འུར་འུར་ཟང་ཟིང་གིས་ལོ་གསར་བསུ་གིན་འདུག

བོད་རང་སྐྱོང་ལྗོངས་ཀྱིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་བསུ་བ་ཞུ་བའི་གཉིས་བཀུར་སྣེ་ལེན་ཚོགས་འདུ་སྐོང་ཚོགས་བྱས་ཏེ།  རེ་བས་ཕྱུག་བཞིན་པའི་ ༢༠༡༠ ལོའི་བོད་ལྕགས་སྟག་ལོའི་ལོ་གསར་བསུ་བཞིན་ཡོད་འདུག

རྒྱ་ནག་གཞུང་མང་བར་ན་རྣོ་ངར་ཆེ་བའི་འགལ་འདུ་ཞིག་ཡོད་པ་ནི་ཁ་ལག་པ་གཉིས་མི་མཐུན་པ་དེ་ཡིན་ལ། དེ་ནི་འདས་པའི་ལོ་རྒན་དྲུག་ཅུའི་རིང་གི་རྒྱ་ནག་གི་ཆབ་སྲིད་སྲིད་ཇུས་ཀྱང་ཡིན། ལྷག་པར་དུ་གྲངས་ཉུང་མི་རིགས་ཁག་གི་མགོ་ཐོག་ཏུ་བབ་དུས་རྒྱ་ནག་གི་ཁ་ལག་པ་གཉིས་དེ་བས་ཀྱང་ཟློག་ཟླར་གྱུར་ཡོད། རྒྱ་ནག་གཞུང་ཕྱོགས་ནས་དུས་དང་རྣམ་པ་ཀུན་ཏུ་གྲངས་ཉུང་མི་རིགས་ཁག་བྱམས་སེམས་ཀྱིས་གཉོར་ཞིང་། མཛའ་བརྩེ་ཡིས་སྐྱོང་གིན་ཡོད་པར་མ་ཟད། སྲིད་གཞུང་དང་མི་དམངས་བར། དམག་མི་དང་མི་དམངས་བར། དྲག་ཆས་ཉེན་རྟོག་པ་དང་མི་དམངས་བར་བཅས་ན་ལྷད་མེད་པའི་མཛའ་བརྩེ་ཟབ་མོ་རྒྱུ་བཞིན་ཡོད་སྐོར་སོགས་འཁྱོག་བརྗོད་བྱེད་ཀྱིན་ཡོད། དོན་དངོས་ཐོག་སྲིད་གཞུང་དང་དམག་མི། དྲག་ཆས་ཉེན་རྟོག་པ་སོགས་ནི་མི་དམངས་ཀྱི་མཛའ་བརྩེ་ཟབ་མོར་རྩིས་མེད་རྡོག་རོལ་དུ་གཏོང་མཁན་དང་སྡུག་སྦྱོང་མནར་གཅོད་གཏོང་མཁན་དུ་འགྱུར་གྱིན་ཡོད་ལ། འདས་པའི་ལོ་གཉིས་རིང་གོང་གསལ་ཚོགས་སྡེ་ཁག་ནི་གྲངས་ཉུང་མི་རིགས་ཁག་གི་ནང་ཚན་ཏེ། བོད་དང་ཤར་ཏིར་ཀི་སི་ཐན་གཉིས་ལ་ཚད་ལས་བརྒལ་བའི་རྡུང་རྡེག་དང་། ཉེས་མེད་ཉེས་འགེལ་བྱེད་པའི་ཚོགས་སྡེ་ཁག་ཏུ་གྱུར་ཡོད།

འོན་ཀྱང་། རྒྱ་ནག་གི་ཁ་ནས་མུ་མཐུད་དེ་མགུར་བཞེངས་ཀིན་ཡོད་ཅིང་། ཕྱི་ཚེས་ ༢༧ ཉིན་བོད་རང་སྐྱོང་ལྗོངས་སུ་འཚོགས་པའི་འདི་ལོའི་ལོ་གསར་བསུ་བའི་ཚོགས་འདུའི་སྟེང་། གོང་གསལ་ཚོགས་སྡེ་ཁག་དང་མི་མང་བར་ན་མཛའ་བརྩེ་ཟབ་མོ་རྒྱུ་བཞིན་ཡོད་སྐོར་བརྗོད་ཡོད།

ཀྲུང་གོའི་བོད་ལྗོངས་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་ ༡ ཚེས་ ༢༧ ཉིན་གྱི་དགོང་མོར་བོད་རང་སྐྱོང་ལྗོངས་ཀྱིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་བསུ་བ་ཞུ་བའི་གཉིས་བཀུར་སྣེ་ལེན་ཚོགས་འདུ་སྐོང་ཚོགས་བྱས་འདུག་ལ། སྣེ་ལེན་ཚོགས་འདུ་དེའི་སྟེང་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་མགོ་ཁྲིད་བློ་མཐུན་དང་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག་དཔུང་སྡེ། སྤྱི་བདེའི་དངོས་ཞབས་དཔུང་སྡེའི་འགན་འཁུར་བློ་མཐུན་གཙོ་བོ་བཅས་དགའ་སྤྲོ་མཉམ་འཛོམས་ཀྱིས་རྙིང་སྐྱེལ་གསར་བསུ་དང་དམག་དམངས་བར་གྱི་བརྩེ་སེམས་ཟབ་ཚུལ་གླེང་བ། འཕེལ་རྒྱས་བརྟན་ལྷིང་གི་ཇུས་ཆེན་ལ་མཉམ་གྲོས་བྱེད་པ། རེ་བས་ཕྱུག་བཞིན་པའི་ ༢༠༡༠ ལོའི་བོད་ལྕགས་སྟག་ལོའི་ལོ་གསར་ལ་མཉམ་དུ་བསུ་བ་ཞུ་བཞིན་ཡོད་ཟེར།

བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་དང་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཀྲང་ཆིང་ལིས་འདི་ནི་ལོ་ ༼ ལོ་ལྔ་ཚན་བཅུ་གཅིག་པའི་ ༽ འཆར་འགོད་མངོན་འགྱུར་ཡོང་བ་བྱེད་པའི་འགག་སྒྲོལ་ལོ་ཞིག་ཡིན་པ་དང་། ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་མགོ་ཚུགས་པའི་ལོ་ཞིག་ཡིན་པར་བརྟེན། ང་ཚོས་ངེས་པར་དུ་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བརྩེ་དུང་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་འབད་འབུངས་སྟོབས་བརྩོན་དང་ལས་དོན་ཏན་ཏིག་བསྒྲུབ་སྟེ། ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་འོག། ལས་དོན་ཁག་ལེགས་པར་བསྒྲུབ་པའི་སྒུལ་ཤུགས་ཆེན་པོ་དང་ཞིབ་ཕྲའི་བྱ་སྤྱོད་དུ་འགྱུར་བ་བྱས་ནས་མཐུན་སྒྲིལ་དང་དམངས་གཙོ། འབྱོར་ཕྱུག ཤེས་དཔལ། མཐུན་སྦྱོར་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་བ་བསྐྲུན་ཆེད་འབད་བརྩོན་བྱེད་དགོས་ཞེས་སོགས་བརྗོད་འདུག

དེ་བཞིན་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན།  ༢༠༡༠ ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་དགོང་ཚོགས་དེ་དེང་སྐབས་གྲ་སྒྲིག་བྱེད་བཞིན་པའི་སྒང་ཡིན་ཞིང་།   ཞབས་བྲོ་འཁྲབ་སྟོན་པ་རྣམས་ཀྱིས་བོད་ལྗོངས་མི་དམངས་ཚོགས་ཁང་ཆེན་མོར་ཞབས་བྲོ་སྦྱོང་འགོ་ཚུགས་ཡོད་ཅིང་།   དགོང་ཚོགས་ཀྱི་ཞབས་བྲོའི་སྤྱི་ཁྱབ་ལྟ་སྐུལ་བ་རྒྱ་མཚོས་ཡུལ་དངོས་སུ་འཁྲབ་སྟོན་པའི་ལུས་ཀྱི་སྟངས་སྟབས་རེ་རེ་དང་འགྲེང་གནས་ལེགས་བཅོས་གནང་གིན་ཡོད་པ་མ་ཟད།   ད་དུང་ལྟད་མོའི་ཚན་པ་རེ་རེ་རྒྱ་ཆེའི་ལྟད་མོ་བའི་མིག་མདུན་དུ་མཛེས་ཤིང་སྡུག་པའི་ལམ་ནས་འགྲེམ་པར་རེ་སྒུག་གནང་བཞིན་ཡོད་སྐོར་བརྗོད་ཡོད།  


དེ་བཞིན་ད་ལོའི་བོད་ཀྱི་ལོ་གསར་དགོང་ཚོགས་ཀྱི་སྤྱིའི་འཁྲབ་ཁྲིད་པ་ཁི་ཁི་ཡིས་བོད་ལྗོངས་ཀྱི་འཚོ་བ་གསར་པ་དང་འཕེལ་རྒྱས་གསར་པ།   འགྱུར་ལྡོག་གསར་པ་འབུར་དུ་ཐོན་པའི་ཆེད་དུ།   ད་ལོའི་བོད་ཀྱི་ལོ་གསར་དགོང་ཚོགས་ཀྱིས་འཁྲབ་ཚན་གྱི་དུས་བབ་གསར་པ་དང་འཁྲབ་སྟོན་པའི་རྣམ་པ་གསར་པ། མཁྲེགས་ཆས་ཉེར་སྤྱོད་སྒྲིག་ཆས་སྟེང་གི་ཚན་རྩལ་གསར་པ་བཅས་གཙོ་བོ་སྔར་མེད་གསར་པ་ཞིག་གི་ཕྱིར་དུ་ཧུར་བརྩོན་བྱེད་བཞིན་ཡོད་སྐོར་བརྗོད་པ་དང་། ཡང་ཁོས་ང་ཚོའི་དགོང་ཚོགས་ཡོངས་ཀྱི་འཁྲབ་ཚན་དག་ནི་རྒྱལ་ཁབ་བཙུགས་ནས་ལོ་འཁོར་ ༦༠ ལོན་པ་དང་བོད་དུ་དམངས་གཙོ་བཅོས་སྒྱུར་བྱས་ནས་ལོ་འཁོར་ ༥༠ ལོན་པའི་རྒྱབ་ལྗོངས་རྟེན་གཞིར་བཅོལ་ནས།   ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཛའ་བརྩེའི་ཐུགས་འཁུར་དང་།   རྒྱལ་ཡོངས་སྤུན་ཟླ་སོ་སོའི་ཞིང་ཆེན་དང་གྲོང་ཁྱེར་དག་གིས་སེར་སྣ་མེད་པའི་རོགས་སྐྱོར་གནང་བར་བསྟོད་བསྔགས་བྱས་ཡོད་པ།   མི་རིགས་མཐུན་སྒྲིལ་ཆེན་མོར་བསྟོད་བསྔགས་བྱས་ཡོད་པ།   དམག་མི་དང་མི་དམངས་བར་གྱི་བརྩེ་བ། དྲག་ཆས་ཉེན་རྟོག་པ་དང་མི་དམངས་བར་གྱི་བརྩེ་བར་བསྟོད་བསྔགས་བྱས་པ།   ས་ཁུལ་ཡོངས་ཀྱི་རིགས་སོ་སོའི་བུ་དང་བུ་མོ་རྣམས་ཀྱིས་བཅོས་སྒྱུར་གསར་སྐྲུན་དང་དཀའ་སྤྱད་འབད་བརྩོན་བྱས་པའི་དུས་རབས་གསར་པའི་སྙིང་སྟོབས་ལ་བསྟོད་བསྔགས་མཛད་ཡོད་པ་བཅས་ཡིན་སྐོར་བརྗོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

7 thoughts on “འུར་འུར་ཟང་ཟིང་གིས་ལོ་གསར་བསུ་གིན་འདུག

  1. ཀརྨ་རྡོ་རྗེ།

    གོང་དུ་རྒྱ་མིས་ཡོད་ཡོད་ཟེར་ཚད་ཕལ་ཆེར་མེད་པ་འདྲ། ད་ལོ་གསར་ཚབ་ལ་ཚོགས་འདུ་ཡོད་ས་རེད། མའོ། ཅའོ། ཏིའོ་དང་ཛའོ་ཚང་མས་གསར་བརྗེ་བཏང་ཚར་ཡང་། སྙིང་རྗེས་ཧོས་ད་དུང་ཧམ་པ་བཤད་རྒྱུ་སྡིག་པ་གསོག་རྒྱུ་ཚར་མེད་པ་འདྲ།