གནས་ཚུལ་འབྱོར་གསལ་ལྟར་ན། ཉིན་འདི་འགར་རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་པའི་གྲྭ་དམངས་དང་ས་གནས་རྒྱ་གར་གླ་འཁོར་ཁ་ལོ་བའི་བར་རྙོག་དྲ་ཞིག་འབྱུང་བཞིན་ཡོད་འདུག དེ་ནི་ཉེ་ཆར་བདུན་ཕྲག་གཉིས་ཙམ་གྱི་སྔོན་ལ། སྦེལ་ཀོབ་ཀྱི་ས་གནས་རྒྱ་གར་རྐང་གསུམ་གླ་འཁོར་གྱི་གླ་ཆ་གློ་བུར་དུ་སྤར་ཏེ། ནམ་རྒྱུན་ཀུ་ཤུལ་ན་སྒར་ལ་ནམ་རྒྱུན་ཧིན་སྒོར་ ༡༥ རེ་དང་། གྲོང་སྡེ་དང་པོ་དང་བཞི་བར་སྒོར་ ༡༠ རེ། གསུམ་པར་ ༥ བཅས་ཡིན་ཡང་། ད་ཆ་ཀུ་ཤུལ་ན་སྒར་ལ་ཧིན་སྒོར་ ༢༠ དང་། གྲོང་སྡེ་དང་པོ་དང་བཞི་བར་སྒོར་ ༡༥ ། གྲོང་སྡེ་གསུམ་པར་ ༡༠ བཅས་སུ་སྤར་ཆ་བྱས་ཡོད་སྟབས། སེ་ར་དགོན་པའི་གྲྭ་དམངས་དང་སྦེལ་ཀོབ་བོད་མིའི་གཞིས་མི་ཚོས་ཐག་གཅོད་དེ་ལ་ངོས་ལེན་བྱས་མི་འདུག
ཉིན་འགའི་སྔོན་གླ་འཁོར་ཁ་ལོ་བའི་འཐུས་ཚབ་འགའ་སེ་ར་བླ་སྤྱིའི་ལས་ཁུངས་སུ་ཡོང་སྟེ། ད་ནས་བཟུང་གླ་འཁོར་གྱི་གོང་ཚད་སྤར་ཡོད་ཚུལ་དང་། དགོན་པའི་གྲྭ་དམངས་དང་ས་གནས་མི་དམངས་བཅས་ཀྱིས་སྒྲིག་སྲོལ་འདི་ལ་གཙི་སྲུང་བྱ་དགོས་སྐོར་བརྗོད་སྐབས། སེ་ར་བྱེས་སྨད་གཉིས་ཀྱི་དགེ་བསྐོས་གཙོས་པའི་ལས་སྣེ་ཁག་ཅིག་ཛ་དྲག་ཐོག་འཛོམས་ཏེ་གྲོས་བསྡུར་བྱས་མཐར། དགོན་པའི་གྲྭ་དམངས་ལ་བསམ་འཆར་བསྡུ་རྒྱུའི་ཐག་གཅོད་བྱུང་ཡོད།
དེའི་རྗེས་བསྐྱར་དུ་སེ་ར་བླ་སྤྱིར་ཚོགས་འདུ་བསྐངས་ཏེ། དགེ་བསྐོས་རྣམ་གཉིས་དང་ཁང་ཚན་སོ་སོའི་དགེ་བསྐོས་བཅས་ལྷན་བཞུགས་ཐོག གྲྭ་དམངས་ཀྱི་བསམ་ཚུལ་བཞིར་བཟུང་ཐོག་གྲོས་ཆོད་ཅིག་བཞག་ཡོད་པའི་ནང་། དགོན་པའི་དགེ་འདུན་པ་གཙོས་པའི་ས་གནས་མང་ཚོགས་ཀྱི་བསམ་ཚུལ་ལྟར། གླ་འཁོར་གྱི་གོང་ཚད་སྤར་ཆ་མི་གནང་བར་སྔར་རྒྱུན་བཞིན་འཇོག་དགོས་པ་དང་། ས་གནས་མང་ཚོགས་དང་གླ་འཁོར་ཁ་ལོ་བའི་བར་འཆམ་མཐུན་ཡོང་ཕྱིར་ཕན་ཚུན་ལ་གུ་ཡངས་དང་བརྩི་བཀུར་ཞུ་དགོས་པའི་སྐོར་སོགས་བཀོད་ཡོད་འདུག
འོན་ཀྱང་རྒྱ་གར་གླ་འཁོར་ཁ་ལོ་བ་དག་གིས་གྲོས་ཆོད་དེ་ལ་ངོས་ལེན་མེད་པའི་རྣམ་འགྱུར་བསྟན་ཡོད་པ་མ་ཟད། ནམ་རྒྱུན་དགོན་པའི་གླིང་དཀྱིལ་བར་གླ་འཁོར་འགྲོ་བཞིན་ཡོད་ཀྱང་། དུས་དེ་ནས་བཟུང་གླ་འཁོར་རྣམས་དགོན་འདབས་ཀྱི་ལམ་ཆེན་སུམ་མདོར་མ་གཏོགས་མི་འགྲོ་རྒྱུ་བྱས་ཡོད་འདུག སྤྱིར་ཐེངས་འདིར་གླ་འཁོར་གྱི་གོང་ཚད་སྤར་རྒྱུའི་ཐད། གླ་འཁོར་ཁ་ལོ་བ་དག་གི་ཁྲོད་བསམ་ཚུལ་རིགས་གཉིས་བྱུང་ཡོད་འདུག ཁག་ཅིག་གིས་སྤར་དགོས་ཚུལ་བརྗོད་ཡོད་ཅིང་། ཁག་ཅིག་གིས་སྔར་རྒྱུན་བཞིན་བཞག་ན་རན་པོ་ཡིན་ཚུལ་ཡང་བརྗོད་ཡོད་འདུག
སྔོན་མ་ནས་གླ་འཁོར་ཁ་ལོ་བ་དང་དགོན་པའི་དགེ་འདུན་པའི་བར་རྙོག་དྲ་རེ་ཟུང་བྱུང་ཡོད་པ་དང་། དགེ་འདུན་པ་རེ་ཟུང་ལ་འཕྲོག་བཅོམ་བྱས་པའི་གནས་ཚུལ་ཡང་བྱུང་ཡོད་སྟབས། ཐེངས་འདིར་དགོན་པའི་ངོས་ནས་གནས་ཚུལ་དེ་རིགས་མི་འབྱུང་ཆེད་དང་གྲྭ་དམངས་ཀྱི་དཀའ་ངལ་སེལ་སླད། གནད་དོན་འདི་ཐག་གཅོད་ཡག་པོ་ཞིག་མ་བྱུང་བར། ནད་པ་དང་གནས་ཚུལ་ཛ་དྲག་རིགས་ལ་དགོན་པའི་རླངས་འཁོར་རྣམས་གཏོང་རྐྱང་བྱ་རྒྱུ་དང་། མྱུར་འཕྲིན་གཏོང་དགོས་པ་སོགས་ཀྱི་གནས་ཚུལ་རིགས་གྲྭ་ཚང་གི་ལས་ཁུངས་ནས་མཐུན་འགྱུར་བྱ་རྒྱུ་བྱས་ཡོད་འདུག
ས་གནས་ཉེན་རྟོག་པ་སེ་ར་བླ་སྤྱིར་སྐད་བཏང་སྟེ། ཡུལ་མི་དང་བོད་མིའི་བར་འཁྲུག་རྩོད་ཡོང་ཉེན་སྐོར་སྙན་གསེང་ཞུས་སྐབས། ཉེན་རྟོག་པ་དག་གིས་གནད་དོན་དེར་ང་ཚོས་ལྟ་རྟོག་བྱ། མ་འོངས་པར་ཡང་དགོན་པ་དང་ས་གནས་མང་ཚོགས་ཀྱི་གནད་དོན་གང་ཞིག་ཡིན་རུང་། ང་ཚོར་དུས་ལྟར་བཤད་རྒྱུ་གལ་ཆེན་པོ་ཡིན་སྐོར་བརྗོད་ཡོད་འདུག ས་གནས་མང་ཚོགས་ཚོར་སྒེར་ལ་རླངས་འཁོར་དང་སྦག་སྦག་འཁོར་ལོ་སོགས་ཡོད་སྟབས། དེ་ཙམ་དཀའ་ངལ་མེད་ཀྱང་། དགོན་པའི་གྲྭ་དམངས་ཚོ་ཞབས་ཐང་གིས་ཕེབས་དགོས་སྟབས། དཀའ་ངལ་མི་ཉུང་བ་ཞིག་ཕྲད་ཡོད་འདུག་ལ། ལམ་བར་ནས་རྒྱ་གར་བ་ཚོས་བརྙས་བཅོས་བྱེད་པ་སོགས་ཀྱི་དཀའ་ངལ་ཡང་མི་ཉུང་བ་ཞིག་འཕྲད་བཞིན་ཡོད་འདུག
ཉིན་འདི་འགར་གནས་སྟངས་ཛ་དྲག་གི་ངོ་བོར་གྱུར་ཏེ། དགོན་པ་དང་གཞིས་གྲོང་དང་པོའི་བར་ནས་གླ་འཁོར་ཁ་ལོ་བ་དག་གིས་དགོན་པ་དང་། ས་གནས་བོད་མི་སྒེར་གྱི་རླངས་འཁོར་སོགས་བཀག་སྟེ། མང་ཚོགས་སྐྱེལ་འདྲེན་བྱེད་ཀྱི་ཡོད་མེད་ལ་ཞིབ་བཤེར་བྱེད་པ་དང་། ཡར་མར་ཞབས་ཐང་ཕེབས་མཁན་དགེ་འདུན་པ་ཚོ་ལ་རྣམ་འགྱུར་མི་ལེགས་པ་སྟོན་པ་སོགས་བྱུང་ཡོད་ལ། ཕྱི་ཚེས་ ༥ ཉིན་གྱི་དགོང་མོའི་ཆུ་ཚོད་དགུ་བ་ཡས་མས་ལ་སེ་ར་ཡིད་དགའ་ཆོས་གླིང་ཉེ་འགྲམ་ནས་རྒྱ་གར་བ་སྐོར་ཞིག་གིས་དགེ་འདུན་པ་གསུམ་ལ་སྐད་ཆ་ཞིག་འདྲི་རྒྱུ་ཡོད་མདོག་མདོག་གིས་གམ་དུ་སླེབས་མ་ཐག གཅར་རྡུང་བྱེད་མགོ་བརྩམས་ཡོད་འདུག སྐབས་དེར་དགེ་འདུན་པ་དེ་དག་བྲོས་ཐར་གྱིས་གནས་ཚུལ་ཆེན་པོ་བྱུང་མི་འདུག