མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངས་བོད་ཕྱི་ནང་གཉིས་ཀྱི་རྩོམ་པ་པོའི་སྨྲ་བརྗོད་རང་དབང་གཙོ་བོར་འཛིན་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༦/༠༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཚེས་ ༩ དང་ ༡༠ ཉིན་གཉིས་རིང་རྒྱལ་སྤྱིའི་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་ལྔ་པ་ཚོགས་པའི་སྟེང་། དེ་སྔའི་སྒྲིག་གཞི་ཁག་ཅིག་ལ་བསྒྱུར་བཅོས་བཏང་སྟེ་ཚོགས་བཅར་བ་ཡོངས་ཀྱིས་འོས་ཤོག་འཕངས་བ་བརྒྱུད་དེ། རྩོམ་པ་པོ་མཐུན་ཚོགས་ཀྱི་རྒྱུན་ལས་གསར་འདེམས་གནང་བའི་ཁྲོད། དགེ་རྒན་ཆེན་མོ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས་ཚོགས་གཙོར་བདམས་ཡོད་སྟབས། འདི་གའི་གསར་འགོད་པས་ཁོང་ལ་བཅར་འདྲི་ཞུས།

དྲི་བ། ཁྱེད་རང་ད་ལོའི་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོར་བདམས་པའི་ཐད་དགོངས་ཚུལ་ག་རེ་ཡོད།

DSC_2014ལན།  ང་ ༢༠༠༦ ལོའི་རྩོམ་པ་པོའི་ཚོགས་ཆེན་སྟེང་ཕྱིན་ཏེ་བོད་ཀྱི་རྩོམ་རིགས་སྒྱུ་རྩལ་ཐད་ཀྱི་ལྟ་བ་ལངས་ཕྱོགས་སྐོར་ལ་ཁ་བརྡ་བྱས་མྱོང་ཡོད། དེ་མ་གཏོགས་ང་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ལ་འབྲེལ་བ་གང་ཡང་མེད། ཉིན་འགའི་སྔོན་ལ་ངས་སློབ་མ་ཚོ་ཁྲིད་ནས་ཝར་ཎ་མཐོ་སློབ་དང་གནས་མཆོག་རྡོར་ལྡན་སོགས་སུ་ཞིབ་མཇུག་སློབ་མ་ཚོའི་མཐའ་མའི་དཔྱད་རྩོམ་ལ་དཔྱད་གཞིའི་ཡིག་ཆ་ཁག་ཅིག་འཚོལ་བསྡུ་བྱེད་དུ་ཕྱིན་ནས་ཕྱིར་ལོག་པའི་ལམ་བར་དུ། ཚོགས་གཞོན་ཨ་རིག་དགེ་མཐོང་ལགས་ཀྱིས་ཁ་པར་ཞིག་བསླེབས་སོང་ཡང་སྐད་ཆ་གསལ་བོ་གོ་ཡི་མི་འདུག དེ་རིང་འདིར་མཐུན་ཚོགས་ཀྱི་ཚོགས་གཞོན་དང་དྲུང་ཆེ་སོགས་ཚང་མ་ཡོང་སྟེ། ང་ཡིན་གཅིག་མིན་གཅིག་ཚོགས་གཙོར་འདུག་དགོས་སྐོར་བརྗོད་བྱུང་། ང་ད་སྔ་དགེ་རྒན་བྱས་མྱོང་བ་ཙམ་མ་གཏོགས་འདི་ལྟ་བུའི་ཚོགས་པ་ཞིག་གི་ནང་ལས་ལས་ཀའི་ཉམས་མྱོང་ཅི་ཡང་ཡོད་པ་མ་རེད། ཡིན་ནའང་ཚོགས་མི་ཡོངས་ཀྱིས་ཡིད་ཆེས་དང་རེ་འདུན་ཆེན་པོ་ཞིག་གི་ཐོག་ནས་བདམས་པ་ཡིན་སྟབས་ངས་ཀྱང་འགན་དེ་བླངས་པ་ཡིན། མཐུན་ཚོགས་ཀྱི་རྒྱུན་ལས་གཞན་རྣམས་དང་ཚོགས་མི་ཡོངས་ཀྱི་རམ་འདེགས་རྒྱབ་སྐྱོར་ལ་བརྟེན་ཏེ་འགྲོ་རྒྱུ་དེ་རེད།

དྲི་བ། སྤྱི་ཡོངས་ནས་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཟེར་བ་འདིར་ལྟ་སྟངས་གང་འདྲ་ཡོད།

ལན། སྤྱིར་བཏང་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་འདི་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཡན་ལག་ཅིག་ཡིན་སྟབས། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཟེར་བ་འདི་བོད་གཞུང་གི་སྟངས་འཛིན་འོག་གི་ཉམས་ཞིབ་སྡེ་ཚན་ཁག་དང་། ཚོགས་པ་ཁག་གི་འོག་ཡོད་པའི་ཉམས་ཞིབ་ཚན་པ་སོགས་དང་ཡེ་ནས་འདྲ་ཡི་མ་རེད། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚད་གཞི་དེ་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚད་གཞིར་བསླེབ་རྒྱུ་དེ་གལ་ཆེན་པོ་རེད། དེར་བརྟེན། ང་ཚོགས་གཙོར་བསྡད་པའི་རིང་ལ་གཞུང་སྒེར་གང་རུང་གི་སྟངས་འཛིན་འོག་གི་ཚོགས་པ་ལྟ་བུར་ངོས་འཛིན་བྱེད་རྒྱུ་མིན་པར། དེ་ལས་ཡར་རྒྱས་གོང་སྤེལ་དང་འཕོ་འགྱུར་ཇི་ལྟར་གཏང་རྒྱུ། གྲུབ་འབྲས་ཇི་ལྟར་འབྱུང་ཐབས་བཅས་སུ་འབད་བརྩོན་བྱ་རྒྱུ་ཡིན།

དྲི་བ། གལ་སྲིད་ཁྱེད་རང་ཚོགས་གཙོར་བསྡད་པ་ཡིན་ན། ད་ལྟ་ལས་འཆར་གསལ་བོ་མེད་ཀྱང་། སྤྱིའི་ཆ་ནས་བཙན་བྱོལ་ནང་གི་རྩོམ་པ་པོའི་མཐུན་ཚོགས་ཞིག་ལ་འདི་དང་དེ་དགོས་པ་རེད་སྙམ་པའི་འཆར་སྣང་གང་འདྲ་ཡོད།

ལན། གོང་དུ་བཤད་པ་ལྟར་ང་ཚོགས་གཙོར་བདམས་པ་དེ་གློ་བུར་བ་ཞིག་རེད། ད་ལྟ་ང་ལ་དམིགས་བསལ་གྱི་འཆར་གཞི་གང་ཡང་མེད། ཡིན་ནའང་ང་རང་གིས་ཆ་རྐྱེན་གསུམ་བགྲང་འདོད་པ་ནི། སྤྱིར་རྩོམ་པ་པོ་སྒེར་ཡིན་ན་འདྲ་ལ་རྩོམ་པ་པོའི་མཐུན་ཚོགས་ཡིན་ཡང་ཆོག དང་པོ། རྩོམ་པ་པོ་ཞིག་ལ་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་གཙོ་བོ་དེ་ཆོས་ལུགས་ཆབ་སྲིད་དཔལ་འབྱོར་གང་ཡང་མ་ཡིན་པར་སྨྲ་བརྗོད་རང་དབང་དགོས་པ་དེ་རེད། རྩོམ་པ་པོ་ཞིག་ལ་སྨྲ་བརྗོད་རང་དབང་མེད་ན། ཆོས་ལུགས་དང་ཆབ་སྲིད་སྒྱུ་རྩལ་བསམ་བློ་ལ་སོགས་པའི་སེམས་ཁམས་ཅི་འདྲ་ཡོད་རུང་དེ་ཕྱི་ལ་འདོན་ཐུབ་པ་མ་རེད། བོད་ཕྱི་ནང་གི་བོད་མི་སུ་ཞིག་ཡིན་ཡང་ང་ཚོ་ཆབ་སྲིད་ཀྱི་དཔྱད་བརྗོད་པ་ཡིན་སྟབས་རང་བཞིན་གྱིས་ཆབ་སྲིད་དང་འབྲེལ་བ་ཡོད་པ་རེད། དེར་བརྟེན་བོད་ནང་གི་རྩོམ་པ་པོ་ཚོར་སྨྲ་བརྗོད་རང་དབང་མེད་པར་རྒྱ་གཞུང་གིས་བཙོན་འཇུག་བྱས་པ་དང་ཉེས་རྡུང་བཏང་བ། ཁྲིམས་ཐག་བཅད་པ་སོགས་ཀྱི་དངོས་ཡོད་གནས་ཚུལ་ཐོན་ཡོང་དུས། ང་ཚོས་འདིར་དེ་དག་ལ་མཐའ་གཅིག་ཏུ་ངོ་རྒོལ་རྒྱག་དགོས་ཀྱི་ཡོད་པ་རེད། དེ་མི་རིགས་ཤིག་གི་སྐྱིད་སྡུག་དར་རྒུད་ལ་འབྲེལ་བ་དམ་ཟབ་ཡོད་སྟབས། དེ་ང་ཚོའི་མ་འོངས་ལངས་ཕྱོགས་དང་ལས་གཞི་ཞིག་ལ་ངོས་འཛིན་གྱི་ཐོག་ནས་རྒྱལ་སྤྱིའི་སྟེང་དངོས་ཡོད་གནས་ཚུལ་དེ་ཁྱབ་བསྒྲགས་དང་དྲང་བདེན་ཞུ་གཏུག་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་རྩོམ་པ་པོའི་སྨྲ་བརྗོད་རང་དབང་རྩོད་ལེན་ཐོག་ཤུགས་རྒྱག་རྒྱུ་ཡིན། གཉིས་པ། ང་ཚོ་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་རེད། ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་སྨྲ་བརྗོད་རང་ཡོད་ཟེར་གྱི་ཡོད་པ་རེད། ཡིན་ནའང་སྨྲ་བརྗོད་རང་དབང་དེ་ང་ཚོའི་ལྟོས་བཅས་ཀྱི་སྨྲ་བརྗོད་རང་དབང་ཙམ་རེད། ངས་བལྟས་ན་བཙན་བྱོལ་ནང་དུའང་སྨྲ་བརྗོད་རང་དབང་ཚད་འཛིན་ཡོད་པ་ཞིག་ཡིན་སྟབས། སྔོན་གྱི་རྩོམ་པ་པོ་ཁག་ཅིག་སྨྲ་བརྗོད་རང་དབང་གི་དཀའ་སྡུག་འོག་ཕྱི་ཕྱོགས་སུ་འགྲོ་མཁན་དང་། བཙན་བྱོལ་ནང་གི་སྨྲ་བརྗོད་རང་དབང་གིས་འདོད་བློ་མ་ཚིམ་མཁན་མང་པོ་ཞིག་ཡོད། སྤྱིར་བཏང་གི་རྩོམ་པ་པོ་ཞིག་ཡིན་ན་འདྲ་ལ་སློབ་གྲྭ་ཁག་ཡིན་ནའང་འདྲ། དེ་ལ་ཆོས་ལུགས་དང་ཆབ་སྲིད། གཞུང་སྒེར་གང་གིས་ཀྱང་གནོན་ཤུགས་མ་ཐེབས་པར་སྲུང་སྐྱོབ་བྱ་རྒྱུ་དེ་རེད། དེའི་རྒྱུ་མཚན་གང་ཡིན་ཞེ་ན། དེང་སྐབས་ཀྱི་བོད་འདི་གཞིས་བྱེས་གཉིས་སུ་འཚོ་སྡོད་བྱས་ཡོད་པ་དང་། བོད་ནང་གི་རྩོམ་པ་པོ་ཚང་མ་རྒྱ་ནག་གི་དྲག་གནོན་སྲིད་ཇུས་འོག་ཡོད་སྟབས། ཁོ་ཚོས་སྨྲ་བརྗོད་རང་དབང་རྩོད་ལེན་གནང་རྒྱུ་དེ་ཧ་ཅང་གི་ཉེན་ཁ་ཆེན་པོ་ཆགས་ཡོད། འོན་ཀྱང་འདི་ག་བཙན་བྱོལ་གཞུང་གི་སྟངས་འཛིན་འོག་ཡོད་པའི་རྩོམ་པ་པོ་ཚོར་སྨྲ་བརྗོད་རང་དབང་ངེས་ཅན་ཞིག་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཁོ་ཚོས་ཆོས་ལུགས་གྲུབ་མཐར་དགག་པ་བརྒྱབ་ན་འདྲ། ཆབ་སྲིད་ལངས་ཕྱོགས་མི་མཐུན་ནའང་འདྲ། རྒྱལ་སྤྱིའི་ཁྲིམས་དང་སྤྱི་ཚོགས་ཀྱི་སྒྲིག་གཞིར་མ་འགལ་བ་ཡིན་ན། ཁོ་ཚོའི་བསམ་བློ་གང་དེ་བརྗོད་པའི་རང་དབང་རྩོད་ལེན་བྱ་རྒྱུ་ཡིན། གསུམ་པ་དེ་ད་ལྟའི་བར་དུ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་ནས་བརྩམས་ཆོས་ཚད་ལྡན་རེ་འགའ་དཔར་སྐྲུན་བྱས་ཡོད་ཀྱང་། མ་འོངས་པར་དཔེ་སྐྲུན་གྱི་ཁ་ཕྱོགས་དེ་རིག་གནས་གསར་བ་ནང་འདྲེན་ཐོག་འགྱུར་བ་གཏོང་དགོས་ཀྱི་འདུག དེ་ནས་རྩོམ་པ་པོའི་མཐུན་ཚོགས་ཤིག་གི་ལས་དོན་གཙོ་བོ་དེ་རྩོམ་པ་པོ་མང་པོ་སྐྱེད་སྲིང་བྱེད་དགོས་པ་དང་། རྩོམ་པ་པོ་མང་པོ་ཞིག་སྐྱེད་སྲིང་བྱེད་པ་ལ་ཤེས་ཡོན་དང་བསམ་བློ་སྐྱེད་སྲིང་བྱ་དགོས་པ་མ་གཏོགས། སྔོན་མའི་སྲོལ་རྒྱུན་རིག་གནས་ལྟ་བུར་མཚོན་ན་ང་ཚོར་མང་མེད་ན་ཉུང་ཡོད་པ་མ་རེད། ཆབ་སྲིད་ཀྱི་ཁྱབ་ཁོངས་དང་མཚན་ཉིད་རིག་པའི་ཁྱབ་ཁོངས། རྩོམ་རིག་གི་ཁྱབ་ཁོངས། སྒྱུ་རྩལ་གྱི་ཁྱབ་ཁོངས། ཡང་ན་མཛེས་དཔྱོད་རིག་པའི་ཁྱབ་ཁོངས། དཔལ་འབྱོར་རིག་པའི་ཁྱབ་ཁོངས་སོགས་སྔོན་མའི་སྤྱི་ཚོགས་དང་མི་མང་གི་ཁ་ཕྱོགས་ལ་བཅོས་བསྒྱུར་དང་འཕོ་འགྱུར་བཏང་མྱོང་བའི་རྩོམ་ཡིག་གྲགས་ཆེན་མང་པོ་བདམས་བསྒྱུར་དང་དཔར་འགྲེམ་བྱས་ཏེ་རིག་གནས་ནང་འདྲེན་ཐོག་ཤུགས་རྒྱག་རྒྱུ་ཡིན།

དྲི་བ། ད་ལྟའི་བཙན་བྱོལ་ནང་གི་བོད་ཀྱི་རྩོམ་པ་པོ་དང་རྩོམ་ཡིག་གི་ཁ་ཕྱོགས་ཐོག་ལྟ་ཚུལ་གང་འདྲ་ཡོད།

ལན། བཙན་བྱོལ་སྤྱི་ཚོགས་ནང་དེབ་དང་རྩོམ་ཡིག་མང་པོ་ཡོད་ཀྱང་། གྲངས་ཚད་དང་སྤུས་ཚད་བར་ཧེ་བག་ཆེན་པོ་འདུག ང་རང་གི་མཐོང་ཚུལ་ཡིན་ན། བཙན་བྱོལ་ནང་རྩོམ་པ་པོ་ཞིག་གིས་སྙན་རྩོམ་ཚད་ལྡན་ཞིག་དང་དཔྱད་རྩོམ་ཚད་ལྡན་ཞིག ཡང་ན་དགག་རྩོམ་ཚད་ལྡན་འདི་བྲིས་འདུག་ཟེར་ནས་སྟོན་རྒྱུ་ཉུང་ཉུར་རེད། དེ་ལ་རྒྱུ་མཚན་གསུམ་འདུག བཙན་བྱོལ་སྤྱི་ཚོགས་ནང་ཚད་ལྡན་རྩོམ་ཡིག་ཉུང་བའི་རྒྱུ་མཚན་གཅིག་རྩོམ་པ་པོའི་ཤེས་ཚད་ཞན་པ་དང་། གཉིས་ནས་བསམ་བློའི་གོ་རྟོགས་མ་སད་པ་དང་། གསུམ་ནས་ཁོར་ཡུག་གུ་དོག་པའི་དབང་གིས་རེད། དེ་ལྟ་བུའི་ཁོར་ཡུག་ཅིག་ཏུ་རྩོམ་ཡིག་གི་སྤུས་ཚད་ཡར་རྒྱས་ཡོང་ཐབས་ཡོད་པ་མ་རེད། རྩོམ་པ་པོའི་མཐུན་ཚོགས་ཤིག་ལ་མཚོན་ན། རྒྱུ་རྐྱེན་དེ་དག་ལ་བསྒྱུར་བཅོས་གཏོང་ཐབས་བྱེད་རྒྱུ་ལས་འགན་གཙོ་བོ་ཡིན་སྟབས། ངས་མ་འོངས་པར་བོད་ཀྱི་རྩོམ་པ་པོའི་རྩོམ་འབྲིའི་ཁ་ཕྱོགས་ལ་བསྒྱུར་བཅོས་གཏང་ཐབས་ལ་འབད་བརྩོན་བྱ་རྒྱུ་ཡིན། དཔེར་ན། ཞན་ཆ་འདི་དག་ཡར་རྒྱས་གཏོང་དགོས་ན། སློབ་མ་ཞིག་ཡིན་ན་སློ་གྲྭ་ཆུང་འབྲིང་གི་རྩོམ་འབྲིའི་རྨང་གཞིའི་གོ་རིམ་གསུམ་རེད། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་ནས་གཅིག་སློབ་ཆུང་སློབ་མ་ཚོའི་བསམ་བློའི་གོ་རྟོགས་སྤེལ་རྒྱུ་དང་། གཉིས་པ་དངོས་གཞིའི་སློབ་མ་ཚོར་རྩོམ་འབྲིའི་ཁ་ཕྱོགས་སྟོན་རྒྱུ། གསུམ་པ་ཞིབ་འཇུག་སློབ་མ་ཚོའི་རྩོམ་འབྲིའི་ཐད་རམ་འདེགས་དང་ནུས་འདོན་རྒྱུ་སོགས་རེད།

དྲི་བ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཞིབ་འཇུག་དང་དཔྱད་རྩོམ། འབོལ་རྩོམ་མ་གཏོགས་སྒྱུ་རྩལ་རྩོམ་རིག་ལ་ཁྲོམ་རྭ་མེད་དོན་ཅི་རེད།

ལན།  བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྒྱུ་རྩལ་རྩོམ་རིག་ཡོང་ཐབས་ཡོད་པ་མ་རེད། དེ་ནི་བཙན་བྱོལ་ནང་རྩོམ་རིག་རིག་གནས་ཀྱི་ཁོར་ཡུག་ཡོད་པ་མ་རེད། དེའི་རྒྱུ་མཚན་གཅིག་ནི་རིག་གནས་གཅིག་གི་དབང་བསྒྱུར་དང་། གཉིས་ནི་ཁོར་ཡུག་གཅིག་གི་དབང་བསྒྱུར། གསུམ་ནི་རིག་གནས་སྤྱིའི་ཁྱབ་ཁོང་དབྱེ་གསེས་ཐུབ་ཀྱི་མེད་སྟབས་ཡར་རྒྱས་འགྲོ་ཐུབ་ཀྱི་ཡོད་པ་མ་རེད། ཆོས་ལུགས་ཆབ་སྲིད་ལྟ་བུ་ཡིན་ན། སྒྱུ་རྩལ་རྩོམ་རིགས་ཀྱི་ཁྱབ་ཁོངས་མིན་སྟབས། ཆོས་ལུགས་ཀྱི་ཁྱབ་ཁོངས་ནས་སྒྱུ་རྩལ་རྩོམ་རིགས་བཤད་རྒྱུ་ཟེར་ན་དེ་ཡོང་གི་ཡོད་པ་མ་རེད། སྒྱུ་རྩལ་རྩོམ་རིག་བཤད་པ་ལ་ཐོག་མར་ཆོས་ལུགས་ཀྱི་ཁྱབ་ཁོངས་སུ་མ་སོང་སྔོན་ལ་སྒྱུ་རྩལ་གྱི་ཁྱབ་ཁོངས་ནས་སྒྱུ་རྩལ་གྱི་དངོས་སྦྱོང་དང་སྒྱུ་རྩལ་གྱི་བློ་སྦྱོང་། སྒྱུ་རྩལ་གྱི་དཔེ་སྦྱོང་སོགས་བྱས་རྗེས་ད་གཟོད་སྒྱུ་རྩལ་རྩོམ་རིག་ཡོང་གི་རེད། མདོར་དྲིལ་ན། འདི་གར་དཔྱད་རྩོམ་དང་འབོལ་རྩོམ་ཡོད་མདོག་མདོག་བྱེད་ཀྱི་ཡོད་པ་མ་གཏོགས། དོན་དངོས་སུ་ཚད་ལྡན་གཅིག་ཀྱང་ཡོད་པ་མ་རེད། ང་ཚོར་མཚོན་ན་ཞིབ་འཇུག་བྱེད་པ་ལ་ཐོག་མར་ནང་ཆོས་ཀྱི་ལྟ་བ་ལྟ་གྲུབ་དང་མཐུན་པའི་ཐོག་ནས་ཞིབ་འཇུག་བྱེད་རྒྱུ་ཡིན་ཟེར་གྱི་ཡོད་པ་དང་། དཔྱད་རྩོམ་ཡིན་ན་ཐོག་མར་ནང་ཆོས་ཀྱི་ལྟ་གྲུབ་ཀྱི་ངོས་ལེན་ཐོབ་པའི་སྒོ་ནས་དཔྱད་རྩོམ་འབྲི་རྒྱུ་ཡིན་ཟེར་བ་ལྟ་བུ་རེད། དཔྱད་རྩོམ་ལ་སྔོན་འགྲོའི་ཆ་རྐྱེན་དེ་འདྲ་ཡོད་པ་མ་རེད། གཙོ་བོ་གནས་ལུགས་རེད། རྒྱུ་མཚན་གནས་ལུགས་དང་གཏན་ཚིགས་རིག་པ་སོགས་ཡག་པོ་དང་ཁུངས་འཁྱོལ་བ་ཡིན་ན། ཆོས་ལུགས་ཆབ་སྲིད་ཀྱི་ལངས་ཕྱོགས་ག་རེ་ཡིན་ཡང་ཆོག་གི་རེད། རྒྱུ་མཚན་སྒྱུ་རྩལ་རྩོམ་རིག་ལ་སྒྱུ་རྩལ་རྩོམ་རིག་གི་ཆ་རྐྱེན་མང་པོ་ཞིག་འཛོམ་དགོས་ཀྱི་ཡོད་པ་མ་གཏོགས། སྒྱུ་རྩལ་རྩོམ་རིག་དགོས་ཀྱི་འདུག་ཟེར་ན་དེ་ཡོད་ཆོག་ཆོག་ཅིག་ཡོད་པ་མ་རེད། མང་པོ་ཞིག་གིས་སྒྱུ་རྩལ་རྩོམ་རིག་སྦྱང་མྱོང་མེད་སྟབས། མ་གཞི་ནས་སྒྱུ་རྩལ་རྩོམ་རིག་ཟེར་ན་ག་རེ་ཡིན་མིན་ཡང་ཤེས་ཀྱི་མི་འདུག དེ་འདྲ་ཡིན་དུས་སྒྱུ་རྩལ་རྩོམ་རིག་གི་ཁོར་ཡུག་ཡོད་པ་མ་རེད།

དྲི་བ། སྐུ་ཉིད་ཀྱིས་རྩོམ་རིག་དང་རྩོམ་པ་པོ་ཟེར་བ་དེ་ཚད་གཞི་གང་འདྲ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་དང་། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལངས་ཕྱོགས་དང་འགན་འཁྲི་གཙོ་བོ་གང་ལ་ངོས་འཛིན་གནང་གི་ཡོད།

ལན། སྤྱིར་བཏང་རྩོམ་རིག་དང་རྩོམ་པ་པོ་ཟེར་དུས། གཞུང་ལུགས་ངོས་ཀྱི་སྐད་ཆ་མང་པོ་རེད། དེ་ལ་སྐད་ཆ་ཐུང་ཐུང་ཞིག་གིས་བཤད་ན། རྩོམ་པ་པོ་ཚད་ལྡན་ཞིག་ཡིན་ན་རྩོམ་པ་པོ་དང་བརྩམས་ཆོས། ཀློག་པ་པོ་བཅས་ནི་འདྲ་བ་ཟུར་གསུམ་མ་ཞེས་གཞུང་ལུགས་ཁྲོད་གསལ་བོར་བཀྲལ་ཡོད་པ་རེད། འདིར་སྤྱིར་བཏང་གིས་བཤད་ན། མ་མཐར་ཡང་རྩོམ་པ་པོར་ཚད་གཞི་མེད་པ་ཞིག་མིན་པ་དེ་གསལ་བོར་ཤེས་དགོས་པ་རེད་། དེང་སྐབས་རྩོམ་པ་པོ་ཚོས་རྩོམ་ཡིག་ཐབ་ཆག་ཅིག་འབྲི་ཤེས་མ་ཐག་ནས་རྩོམ་པ་པོར་ངོས་འཛིན་བྱེད་ཀྱི་འདུག དེ་ནོར་བ་རེད། སྔོན་ལ་རྩོམ་པ་པོ་ཟེར་བ་དེ་གང་འདྲ་ཞིག་ལ་ཟེར་གྱི་ཡོད་མེད་ཀྱི་ཚད་གཞི་དེ་ཤེས་དགོས་པ་རེད། རྩོམ་པ་པོའི་ཚད་གཞི་མ་ཤེས་པ་དང་། རྩོམ་ཡིག་ཁྱ་ཁྱོག་འབྲི་ཤེས་མཁན་ཚང་མ་རྩོམ་པ་པོའི་མིང་བཏགས་པའི་དབང་གིས་སྤྱི་ཚོགས་ནང་རྩོམ་པ་པོར་མཐོང་བརླགས་སོང་བ་རེད།

རྩོམ་པ་པོ་སུ་ཡིན་ཡང་རང་གིས་བྲིས་པའི་རྩོམ་ཡིག་དེ་ཡག་པོ་ཡོད་ཟེར་ནས་འདོན་གྱི་ཡོད་པ་རེད། འོན་ཀྱང་རང་གི་རྩོམ་ཡིག་དེ་ཡག་པོ་ཡོད་མེད་དེ་གཞན་རྩོམ་མང་པོ་ཞིག་ལ་ཞིབ་བསྡུར་བྱས་ནས་ཐག་གཅོད་དགོས་ཀྱི་ཡོད་པ་རེད། དེ་ལྟར་བྱས་ད་གཟོད་གཅིག་ནས་རྩོམ་པ་པོས་རང་སྐྱོན་ངོས་ཟིན་ཐུབ་པ་དང་། གཉིས་ནས་རང་རྩོམ་ལ་ཕྱིར་ལྡོག་གི་བསམ་བློ་ཞིག་དང་། དེ་ལ་བརྟེན་ནས་གཞན་རྩོམ་དང་རང་རྩོམ་བར་གྱི་ཧེ་བག་རང་ཤུགས་ཀྱིས་ཤེས་ཡོང་གི་རེད། སྐབས་དེར་བསླེབ་ན་རྩོམ་ཡིག་ཚད་ལྡན་ཆགས་ཐུབ་པ་མ་ཟད། སྤྱི་ཚོགས་ནང་རྩོམ་པ་པོར་མཐོང་ཡང་ཡོང་གི་རེད།

རྩོམ་པ་པོའི་མཐུན་ཚོགས་ཤིག་ཡིན་ན། ངའི་རེ་བ་མཐོ་ཤོས་དེ་གཅིག་ནས་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྩོམ་པ་པོ་ཚང་མ་རབ་ཡིན་ན་རྩོམ་པ་པོ་ཚད་ལྡན་རྐྱང་རྐྱང་དང་། གཉིས་ནས་རྩོམ་རིག་ལ་དགའ་མོས་ཡོད་མཁན། གསུམ་ནས་རྩོམ་རིག་ལ་དགའ་མི་ཤེས་ནའང་རྩོམ་རིག་གི་བློ་སྦྱོང་ཡོད་མཁན་ཞིག་ཅིས་ཀྱང་ཡིན་དགོས་པ་རེད། དེ་འདྲ་ཞིག་ཡིན་ན། དེ་ནི་བཅོས་བསླད་གང་ཡང་མ་ཡིན་པ། དགོས་པ་གཞན་པར་མ་དམིགས་པར་རྩོམ་རིག་རང་ལ་དམིགས་ནས་ཡོང་དགོས་པ་ཞིག་རེད། དེ་མིན་རྩོམ་རིགས་ཀྱི་ངོས་ནས་མཐུན་ཚོགས་ཤིག་ཇི་ལྟར་གནས་ཐབས་སུ་བསམ་བློ་མི་གཏོང་བར་དཔལ་འབྱོར་གྱི་ཁེ་ཕན་དང་ཆབ་སྲིད་ཀྱི་དབང་ཆ། ཆོས་ལུགས་ཀྱི་ལྟ་གྲུབ། ཡང་ན་མི་སྒེར་གྱི་སྐད་ཆ་གང་རུང་ཞིག་ཁྱེར་ཡོང་ནས་རྩོམ་པ་པོའི་མཐུན་ཚོགས་གནས་ཐབས་བྱེད་པ་དེ་རྩོམ་པ་པོའི་མཐུན་ཚོགས་ཤིག་གི་འགྲོ་སྟངས་མ་རེད། ཐོག་མར་ང་ཚོས་རྩོམ་པ་པོའི་བསམ་བློ་དང་རྩོམ་པ་པོའི་ཤེས་ཚད། རྩོམ་པ་པོའི་ནུས་པ་ལ་བརྟེན་ནས་སྤྱི་ཚོགས་སྟེང་རང་སྐྱ་འཕེར་བའི་ཐོག་ནས་གནས་ཐུབ་དགོས་པ་དང་། དེ་ནས་རིམ་པར་ཆོས་ལུགས་ཆབ་སྲིད་ལ་ཞབས་འདེགས་ཞུ་ཐུབ་དགོས་པ་རེད། ནུས་པ་དེ་འདྲ་ཞིག་གི་སྟེང་ནས་རྩོམ་པ་པོའི་མཐུན་ཚོགས་འདི་གནས་ཐུབ་པ་ཡིན་ན། དེ་ཕུན་སུམ་ཚོགས་པ་རེད།

དྲི་བ། ནུབ་ཕྱོགས་ཀྱི་རྩོམ་པ་པོ་དང་དཔྱད་བརྗོད་པ་ཚོས་སྤྱི་ཚོགས་རྩོམ་རིགས་དང་སྤྱི་ཚོགས་ཆབ་སྲིད་ཐོག་ཁ་ཚ་དགོས་ཀྱི་ཕན་ནུས་ཐོན་གྱི་ཡོད་པ་རེད། དེས་ན་བཙན་བྱོལ་སྤྱི་ཚོགས་ཀྱི་རྩོམ་པ་པོ་དང་དཔྱད་བརྗོད་པ་ཚོས་བཙན་བྱོལ་སྤྱི་ཚོགས་ལ་ནུས་པ་ཐོན་གྱི་མེད་པའི་རྒྱུ་མཚན་གང་ཡིན་ནམ།

ལན། དེ་གཙོ་བོ་སྤྱི་ཚོགས་རིག་གནས་འཕེལ་རྒྱས་ཕྱིན་དང་མ་ཕྱིན་ལ་ཐུག་ཡོད་པ་རེད། ནུབ་ཕྱོགས་ལྟ་བུ་ཡིན་ན། རིག་གནས་ཚད་ལྡན་དང་རྩོམ་པ་པོ་ཚད་ལྡན་ཡོད་སྟབས། དཔྱད་རྩོམ་ཡང་ཚད་ལྡན་འབྲི་ཐུབ་ཀྱི་ཡོད་པ་རེད། རིག་གནས་ཁོར་ཡུག་ཚད་ལྡན་ཞིག་ཡོད་ན་རྩོམ་པ་པོ་ཚད་ལྡན་ཡོང་གི་རེད་ལ། རྩོམ་པ་པོ་ཚད་ལྡན་ཡོད་ན་དཔྱད་རྩོམ་ཡང་ཚད་ལྡན་ཡོང་གི་རེད། དེ་བཞིན། སྤྱི་ཚོགས་ཚད་ལྡན་ཞིག་གི་ནང་རྩོམ་ཡིག་ཚད་ལྡན་ཞིག་བྱུང་ན། དེས་ནུས་པའང་འཐོན་གྱི་ཡོད་པ་རེད། རྩ་བའི་ང་ཚོ་བཙན་བྱོལ་སྤྱི་ཚོགས་ཤིག་ཡིན་སྟབས་ཁོར་ཡུག་དང་གནས་སྟངས་ཚད་ལྡན་མིན་པ་དང་། གཉིས་ནས་རིག་གནས་ཁོར་ཡུག་ཚད་ལྡན་མེད་པ་སོགས་ལ་བརྟེན་ཏེ། རྩོམ་ཡིག་ཚད་ལྡན་ཞིག་འབྲི་ཐུབ་ཀྱི་ཡོད་པ་མ་རེད། ཚད་ལྡན་མིན་པའི་རྩོམ་ཡིག་ཅིག་ཚད་ལྡན་མིན་པའི་སྤྱི་ཚོགས་ནང་སྤེལ་ན། ཚང་མ་ཚད་ལྡན་མིན་པར་འགྱུར་འགྲོ་བ་རེད། དེར་བརྟེན། ངས་བསམ་ན་ང་ཚོས་གནད་དོན་དེ་ངོས་ཟིན་པའི་རྗེས་ལ། ཐོག་མར་མི་རང་ཉིད་ཀྱི་ངོས་ནས་རང་ཉིད་ལ་བསྒྱུར་བཅོས་གཏོང་རྒྱུ་དང་། རང་ཉིད་བསྒྱུར་བཅོས་བཏང་བའི་རྗེས་ལ་གཞན་པར་བསྒྱུར་བཅོས་གཏོང་རྒྱུ་དེ་ངེས་པར་དུ་ཤེས་དགོས་པ་ཞིག་རེད། གནད་འགག་དེ་ཤེས་པ་ཡིན་ན་ད་གཟོད་སྤྱི་ཚོགས་ལ་ནུས་པ་འཐོན་རྒྱུ་རེད་མ་གཏོགས། སྙན་རྩོམ་འགའ་བྲིས་ནས་ནུས་པ་འཐོན་པ་དེ་འདྲ་ཞིག་རྩ་བ་ནས་མ་རེད། སྤྱི་ཚོགས་ཟེར་བ་འདི་བརྩེ་དུང་དང་ལྟ་བ་ལྟ་གྲུབ་ཅིག་གིས་ཁ་ལོ་བསྒྱུར་རྒྱུ་ཡིན་ཟེར་ན་ཧ་ཅང་དཀའ་མོ་རེད། སྤྱི་ཚོགས་ཟེར་བ་འདི་སྤྱིར་བཏང་ནས་ཡར་རྒྱས་ཡོང་བའི་རྗེས་ལ་ད་གཟོད་སྡེ་ཚན་ཁག་མང་པོ་ཞིག་ཕྱེ་ན་ནུས་པ་འཐོན་གི་རེད། དཔེར་ན། རྩོམ་པ་པོའི་མཐུན་ཚོགས་ཤིག་ཡིན་ན། སྤྱི་ཚོགས་ཡར་རྒྱས་གཏང་རྒྱུ་དེ་རྩོམ་པ་པོའི་དམིགས་འདུན་གཙོ་བོ་རེད། ཡིན་ཡང་སྤྱི་ཚོགས་དེའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་འགན་འཁྲི་གཙོ་བོ་དེ་རྩོམ་འབྲིའི་ཁོར་ཡུག་རྒྱ་ཆུང་ཆུང་ཞིག་ནས་བསམ་བློ་བཏང་སྟེ་རིམ་གྱིས་རྒྱ་ཆེ་རུ་གཏོང་རྒྱུ་མ་གཏོགས། ང་ཚོས་ཐོག་མ་ནས་རྩོམ་འབྲི་ཤེས་པ་ཙམ་ནས་སྤྱི་ཚོགས་ལ་བསྒྱུར་བཅོས་གཏང་རྒྱུ་ཟེར་ན། བསམ་བློ་གདོང་ཐུག་རྒྱག་པ་དང་ནུས་པ་མ་ཐོན་པ་སོགས་བྱུང་སྟེ་སེམས་ཤུགས་ཆག་འགྲོ་བ་ཡོང་གི་རེད།

12376400_896345277149208_6946772399336008073_n

ཐེངས་འདིར་གསར་དུ་བདམས་ཐོན་བྱུང་བའི་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་རྣམས་ནི་ཚོགས་གཙོ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་། སྨན་ཤེར་བློ་གྲོས་ལགས་ཚོགས་གཞོན། ཉི་མ་མཚོ་ལགས་འཛིན་སྐྱོང་དྲུང་ཆེ། ཨ་རིག་དགེ་མཐོང་ལགས་ཤེས་ཡོན་འགན་འཛིན། བུདྷ་སྐྱབས་ལགས་ཕྱི་འབྲེལ་དྲུང་ཆེ། སྤྱི་ཟུར་ཆབ་བྲག་ལྷོ་མོ་སྐྱབས་ལགས་རྩོམ་སྒྲིག་འགན་འཛིན། གངས་དཀར་རྒྱལ་སྲས་ལགས་རྩོམ་སྒྲིག་པ་དང་ཤ་བོ་རྟ་མགྲིན་ལགས་རྩོམ་སྒྲིག་ལས་རོགས། ཨ་འབྲུག་དཀོན་མཆོག་ལགས་ཉམས་ཞིབ་པ། རྔ་བཟའ་བདེ་པོ་མཚོ་ལགས་དྲ་རྒྱའི་འགན་འཛིན། བསྟན་འཛིན་ཆོས་དབྱངས་ལགས་གསར་འགོད་པ། དེ་བཞིན། ཕྱི་རྒྱལ་ཡུལ་གྲུ་ཁག་གི་རྒྱུན་ལས་སུ་རྒན་ཆབ་བྲག་ལྷོ་མོ་སྐྱབས་མཆོག་དང་རྫ་ཚེ་རིང་བཀྲ་ཤིས་ལགས། ཁ་སྒང་བསམ་གཏན་རྒྱ་མཚོ་ལགས་བཅས་སུ་གཏན་འཁེལ་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

ཆུ་ཚོད་ ༡༠ སྔོན་ལ།
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

ཆུ་ཚོད་ ༡༦ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༧།༧།༡༥
Mobile App

དུས་རབས་ཉེར་གཅིག་པའི་མི་གྲངས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཆེན་པོ་གསུམ།

༢༠༢༦/༠༧/༡༥
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ།

༢༠༢༦/༠༧/༡༥
Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

༢༠༢༦/༠༧/༡༤

མཆན། 6

  1. བསྟན་རྣམ། says:
    ལོ་ 11 སྔོན།

    ཕུན་ཚོགས་རྡོ་རྗེ་གང་དེར། འོ་ན་ཁྱོད་ཀྱིས་སྨྲ་བརྗོད་རང་དབང་ལ་འགྲེལ་བཤད་ཅིག་བྱོས་དང་། བྱེད་ཐུབ་བམ། དང་པོ་སྨྲ་བརྗོད་རང་དབང་ལ་འགྲེལ་བཤད་དང་གོ་བ་མེད་པར་སྨྲ་བརྗོད་རང་དབང་ཅི་ལྟར་སྲུང་སྐྱོབ་བྱེད་དགོས་སམ། ངས་ཁྱོད་ལ་དྲི་བ་གཅིག་འབྲི། སྨྲ་བརྗོད་རང་དབང་ལ་ས་མཚམས་ཤིག་ཡོད་དམ་མེད། ཡོད་ན་ཅི་ལྟར་ཡོད་པ་དང་། མེད་ན་ཅི་ལྟར་མེད་པ་རེད། སྨྲ་བརྗོད་རང་དབང་གི་ས་མཚམས་ཡོད་མེད་སྐོར་ལ་ཧ་ཅང་རྙོག་དྲ་ཆེན་པོ་རེད། སྲུང་སྐྱོབ་བྱེད་དགོས་ན་སྲུང་སྐྱོབ་བྱ་སྟངས་ལ་སྒྲོམ་གཞི་ཞིག་དགོས་དང་མི་དགོས། རྒྱལ་སྤྱིའི་ཐོག་གི་མཁས་པ་མང་ཆེ་བས་སྨྲ་བརྗོད་རང་དབང་ལ་སྒྲོམ་གཞི་ནམ་ཡང་འཛུགས་རྒྱུ་མེད་ཚུལ་གསུངས་གི་ཡོད་རེད། ཡང་ཁ་ཤས་ཀྱིས་སྒྲོམ་གཞི་གུ་ཡངས་པོ་ཞིག་དགོས་ཚུལ་གསུངས་གི་ཡོད་རེད། ཁྱེད་རང་གིས་སྐྱིད་པོ་མ་དྲན། མགོ་འཚོས་ལ་མ་འཚོས་སྨྲ་བརྗོད་རང་དབང་ཟེར་ནས་སྐད་བརྒྱབ་མ་བརྒྱབ་ཡོད་མ་རེད། འདི་བརྗོད་གཞི་ཆེན་པོ་ཞིག་རེད། ང་ཚོ་སུ་ཡིན་ཡང་སྨྲ་བརྗོད་རང་དབང་སྲུང་སྐྱོབ་བྱེད་རྒྱུ་ཟེར་ན་དགའ་གི་རེད། ཡིན་ནའང་འགྲེལ་བཤད་མེད་ན་སྟོང་པ་རེད། ཆོས་ལུགས་དང་ཆབ་སྲིད་གཅིག་པུ་མ་རེད། ཆོལ་ཁ་དང་། ཚོགས་པ་སྐྱིད་སྡུག རྩོམ་པ་པོའི་མཐུན་ཚོགས་རང་གི་ནང་ཁུལ། མི་རིགས་དབར། གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་སོགས་ལ་སྐྱོན་བརྗོད་བྱེད་པ་སོགས་མང་པོ་ཞིག་ཚུད་དགོས་རེད།

    Reply
  2. ཕུན་ཚོགས་རྡོ་རྗེ། says:
    ལོ་ 11 སྔོན།

    ངས་བཅར་འདྲི་འདི་ཞིབ་ཏུ་བཀླགས་པ་ཡིན། ཧ་ཅང་གཏིང་ཟབ་མོ་དང་གུ་ཡངས་མོའི་ཐོག་ནས་གསུངས་འདུག སྔགས་བརྗོད་ཡོད། སྐད་ཆ་ཚང་མ་ཁ་རུ་ཁ་ཐུག་དང་ལྷག་བསམ་རྣམ་དག་རེད། བཙན་བྱོལ་ནང་གི་ཆབ་སྲིད་པ་ཚོ་དང་མི་འདྲ་བའི་ཤེས་ཡོན་པའི་ཁྱད་ཆོས་གསལ་བོ་འདུག བཤད་དགོས་པ་ཚང་མ་ཁ་གསལ་བོ་ཁུངས་དག་མོའི་ཐོག་ནས་བཤད་འདུག རྩོམ་པ་པོའི་སྨྲ་བརྗོད་རང་དབང་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ལབ་ན། སྐད་ཆ་སྡུག་རུ་ཉེས་ཚད་ཚང་མ་བཤད་ན་དེ་ལ་སྲུང་སྐྱོབ་ཡོད་ཟེར་བ་མ་རེད། སྐད་ཆ་འདི་མ་གོ་ན་ཐབས་ཤེས་ཡོད་པ་མ་རེད། ལོག་འགྲེལ་བརྒྱབ་ན་ནག་ཉེས་སོ་སོའི་མགོ་ན་ཡོད་པ་རེད། བཙན་བྱོལ་ནང་དུའང་ཆབ་སྲིད་ཀྱི་གཡོ་འགུལ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་འོག་ནས་རྩོམ་པ་པོ་ཚོས་བཤད་མ་ཐུབ་པ་དང་འབྲི་མ་ཐུབ་པ་མང་པོ་ཞིག་ཡོད་པ་རེད། དེ་བཞིན་དུ་བཙན་བྱོལ་བོད་གཞུང་ནང་གི་ལས་བྱེད་རྐང་གཅིག་གིས་ཀྱང་རྩོམ་ཡིག་བྲིས་ཆོག་གི་ཡོད་པ་མ་རེད། འདི་དག་ལ་སྨྲ་བརྗོད་རང་དབང་དགོས་པ་མ་རེད་དམ། ཚོགས་གཙོ་སྤྲེལ་ནག་པ་མཆོག་གིས་ཆབ་སྲིད་ཀྱི་གནོན་ཤུགས་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་ཀྱི་འོག་ཏུ་རྩོམ་པ་པོ་མང་པོ་ཞིག་ནར་གསོན་ཐུབ་ཀྱི་མེད་པ་དང་། རང་གི་བསམ་ཚུལ་ངོ་མ་དེ་གུ་ཡངས་རང་དབང་གི་ཐོག་ནས་འདོན་ཆོག་པ་དང་འདོན་ཐུབ་པའི་ཁོར་ཡུག་ཅིག་བསྐྲུན་རྒྱུ་ཡིན་གསུང་གི་ཡོད་པ་རེད། ཟབ་ཅིང་རྒྱ་ཆེ་བའི་སྐད་ཆ་འདི་མི་གོ་མཁན་དང་ལོག་འགྲེལ་རྒྱག་མཁན་ཚོས་ད་གཟོད་རྩོམ་པ་པོ་དང་ཤེས་ཡོན་པ་རྣལ་མའི་སྨྲ་བརྗོད་རང་དབང་འགོག་གི་ཡོད་པ་རེད།

    Reply
  3. བློན་ཆེན། says:
    ལོ་ 11 སྔོན།

    བསྟན་རྣམ་ལགས་ཀྱིས་བཤད་ན། སྨྲ་བརྗོད་རང་དབང་ནི་འགན་འཁུར་མི་དགོས་པར་ག་རེ་བཤད་ན་འགྲིག་པའི་རང་དབང་ཞིག་ཡིན་པ་དང་། དེར་ཚོད་འཛིན་བྱས་ན་སྨྲ་བརྗོད་རང་དབང་འཕྲོག་པ་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་འདྲ། དེ་འདྲ་གཏན་ནས་མ་རེད། ཁྱེད་རང་ལ་རང་དབང་དགོས་པ་བཞིན་ཕ་རོལ་པོར་ཡང་རང་དབང་དགོས་པ་རེད། ཕན་ཚུན་གཉིས་ཀྱི་རང་དབང་སྲུང་སྐྱོབ་ཡོང་བ་ལ་ཕན་ཚུལ་བརྩི་བཀུར་གྱིས། ག་རེ་བཤད་ནའང་འཕྲད་ཕུགས་རྒྱང་གསུམ་ལ་དམིགས་ཏེ་འགན་འཁུར་དགོས་པ་རེད། འཛམ་གླིང་གི་མཚན་ཉིད་རིག་པ་བ་མང་པོ་ཞིག་གིས་འཇིག་རྟེན་འདིར་ཚད་མེད་པའི་རང་དབང་ཞིག་ཡེ་ནས་མེད་པ་དང་དེ་འདྲ་ཞིག་བསྐྲུན་ཐབས་མེད་པའི་སྡོམ་ཚིག་ལའང་བསམ་བློ་བཏང་ནས་སྐད་ཆ་བཤད་དགོས་པ་རེད་སྙམ།

    Reply
  4. བསྟན་རྣམ། says:
    ལོ་ 11 སྔོན།

    ང་མཚོན་ན་བློ་གྲོས་དཔལ་བཟང་ལ་མོས་གུས་ཡོད་པ་ཞིག་ཡིན། ཡིན་ནའང་། སྐད་ཆ་ཁ་ཤས་ཁ་ཐུག་ལ་བཤད་དགོས་རེད་སྙམ། བཙོན་བྱོལ་ནང་གི་རྩོམ་པ་པོའི་སྨྲ་བརྗོད་རང་དབང་སྲུང་སྐྱོབ་བྱེད་རྒྱུ་དེ་རྩོམ་པ་པོའི་མཐུན་ཚོགས་ཀྱི་འགན་ཆེན་པོ་ཞིག་རེད། དཔེར་ན་བཙན་བྱོལ་ནང་གི་རྩོམ་པ་པོ་ཞིག་གིས་རྒྱལ་བ་རིན་པོ་ཆེ་དང་ཆོས་ལུགས་གྲུབ་མཐའ་གང་རུང་ལ་དགག་པ་བརྒྱབ་པའམ་ཁ་བཏང་བ། དམའ་འབེབས་ཁྱད་གསོད་བྱས་ན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་རྩོམ་པ་པོའི་སྨྲ་བརྗོད་རང་དབང་སྲུང་སྐྱོབ་བྱེད་སྟངས་ཅི་ལྟར་ཡིན་ནམ། ཡང་ན་རྩོམ་པ་པོ་ཞིག་གིས་ལོ་རྒྱུས་ཞིབ་འཇུག་བྱས་ཏེ་བོད་དེ་བོད་བཙན་པོའི་རྗེས་ནས་རྒྱལ་ཁབ་ཅིག་ནམ་ཡང་ཆགས་མྱོང་མེད་པ་དང་ལྷག་པར་དུ་ཁམས་ཕྱོགས་དང་ཨ་མདོ་བ་ཚོ་བོད་པ་མ་ཡིན་པར་མི་རིགས་ཕུང་གསུམ་པ་ཞིག་ཡིན་ཚུལ་གྱི་བདེན་དབང་དང་དངོས་པོའི་ཁུངས་སྐྱེལ་བྱས་ཏེ་ད་ལྟའི་བོད་ཆོལ་ཁ་གསུམ་རང་བཙན་ཟེར་བ་ལ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་གང་ཡང་མེད་པར་འཆལ་གཏམ་འབའ་ཞིག་ཡིན་ཚུལ་ཁུངས་དང་རིགས་པར་བསྒྲུབ་ན་དེར་རྩོམ་པ་པོའི་མཐུན་ཚོགས་ཀྱིས་སྨྲ་བརྗོད་རང་དབང་སྲུང་སྐྱོབ་བྱེད་ཐུབ་བམ། ཡང་གཅིག་གིས་བོད་རྒྱལ་ཁབ་ཟེར་བ་དང་། བོད་མི་རིགས་ཟེར་བ། བོད་རང་བཙན་ཟེར་བ་སོགས་ནི་འཆར་སྣང་ཁོ་ན་ཡིན་ཚུལ་དང་། མ་འོངས་པའི་འཛམ་གླིང་གི་ལོ་རྒྱུས་ནང་ནམ་ཡང་ཡོང་རྒྱུ་མེད་པའི་སྟོང་བསམ་ཁོ་ན་ཞིག་ཡིན་ཚུལ་ཁུངས་དང་རིགས་པས་བསྒྲུབ་ན་དེར་སྲུང་སྐྱོབ་བྱེད་ཐུབ་བམ། ངས་བལྟས་ན་ད་སྐབས་རྒྱལ་བ་རིན་པོ་ཆེ་དང་ཆོས་ལུགས་ཀྱི་བླ་ཆེན་ཚོར་སྐྱོན་བརྗོད་བྱེད་པར་སྨྲ་བརྗོད་རང་དབང་གང་འཚམ་ཞིག་ཡོད་པ་མཐོང་གསལ་རེད། ཡིན་ནའང་བོད་མི་ཞིག་གིས་བོད་རང་བཙན་དང་བོད་མི་རིགས་ལ་དགག་པ་རྒྱག་རྒྱུ་ལ་སྨྲ་བརྗོད་རང་དབང་ཧ་ཅང་ཁག་པོ་རེད། མི་ཞིག་གིས་ཁྱི་དང་མཚུངས་པའི་བོད་མི་རིགས་ཟེར་བ་དང་བོད་རང་བཙན་ནི་འདས་པའི་འཆལ་གཏམ་དང་མ་འོངས་པའི་མིའི་རིགས་ཀྱི་ཆགས་སྒོ་རེད་ཟེར་ན་ཅི་བྱ། ང་ཚོར་སྨྲ་བརྗོད་རང་དབང་དགོས་ཀྱི་ཡོད་ཀྱང་སྨྲ་བརྗོད་རང་དབང་ལ་ས་མཚམས་ཡོད་མེད་དེ་དཀའ་ངལ་ཆེ་ཤོས་རེད། ས་མཚམས་ཞིག་བགར་ནས་བཀག་རྒྱ་བཟོས་ན་ཚད་བཀག་ཅན་ཞིག་ཆགས་པ་རེད། དེ་ལྟར་བྱུང་ནའང་འགྲིག་གི་མེད་པ་རེད། རྩོམ་པོ་པོའི་མཐུན་ཚོགས་ངོས་ནས་ཚོགས་མི་རྩོམ་པ་པོ་ཚོར་སྨྲ་བརྗོད་རང་དབང་ལ་འགྲེལ་བཤད་ཡང་དག་པ་ཞིག་དགོས་ཀྱི་ཡོད་རེད། དང་པོ་སྨྲ་བརྗོད་རང་དབང་གསལ་པོ་བཟོ་དགོས་སྙམ།

    Reply
  5. གཡུ་སྒང་དགེ་འདུན། says:
    ལོ་ 11 སྔོན།

    དགེ་རྒན་ཆེན་མོ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས་ལ་བཀྲ་ཤིས་བདེ་ལེགས་དང་ཆབས་ཅིག་ཞུ་གསོལ།

    1 རྩོམ་པ་པོ་མང་པོ་ཞིག་སྐྱེད་སྲིང་བྱེད་པ་ལ་ཤེས་ཡོན་དང་བསམ་བློ་སྐྱེད་སྲིང་བྱ་དགོས་པ་མ་གཏོགས། སྔོན་མའི་སྲོལ་རྒྱུན་རིག་གནས་ལྟ་བུར་མཚོན་ན་ང་ཚོར་མང་མེད་ན་ཉུང་ཡོད་པ་མ་རེད། ཆབ་སྲིད་ཀྱི་ཁྱབ་ཁོངས་དང་མཚན་ཉིད་རིག་པའི་ཁྱབ་ཁོངས། རྩོམ་རིག་གི་ཁྱབ་ཁོངས། སྒྱུ་རྩལ་གྱི་ཁྱབ་ཁོངས། ཡང་ན་མཛེས་དཔྱོད་རིག་པའི་ཁྱབ་ཁོངས། དཔལ་འབྱོར་རིག་པའི་ཁྱབ་ཁོངས་སོགས་སྔོན་མའི་སྤྱི་ཚོགས་དང་མི་མང་གི་ཁ་ཕྱོགས་ལ་བཅོས་བསྒྱུར་དང་འཕོ་འགྱུར་བཏང་མྱོང་བའི་རྩོམ་ཡིག་གྲགས་ཆེན་མང་པོ་བདམས་བསྒྱུར་དང་དཔར་འགྲེམ་བྱས་ཏེ་རིག་གནས་ནང་འདྲེན་ཐོག་ཤུགས་རྒྱག་རྒྱུ་ཡིན།

    2 ཆོས་ལུགས་ཆབ་སྲིད་ལྟ་བུ་ཡིན་ན། སྒྱུ་རྩལ་རྩོམ་རིགས་ཀྱི་ཁྱབ་ཁོངས་མིན་སྟབས། ཆོས་ལུགས་ཀྱི་ཁྱབ་ཁོངས་ནས་སྒྱུ་རྩལ་རྩོམ་རིགས་བཤད་རྒྱུ་ཟེར་ན་དེ་ཡོང་གི་ཡོད་པ་མ་རེད། སྒྱུ་རྩལ་རྩོམ་རིག་བཤད་པ་ལ་ཐོག་མར་ཆོས་ལུགས་ཀྱི་ཁྱབ་ཁོངས་སུ་མ་སོང་སྔོན་ལ་སྒྱུ་རྩལ་གྱི་ཁྱབ་ཁོངས་ནས་སྒྱུ་རྩལ་གྱི་དངོས་སྦྱོང་དང་སྒྱུ་རྩལ་གྱི་བློ་སྦྱོང་། སྒྱུ་རྩལ་གྱི་དཔེ་སྦྱོང་སོགས་བྱས་རྗེས་ད་གཟོད་སྒྱུ་རྩལ་རྩོམ་རིག་ཡོང་གི་རེད།

    དང་པོ། སྔོན་མའི་སྲོལ་རྒྱུན་རིག་གནས་ལྟ་བུར་མཚོན་ན་ང་ཚོར་མང་མེད་ན་ཉུང་ཡོད་པ་མ་རེད་ཟེར་གྱི་འདུག འདིའི་ཐད་ལ་ཁྱེད་རང་མིག་ཤེལ་མདོག་ནག་པོ་དེ་བླངས་ནས་བལྟས་ན་ཅ་དངོས་ཡོད་ཚད་ཀྱི་ཁ་དོག་དངོས་གནས་ངོས་ཟིན་པ་ལས་གཞན་མིག་ཤེལ་གྱི་མདོག་གིས་ཕ་རོལ་བོས་མདོག་དེ་ཅུང་བསྒྱུར་འགྲོ་བ་དེ་བཤད་མི་དགོས་པ་ཞིག་རེད། སྔོན་མའི་སྲོལ་རྒྱུན་རིག་གནས་ཀྱི་ལེགས་ཆ་ག་ཚོད་མང་ན་དེ་ལེན་དགོས་པ་ལས་མང་མེད་ན་ཉུང་མེད་ཅེས་མ་རེངས་པའི་རྣམ་འགྱུར་དེ་དག་ཅིག་བསྡད་མེད་པར་འདོད། ད་ལྟ་ང་ཚོ་བོད་པ་ཟེར་བ་ཞིག་སྤྱི་ཚོགས་འདིར་གསོན་ཐུབ་ཡོད་པ་ནི་སྔ་མའི་སྲོལ་རྒྱུན་རིག་གནས་ཀྱི་ལེགས་པའི་ཆ་ལས་བྱུང་བ་རེད་མ་གཏོགས། གལ་སྲིད་དེ་འདྲ་ཞིག་མེད་ན་འཛམ་བུ་གླིང་འདིའི་སྒང་ལ་བོད་པ་ཞེས་མིང་ཙམ་ཡང་མེད་པ་ཆགས་ཡོད་པ་རེད།

    གཉིས་པ། སྤྱིར་སྒྱུ་རྩལ་རྩོམ་རིག་ཟེར་དུས་ཟློས་གར་དང་སྙན་ངག་སོགས་བརྩམ་བྱ་གང་ཡིན་པ་ཐམས་ཅད་ལ་འཇུག་པའི་རིག་པའི་གནས་ཤིག་ལ་ཟེར་གྱི་ཡོད་པ་རེད་མ་གཏོགས། སྒྱུ་རྩལ་རྩོམ་རིག་ཟེར་དུས་ཆགས་སྲེད་ཀྱི་རིགས་ཤ་སྟག་ལྟ་བུ་ཞིག་ཨེ་ཡིན་ན། སྒྱུ་རྩལ་རྩོམ་རིག་ལ་རིགས་མང་དུས་ཆོས་ལུགས་ཀྱི་ཁོངས་སུ་གཏོགས་པ་དང་མ་གཏོགས་པ། ཆོས་ལུགས་ཀྱི་ཁྱབ་ཁོངས་ནས་སྒྱུ་རྩལ་རྩོམ་རིག་བཤད་ན་ཡོང་གི་ཡོད་པ་དང་མེད་པ་གཉིས་ཀ་ཡོད་པ་རེད། གླེན་པའི་ནོར་ན་མཐོ་གང་། མཁས་པས་ནོར་ན་འདོམས་གང་ཞེས་པའི་དཔེ་རུ་འགྱུར་སྲིད།

    Reply
  6. རྒྱལ་པོ། says:
    ལོ་ 11 སྔོན།

    ཚོགས་གཙོ་མཆོག་གི་བཀའ་མོལ་ཁྱོན་ཡོངས་ཀྱི་ཆ་ནས་བདེན་པའི་ཆ་ཞིག་འདུག ཡིན་ནའང་བཀའ་མོལ་གནང་སྟངས་ཀྱི་ཆ་ནས་ཏག་ཏག་བསྡད་མེད་པ་མང་པོ་ཞིག་མཐོང་སོང་ལ། ཐལ་ཆ་ཆེ་བ་དང་འགན་འཁུར་དཀའ་བའི་གནས་ཚུལ་གང་ལ་གང་འཚམ་ཞིག་འདུག ཡིན་ནའང་ཚོགས་གཙོ་གསར་པའི་རྟེན་འབྲེལ་གྱི་མགོ་འཛུགས་གནང་གི་ཡོད་པའི་སྐབས་ལ་ངས་མི་དགེ་བའི་སྐད་ཆ་གང་ཡང་ཞུ་རྒྱུ་མིན་ལགས། ཚོགས་གཙོ་མཆོག་གི་འཕྲལ་ཕུགས་ཀྱི་དགོངས་འཆར་ཡོངས་ལ་རྒྱབ་སྐྱོར་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese