང་མཐོ་སློབ་གཅིག་དང༌། སློབ་ཚན་གཅིག སློབ་ཐོན་ཕྱག་འཁྱེར་གཅིག་མཚུངས་བསྣམས་པའི་བོད་མི་གཅིག་པུ་དེ་ཡིན་ལ། གཏམ་བཤད་ཀྱི་ཐོག་ནས་ཡིད་སེམས་འགུག་ཐུབ་པ་སོགས་ཁོང་གཉིས་ལ་གཅིག་མཚུངས་སུ་ཡོད་ཅིང༌། གཞན་ལ་མེད་པའི་འབུར་ཐོན་གྱི་ཁྱད་ཆོས་མང་པོ་ཡོད། སྟོབས་ཆེན་ཨ་རིའི་རྒྱལ་ཁབ་ཀྱི་སྲིད་འཛིན་ཨོ་བྷ་མས་བྱེད་ཐུབ་ས་ནས། བཙན་བྱོལ་བོད་མིའི་བཀའ་བློན་ཁྲི་པ་བློ་བཟང་སེང་གེས་བྱེད་མི་ཐུབ་པའི་རྒྱུ་མཚན་སྣ་གཅིག་བགྲང་རྒྱུ་མེད།

    དམིགས་བསལ་ཞིག་ལ་ཁོང་གཞུང་ཞབས་པའི་ནང་དུ་ཕྱག་ལས་གནང་མྱོང་མེད་པ་འདིའང་ངའི་ལྟ་སྟངས་ལྟར་བྱས་ན་ལས་དོན་ཆེན་པོ་བསྒྲུབ་པའི་སྐབས་ཧ་ཅང་གལ་ཆེ་བར་སྣང༌། གཞུང་ཞབས་ལས་བྱེད་པ་ཞིག་ཡིན་ན། སྒྲོམ་གཞི་ཞིག་གི་འོག་ནས་འགྲོ་དགོས་པ་དང༌། ལས་དོན་གསར་པ་ཞིག་བསྒྲུབ་པའི་སྐབས་རེ་བ་ཆེན་པོ་ཞིག་དང་དོགས་པ་ཞིག་མཉམ་གཅིག་ཏུ་མེད་པ་མི་སྲིད་པས། གཞུང་ཞབས་རྒྱུན་རིང་གནང་མྱོང་མཁན་ཞིག་ལ་མཚོན་ན་གྲུབ་འབྲས་ལ་རྩོད་ལེན་བྱེད་རྒྱུ་ལས། ཉེན་ཁ་ཆུང་ཙག་རིགས་འཕྲད་པར་ཞེད་སྣང་སྐྱེས་ནས་བཞུགས་རྒྱུའི་གོམས་གཤིས་ཆེན་པོ་ཡོད་པས། བོད་གཞུང་གི་འཛིན་སྐྱོང་དང་གནས་སྟངས་ལ་རྒྱུས་མངའ་ཡོད་ཀྱང་འགུལ་བསྐྱོད་ཆེན་པོ་རྒྱག་རྒྱུའི་སྤོབས་པ་མེད་པས་གྲུབ་འབྲས་ཆེན་པོ་ཐོན་རྒྱུ་ཧ་ཅང་དཀའ་བར་མཐོང༌།

    བཀའ་ཁྲིའི་འོས་གཞིའི་ནང་དུ་བཀོད་པའི་བཀའ་ཟུར་གཉིས་ལ་མཚོན་ནའང་བཀའ་ཁྲི་ཟུར་པ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་བཀའ་བློན་དང་བཀའ་བློན་ཁྲི་པ་ཡང་གནང་མྱོང་བ་དང༌། དེའི་སྐབས་ལས་ལྷག་པར་ད་ལྟའི་ཆར་དམིགས་བསལ་གྲུབ་འབྲས་ཆེན་པོ་ཞིག་ཐོན་ཐུབ་མིན་བཤད་དཀའ་བ་ཞིག་ཡིན་པ་དང༌། སྔོན་མ་བཀའ་བློན་གནང་བཞིན་པའི་སྐབས་ཀྱང་གློ་བུར་དུ་དགོངས་པ་ཞུས་པ་སོགས་བསྐྱར་དུ་བཀའ་ཁྲིར་འདེམས་ནས་ཕན་ནུས་ཆེན་པོ་ཡོད་པ་ཞིག་ཏུ་མཐོང་དཀའ།

    བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་ལ་མཚོན་ནའང་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ནས་བཀའ་བློན་རྒྱུན་རིང་ཤོས་གནང་མཁན་དེ་ཡིན་པ་དང༌། བཀའ་བློན་གནང་བའི་རིང་ནོར་འཁྲུལ་ཤོར་བའི་ལོ་རྒྱུས་གཏན་ནས་མེད་ཀྱང༌། དམིགས་བསལ་གྱི་གྲུབ་འབྲས་ཐོན་པའི་ལོ་རྒྱུས་ཀྱང་མེད། གོང་དུ་བཀའ་ཟུར་གཉིས་ཀྱི་སྐོར་ལ་ངས་འགྲེལ་བཤད་བརྒྱབ་པ་ཁོང་གཉིས་ལ་གུས་བཀུར་མེད་པ་གཏན་ནས་མིན་ཡང༌། སྔོན་མ་མང་པོ་གནང་མྱོང་བ་ལས་ལྷག་ཅིག་ད་ལྟ་གནང་རྒྱུ་མེད་པ་དངོས་ཡོད་གནས་ཚུལ་ཡིན་པས་འོས་བབས་མེད་ཚུལ་བརྗོད་པ་ཡིན།

    དེ་ལས་བློ་བཟང་སེང་གེ་བདམ་ན་བཙན་བྱོལ་དུ་སྐྱེས་པའི་ནང་ནས་བཀའ་ཁྲི་དང་པོ་དེ་ཆགས་པ་དང༌། མི་རབས་གསར་པའི་འཇོན་ཐང་དང་ནུས་པའང་མཐོང་ཐུབ། མི་རབས་གསར་པར་གོ་སྐབས་སྤྲད་ནས་མ་འོངས་པར་རང་གི་རྐང་པའི་སྒང་དུ་རང་ཉིད་ལངས་ཐུབ་ པ་ཞིག་སྐྱེད་སྲིང་ཡོང་ཐབས་བྱེད་དགོས། ༧གོང་ས་མཆོག་ཞལ་བཞུགས་པའི་སྐབས་འདིར་བཀའ་ཁྲི་མི་རབས་གསར་པ་ཞིག་སླེབས་ཐུབ་ན་ལམ་སྟོན་གནང་མཁན་ཡོད་པས་དཀའ་ངལ་ཆེན་པོ་འཕྲད་མི་སྲིད་ལ། ད་ལྟའི་ཆར་བློ་བཟང་སེང་གེ་ལྟ་བུའི་མི་རབས་གསར་པ་ཤེས་ཡོན་ཅན་འདེམས་མ་ཐུབ་ན་རྗེས་མ་ལམ་སྟོན་དང༌། རོགས་མགོན་མཛད་མཁན་མེད་པའི་ཚེ་མི་རབས་གསར་པས་སྣེ་ཁྲིད་བྱེད་རྒྱུར་དཀའ་ངལ་ངེས་པར་དུ་འཕྲད་ངེས་ཡིན། ང་ཚོས་མི་རྒན་རྙིང་པ་རྐྱང་རྐྱང་ལས་བཀའ་ཁྲིའི་འོས་གཞིར་གཞན་བསམ་བློ་འཁོར་ས་མེད་ན་མ་འོངས་པར་བཀའ་ཟུར་རྣམ་པ་མ་བཞུགས་པའི་སྐབས་བཀའ་ཁྲི་འོས་འདེམས་མཚམས་འཇོག་བྱེད་དགོས་བྱུང་བ་ལྟ་བུ་མིན་ནམ།

    ཁག་ཅིག་གིས་བློ་བཟང་སེང་གེ་ལ་མཚོན་ན་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་ལ་ཉམས་མྱོང་མེད་པས་བཀའ་ཁྲི་ཡོང་ཐབས་མེད་ཚུལ་བརྗོད་བཞིན་ཡོད་ཀྱང༌། ལས་ཁུངས་ཆེ་ཁག་བདུན་གྱི་བཀའ་བློན་རྣམས་ལས་ཁུངས་སོ་སོའི་འཛིན་སྐྱོང་དང་ལས་དོན་ལ་རྒྱུས་མངའ་ཡོད་པ་འབའ་ཞིག་བསྐོས་ན་བཀའ་ཁྲི་ལ་དེ་ཙམ་གྱི་དཀའ་ངལ་གང་ཡང་འཕྲད་མི་སྲིད། ཆེ་ས་ནས་ཆབ་སྲིད་དང༌། ཕྱིའི་རྒྱལ་ཁབ་ཁག་ལ་འབྲེལ་ལམ་སོགས་ལ་ལྟ་རྟོག་བྱེད་ཐུབ་ན་ཉིན་རེའི་འཛིན་སྐྱོང་གི་སྐོར་ལ་འབུམ་རམས་པས་ཀླད་པས་མི་འདེང་བའི་དཀའ་གནད་ཆེན་པོ་ཞིག་གང་ཡང་མེད། ད་དུང་ཉམས་མྱོང་མེད་ཚུལ་རྐྱང་པ་བཤད་ནས་མི་རབས་གསར་པར་གོ་སྐབས་མ་སྤྲད་ན་ག་དུས་ཉམས་མྱོང་ཅན་གྱི་མི་རབས་གསར་པ་ཞིག་སླེབས་ཐུབ། མདོར་བསྡུས་ན་བཤད་ན་ད་ལྟའི་ཆར་མ་འོངས་པའི་བཀའ་ཁྲི་འོས་ཤོས་དེ་ཁྲིམས་ལུགས་མཁས་དབང་བློ་བཟང་སེང་གེ་རང་ལས་འོས་བབས་ཡོད་པ་སུ་གཅིག་མི་འདུག་པས་དེ་ལུགས་རྒྱབ་སྐྱོར་གནང་རོགས།

    བསམ་ཚུལ་མི་མཐུན་པ་དག་གིས་ཀྱང་འདིའི་སྐོར་ལ་བསམ་ཚུལ་བྲིས་ན་མུ་མཐུད་བགྲོ་གླེང་སྦྱང་བཤད་བྱེད་རྒྱུའི་གྲ་སྒྲིག་ཡོད།

    Reply
  4. རི་བོང། says:
    ལོ་ 16 སྔོན།

    ཧོར་འཇིགས་ལགས་ཀྱིས་ཡག་པོ་བྲིས་འདུག

    Reply
  5. གཡུ་སེང་ཨ says:
    ལོ་ 16 སྔོན།

    ཧོར་ལེགས་ཁྱེད་ཀྱི་བཀའ་ཁྲིའི་སྐོར་ཞེ་དྲ་ཡག་པོ་བཤད་འདུག་ཐུགས་རྗེ་ཆེ།འོས་ཆོསཀྱི་མི་ཞིག་ངོསབཟུང་ན་ཅི་མ་རུང་།རེ་བ་་་་་་་་་་།

    Reply
  6. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    སྐད་ཆ་བཤད་ནི་གི་ལྗིད་ཁོག་འདྲ་ས་མེད་གི དམག་དཔོན་གྱིས་ཁྱེད་ལ་དུས་ནམ་ཡང་གྲོགས་པའི་འདུ་ཤེས་དང་རྒྱབ་སྐྱོར་ཡོད་

    Reply
  7. གནམ་ལྕགས། says:
    ལོ་ 16 སྔོན།

    དེ་རིང་བར་དུ་བཀའ་ཁྲིའི་སྐོར་ལ་སེམས་ཁྲལ་བྱེད་ཁུལ་བྱེད་མཁན་མང་མེད་ན་ཉུང་མེད། ཡིན་ནའང་གོང་གི་ཧོར་འཇིགས་ཀྱི་འདི་ལས་ལྷག་ཅིག་བཤད་ཐུབ་མ་སོང༌། འདིའི་སྐབས་སུ་གླེང་གཞི་གཡུགས་ནས་ཧོར་འཇིགས་ཀྱི་མི་གཞིའི་སྟེང་ལ་ཁ་འཁོར་མཁན་རེ་གཉིས་ཡོད་པ་ནི། དོན་དུ་ཆོལ་ཁ་དང་ཆོས་བརྒྱུད་དཀྲུགས་མཁན་རེད། འདིའི་མིང་ལ་ཆོས་འདོན་སར་སྟ་རེ་འཁྱེར་ཟེར་བ་དེ་རེད། དྲངས་མོར་བཤད་ན། ང་ཚོས་ཁོང་ལྟ་བུའི་ཕུན་སུམ་ཚོགས་པའི་ཉམས་མྱོང་ཅན་དག་ལ་བལྟ་དགོས་པ་རེད། དེས་མི་ཚད་དེ་ལས་ཐོབ་པའི་བསླབ་བྱ་དག་ཉར་དགོས་པ་རེད། དེ་མ་ཡིན་པར་ཁ་ཐུག་གིས་དགྲར་ལངས་རྩིས་བྱེད་པ་ནི་རང་གིས་རང་ཉིད་སྲང་ལ་གཞལ་བ་ལས་མ་འདས། ལྷག་པར་བཀའ་བློན་ལས་ཁྲིམས་བཟོའི་སྐོར་གླེང་བ་ཤིན་ཏུ་ལེགས། འདི་འདྲའི་རང་འགན་ཅན་གྱི་བགྲོ་གླེང་ནི་ཤིན་ཏུ་ནས་གལ་ཆེ་བར་མཐོང༌། འདི་ནི་རང་གི་སེམས་ཀྱི་ཚོར་བ་ཙམ་ཡིན།

    Reply
  8. ཟླ་བ་གཞོན་ནུ། says:
    ལོ་ 16 སྔོན།

    ཧོར་གཙང་འཇིགས་མེད་ལགས།
    ཐུགས་རྗེ་ཆེ།

    Reply
  9. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    བཀུར་འོས་དགེ་རྒན་ཧོར་གཙང་འཇིགས་མེད་ཀྱིས་བྲིས་པ་ཤིན་ཏུ་ལེགས་སོ།

    Reply
  10. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    བཀུར་འོས་དགེ་རྒན་ཧོར་གཙང་འཇིགས་མེད་ཀྱིས་བྲིས་པ་ཤིན་ཏུ་ལེགས་སོ།

    Reply
  11. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ལྷག་བསམ་རྣམ་དག སྤྱི་སེམས། ཞེས་པ་འདི་དག་ཚད་གཞལ་རྒྱུ་ཁག་པོ་རེད། མིའི་སེམས་ལ་ལྟ་དགོས་པ་རེད། སེམས་རིག་རྒྱུ་ཁག་པོ་རེད། དེར་བརྟེན་ནུབ་ཕྱོགས་ནས་འདིའི་རིགས་ལ་འགྲོ་སྟངས་གཞན་ཞིག་བཟོས་ཡོད་རེད་སྙམ། དཔེར་ན། ཀུན་སྤྱོད་ཀྱི་ཚད་འཛིན་ཞིག་ཡོད་པ་རེད།
    ཕྱི་ལུགས་ལ་ Accountability དང་ Responsiblility གཉིས་ཀྱང་ཁ་ཁ་རེད། ལྷག་པར་དུ་ཁས་བླངས་ནས་སྲིད་སྟེགས་སྒང་ཕྱིན་པ་ཡིན་ན་ཚིག་སྔ་མ་དེ་གལ་ཆེ་གི་རེད།

    Reply
  12. རིག་པའི་རལ་གྲི། says:
    ལོ་ 16 སྔོན།

    རྒྱུ་མཚན་དེ་འདྲའི་དབང་གིས་ཡར་རྒྱས་ལྡན་པའི་དམངས་གཙོའི་སྤྱི་ཚོགས་ཀྱིས་ལྷག་བསམ་རྣམ་དག་དང༌། སེམས་ཤུགས། བྱང་སེམས་ཀྱི་སྤྱོད་པ་རླབས་པོ་ཆེ་སོགས་ཀྱི་སྐད་ཆ་འདི་དག་བཤད་མཚམས་བཞག་ནས། སྲིད་འཛིན་དང་སྲིད་བློན། ཁྲིམས་དཔོན་བཅས་ཐེ་བའི་མི་ཚང་མ་ཁྲིམས་ལུགས་ཀྱི་བགྲོད་ལམ་ཐོག་ཤར་སྐྱོད་བྱེད་ཐུབ་པའི་ལམ་ཁ་བཟོས་ཤིང༌། ལམ་ཁ་དེའི་སྟེང་དུ་འགྲོ་སྐབས་ལྷག་བསམ་ཡོད་མེད་གཉིས་ཆ་དང༌། བྱང་ཆུབ་ཀྱི་སེམས་ཡོད་མེད་གཉིས་ཆ་འགྲོ་སྟངས་གཅིག་མཚུངས་ཡིན་ལ། སེམས་ཤུགས་ཡོད་མེད་གཉིས་ཆའི་གོམ་འགྲོས་ཀྱང་གཅིག་མཚུངས་ཡིན་ཟེར། ཟེར་རོ།

    ༡ བྱང་སེམས་ཀྱི་སྤྱོད་པ་རླབས་པོ་ཆེ་སོགས་ཀྱི་སྐད་ཆ་འདི་དག་བཤད་མཚམས་བཞག་དགོས་ན། བདེན་པའི་འཐབ་རྩོད་དེ་འཚེ་མེད་ཞི་བའི་ལམ་ནས་ལེན་ཐབས་བྱེད་པ་དེ་ཡང་མཚམས་འཇོག་དགོས་སར་སླེབས་ཡོད་དམ།

    ༢ ཁྲིམས་དཔོན་སོགས་ཀྱིས་བཟོས་པའི་ལམ་ཁ་དེའི་སྟེང་དུ་འགྲོ་སྐབས་ལྷག་བསམ་ཡོད་མེད་གཉིས་ཆ་དང་། བྱང་ཆུབ་ཀྱི་སེམས་ཡོད་མེད་གཉིས་ཆར་གཅིག་མཚུངས་ཡིན་ན། ལྗོ་ལྗི་སྦུ་ཤུ་དང་། བྷེན་ཁེ་ལཎ་ཌ་གཉིས་ཀྱི་སྲིད་འཛིན་བཟུང་རིང་བྱ་བཞག་གཅིག་མཚུངས་བྱུང་ངམ། དེ་གཉིས་གོམ་འགྲོས་གཅིག་མཚུངས་བྱུང་ངམ།

    ༣ བོད་སྤྱི་ལ་ལྷག་བསམ་དང་། ཕན་སེམས། ཡོད་ན་རང་རེའི་རྙོགས་གྲ་ཆེ་ཤོས་ཀྱི་གཞི་ཆོས་ལུགས་ཀྱི་སྐོར་དང་ལུང་མཚན་གྱི་སྐོར་ལ་དོན་དང་མཐུན་པའི་དཔྱད་རྩོམ་མཛད་ཡོད་ན་ཀུན་ལ་ཕན། ཡིན་ནའང་ཉིད་ཀྱིས་མདོ་སྨད་ཆོས་འབྱུང་དེའི་ནང་དུ་གནས་ལུགས་དང་མ་མཐུན་པའི་ཕྱོགས་ཞེན་འཁྱོགས་བརྗོད་དེ་མང་དྲག་ཟེར་ནས་གླེང་མོལ་བྱས་པ་ཐོས་པས་དེ་བདེན་པ་རེད་དམ།

    Reply
  13. རྭ་ལོ། says:
    ལོ་ 16 སྔོན།

    ངས་བལྟས་ན། དེང་སྐབས་ཀྱི་སྲིད་དོན་པ་རྣམས་ནི་ཧོར་འཇིགས་ཀྱིས་གསུངས་པའི་རྒྱུན་ཤེས་འདི་དག་གི་ཕན་ན་ཡོད་པ་འདྲ་ཞིག་འདུག ཡིད་མི་ཆེས་ན་སྔོན་ཆད་ཀྱི་རྩོམ་ཡིག་ཆ་ཚང་ཞིག་བཀླག་རོགས།

    Reply
  14. རྭ་ལོ། says:
    ལོ་ 16 སྔོན།

    ང་ཧོར་གཙང་ལ་དགའ་ས་གཅིག་ཡོད། དེ་ནི་ཁོ་རང་གིས་སོ་སོའི་གདེང་ཚོད་ཅིག་འཁྱེར་གི་རེད། གདེང་ཚོད་དེ་ལ་དཔག་པའི་སྐད་ཆའང་བཤད་གི་རེད། མ་གཞི་ནས་ཤེས་རྒྱ་ཡང་གཞན་དྲིངས་མི་འཇོག་པ་ཞིག་ཡོད་པ་རེད། འདི་ཡིན་ཡ། དེ་རིང་གི་རྩོམ་ཡིག་ནང་ནས་ཁོས་ནམ་ཡང་སེལ་མི་ཐུབ་པའི་དཀའ་ཁག་འགའ་གླེང་བ་དང་། དེ་ནས་ང་ཚོས་ངེས་པར་དུ་འབད་བརྩོན་བྱས་ན་འགྲུབ་ཐུབ་པའི་རིགས་ཤིག་བཏང་སྙོམས་ལ་བཞག་པ་འདྲ་ཞིག་མཐོང་སོང་།

    གྲོས་ཚོགས་ཀྱི་འཐུས་མི་ཚོའི་སྤུས་ཚད་མཐོར་འདེགས་གཏོང་རྒྱུའི་བསམ་ཚུལ་དེ་ནི་ངས་ངོས་ལེན་གཙང་མ་བྱེད་ཐུབ་པའི་དོན་གནད་དེ་རེད།

    Reply
  15. འཕྲིན་ལས says:
    ལོ་ 16 སྔོན།

    ཧོར་འཇིགས་ལགས་ཀྱིས་དེ་རིང་ཚང་མར་མིག་རྒྱ་ཞིག་བསྐྱེད་སོང་། ཚང་མས་བཀའ་དྲིན་ཞུས་ན་འགྲིག་གི།
    བོད་ཀྱི་དུས་བབ་རྩོམ་སྒྲིག་པས་འདི་ངེས་པར་ཚགས་པར་སྟེང་དུ་བཀོད་ནས་དྲ་ཐོག་ཏུ་མེད་མཁན་དེ་ཚོའི་སྤྱན་ལམ་དུ་འབུལ་དགོས་ཀྱི་འདུག

    Reply
  16. ཁ་བའི་འདབ་མ says:
    ལོ་ 16 སྔོན།

    རྩོམ་པ་པོ་དང་སྤྱི་ཟུར་ཧོར་གཙང་འཇིགས་མེད་ལགས་ཀྱིས་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་དཔྱད་རྩོམ་ཚ་བོ་ཞིག་སྤེལ་འདུག འདི་ལ་བརྟེན་ནས་ད་ནས་བཟུང་བཀའ་ཁྲིའི་འོས་གཞི་དང་འབྲེལ་བའི་ཕྱོགས་ཞེན་ཅན་གྱི་རྩོམ་རྙོག་དེ་དག་འགག་བའི་རེ་བ་ཡོད།
    ཆབ་སྲིད་དང་སྤྱི་ཚོགས་ཚན་རིག་གི་ཤེས་ཡོན་ཏིལ་འབྲུ་ཙམ་ཡང་མེད་མཁན་ཚོས་བསྟུད་མར་རྒྱལ་ཁབ་ཅིག་གི་སྲིད་འཛིན་འདེམས་ཕྱོགས་ཀྱི་སྐོར་ཡིག་རྙོག་གང་ས་གང་དུ་སྤེལ་བ་དེ་དག་མཚམས་ཆད་པའི་དུས་རེད།
    བཀའ་དྲིན་ཆེ་ཧོར་འཇིགས་ལགས། མཁྱེན་རྒྱ་ཡངས་པའི་སྟེང་ལྷག་བསམ་གྱིས་དཔྱད་བརྗོད་ཚད་གཞི་ལྡན་པ་འདི་འདྲ་བོད་ཡིག་ཏུ་མཇལ་རྒྱུ་དཀོན་པོ་འདུག

    Reply
  17. ཁ་བའི་འདབ་མ says:
    ལོ་ 16 སྔོན།

    རྩོམ་པ་པོ་དང་སྤྱི་ཟུར་ཧོར་གཙང་འཇིགས་མེད་ལགས་ཀྱིས་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་དཔྱད་རྩོམ་ཚ་བོ་ཞིག་སྤེལ་འདུག འདི་ལ་བརྟེན་ནས་ད་ནས་བཟུང་བཀའ་ཁྲིའི་འོས་གཞི་དང་འབྲེལ་བའི

    Reply
  18. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    ང་ནི་ཧོར་འཇིགས་ཁོང་གིས་བསམ་ཚུལ་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད། འོན་ཀྱང་ངའི་ཁོང་དུས་ནམ་ཡང་བཀའ་ཁྲིའི་འོས་གཞིར་རྒྱབ་སྐྱོར་མེད་པ་མ་ཟད་སྤྱི་འཐུས་ཐབས་ཆག་ཤིག་ལ་ཡང་རྒྱབ་སྐྱོར་དང་རེ་བ་མེད།

    Reply
  19. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    མི་འདི་དྲང་བདེན་གྱིས་བསླུ་བའི་སློང་མོ་བ་རྩོམ་པ་པོ་འཁྲུལ་མེད་རེད། ཨ་མདོ་བ་ཡང་བོད་པ་རེད། ཁམས་པ་ཚོ་ཡང་བོད་པ་རེད། དབུས་གཙང་རྣམས་ཀྱང་བོད་པ་རེད། མི་སོ་སོས་མི་རེ་རེའི་མིང་རེ་རེ་དྲ་ཐོག་ཏུ་འཁྱེར་ཡོང་ནས་མ་འོངས་བཀའ་ཁྲིའི་འོས་གཞིར་སྐོར་གླེང་སློང་བྱ་རྒྱ་གལ་ཆེ་བ་རེད། ཧོར་གཙང་འཇིགས་མེད་ལགས་ཀྱིས་མང་གཙོ་མཚན་ཉིད་ཚང་བའི་ལྟ་གྲུབ་དང་མཐུན་པའི་བསམ་ཚུལ་རྣོ་ངར་ཅན་དང་ང་ཚོར་དགོས་ངེས་ཅན་གྱི་བསླབ་བྱ་མང་པོ་ཞིག་བྲིས་འདུག ཚང་མས་དེར་ཞིབ་འཇུག་གྱིས་བསམ་བློ་ཐོངས།

    Reply
  20. གསང་གཏོར། says:
    ལོ་ 16 སྔོན།

    ྷཧོར་འཇིགས་ཀྱིས་ཟམ་གདོང་རིན་པོ་ཆེ་ལ་བསྟོད་བསྔགས་དང་གདེང་འཇོག་བྱས་པ་དེ་སེམས་ནང་གི་སྐད་ཆ་ཞིག་ཡིན་མིན་མི་ཤེས། གལ་སྲིད་དོན་དངོས་ཡིན་ན་བཙན་བྱོལ་ནང་ལ་ཨ་མདོ་བ་ནང་ནས་རིན་པོ་ཆེ་ལ་བསྟོད་བསྔགས་དང་གདེང་འཇོག་བྱེད་མཁན་གཅིག་པུར་དེ་ཡིན་པ་སྣང༌།

    Reply
  21. tashi dawa says:
    ལོ་ 16 སྔོན།

    དགྲ་འདུལ་ལགས་ཀྱིས་ཕྲན་ལ་སློབ་སྟོན་གནང་བར་ཐུགས་རྗེ་ཆེ། འོན་ཀྱང་སྐུ་ཉིད་ཀྱིས་སྐབས་དོན་ཚིག་གཅིག་ཀྱང་མི་གསུང་པར་ཐད་ཀར་ཧོར་འཇིགས་ཀྱི་རྗེས་སུ་ཕྱོགས་ཏེ་བདག་ལ་བཀའ་སྐྱོན་གནང་བ་ལ་དཔག་ན་ཁྱོད་གཉིས་གྲོགས་པོ་མ་ཡིན་ནམ།

    Reply
  22. tashi dawa says:
    ལོ་ 16 སྔོན།

    དགྲ་འདུལ་ལགས་ཀྱིས་ཕྲན་ལ་སློབ་སྟོན་གནང་བར་ཐུགས་རྗེ་ཆེ། འོན་ཀྱང་སྐུ་ཉིད་ཀྱིས་སྐབས་དོན་ཚིག་གཅིག་ཀྱང་མི་གསུང་པར་ཐད་ཀར་ཧོར་འཇིགས་ཀྱི་རྗེས་སུ་ཕྱོགས་ཏེ་བདག་ལ་བཀའ་སྐྱོན་གནང་བ་ལ་དཔག་ན་ཁྱོད་གཉིས་གྲོགས་པོ་མ་ཡིན་ནམ།

    Reply
  23. དགྲ་འདུལ། says:
    ལོ་ 16 སྔོན།

    བཀྲ་ཤིས་ཟླ་བ། སྐབས་དོན་མི་གླེང་བར་ལམ་སེང་ཧོར་འཇིགས་ཀྱི་མི་གཞི་གླེང་ནས་ཕན་ཐོགས་ག་རེ་འདུག རྗེས་ཕྱོགས་འདིའི་ས་མཚམས་འདི་དག་ངོས་ཟིན་ན་རང་གཞན་རོགས་གསུམ་ལ་ཡག་པོ་ཡོད་པ་རེད།

    Reply
  24. tashi dawa says:
    ལོ་ 16 སྔོན།

    ཧོར་གཙང་འཇིགས་མེད་ལགས་ནི་རྣམ་དཔྱོད་དང་ཤེས་རིག་གིས་ཕྱུག་པའི་མི་ཞིག་ལ་བཞག་ཆོག འོན་ཀྱང་ཁོང་ལ་སྐྱོན་ཆ་ཆེས་ཤོས་དེ་ཆོལ་ཁ་དང་ཆོས་ལུགས་ལ་འཛྀན་པའི་སྡང་སེམས་ཤིག་ཡོད་པ་ཡིན།

    Reply
  25. བཀྲ་ཤིས་རྒྱ་མཚོ says:
    ལོ་ 16 སྔོན།

    མཉམ་ཡིན

    Reply
  26. བཀྲ་ཤིས་རྒྱ་མཚོ says:
    ལོ་ 16 སྔོན།

    བཀུར་འོས་བའི་སྤྱི་ཟུར་ཧོར་གཙང་འཇིག་མེད་ལགས་ཀྱིས་འདི་ལྟར་གསུང་བ་ཤིན་ཏུ་བཀའ་དྲིན་ཆེ་ལགས།
    ང་ཚོའི་སྐྱབས་བཅོལ་སྤྱི་ཚོགས་འདི་ནང་དོ་མི་ཉམས་པའི་བཀའ་བློན་གང་མང་ཞིག་བྱོན་ཡང་བྱས་རྗེས་ལེགས་ཉེས་ཡང་གང་མང་བྱུང་ཡོད་སྟབས། མ་འོངས་བའི་བཀའ་ཁྲི་དེ་ཁྱོད་ཀྱིས་བ་ལྟར་སླེབས་ཐུབ་པར་ཡིད་ཆེས་དང་རེ་བས་དུས་འདའ་བཞིན་ཡོད།
    ངས་ཡང་ནམ་རྒྱུན་རིགས་རུས་མི་གཙོ་བསླབ་པ་གཙོ་ཞེས་བ་ལྟར་སྐད་རིགས་དང་ཆོས་ལུགས་མི་གཙོ་བར་བོད་མི་དམངས་ཀྱི་རེ་འདོད་སྒྲུབ་ཐུབ་མཁན་ཞིག་ཡོངས་རྒྱུར་ཡིད་ཆེས་དང་རེ་བའི་ཁེངས་ཡོད།

    Reply
  27. བསེ་རུ། says:
    ལོ་ 16 སྔོན།

    ཀློག་ཞོར་དུ་མཐོང་བའི་ཡིག་ནོར།

    བཙ་བྱོལ་བ། བཙན་བྱོལ་བ།
    དེ་ལ་དི་ན། དེ་ལ།
    རབ་བྱུངང་ན། རབ་བྱུང་ན།
    གཞིས་བྱེད། གཞིས་བྱེས།
    ་ལོ་རྒྱུསི་ཀྱི། ལོ་རྒྱུས་ཀྱི།
    མི་དམང་ཀྱིས། མི་དམངས་ཀྱིས།
    བཙ་བྱོལ། བཙན་བྱོལ།
    མི་རྙེདད་པའི། མི་རྙེད་པའི།
    མང་བོ་བྱུངག་ཞིང༌། མང་པོ་བྱུང་ཞིང་།
    སྲིད་འཛིན་དང་བློན། སྲིད་འཛིན་དང་སྲིད་བློན།
    བཀའ་ཁྲོལ། བཀའ་འཁྲོལ།

    (ཕྱོགས་གཅིག་ནས་བལྟས་ན་ང་ཚོའི་སྤྱི་ཚོགས་ནང་བཀའ་བློན་ཁྲི་བའི་འོས་གཞི་མི་རག་པ་དེ་གཞི་རྩའི་ཐོབ་ཐང་དང་ཆ་རྐྱེན་དང་ཡང་འབྲེལ་བ་ངེས་ཅན་ཞིག་ཡོད་པ་ཡིན་ནམ་སྙམ།)

    གོང་གི་གསུང་ཚིག་དེས་བསྟན་པ་ལྟར། ང་ཚོའི་སྤྱི་ཚོགས་ནང་ལ་རྩོམ་པ་པོ་དང་། དགེ་རྒན། རིགས་གཅིག་རྐང་འཛིན་སོགས་ཚད་དང་ལྡན་པ་གཞི་རྩའི་ཐོབ་ཐང་དང་ཆ་རྐྱེན་གྱི་དཀའ་ངལ་འོག་ནས་གར་སོང་ཆ་མེད་དུ་གྱུར་པ་རེད་སེམས་བཞིན་ཡོད།

    མདོར་ན། ང་བརྒྱ་ཆ་བརྒྱ་བློས་གཏོང་ཐབས་བྲལ་ཡང་། ང་བརྒྱ་ཆ་ལྔ་བཅུ་བློས་གཏོང་མི་ཐུབ་ན་ད་དུང་ང་ཚོར་དཀའ་ངལ་འདི་རིགས་མུ་མཐུད་ལྷག་ངེས་མ་ཡིན་ནམ།

    Reply
  28. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    ལོ་ 16 སྔོན།

    ཐུགས་རྗེ་ཆེ། ཁྱེད་ཀྱི་བསམ་ཚུལ་འདི་བཀླགས་ནས་བདག་གི་བློ་སྒོ་ཕྱེ་སོང་།

    Reply
  29. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    ལོ་ 16 སྔོན།

    ཐུགས་རྗེ་ཆེ། ཁྱེད་ཀྱི་བསམ་ཚུལ་བཀླགས་ནས་བདག་གི་བློ་སྒོ་ཕྱེ་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese