༧རྒྱལ་བ་རིན་པོ་ཆེའི་དཔེ་མཛོད་དང་འགྲེམས་སྟོན་ཁང་གསར་རྒྱག

ཨ་རིའི་མངའ་སྡེ་ནེའུ་ཡོག་ནང་རྟེན་གཞི་བྱས་པའི་ཨི་ཐི་ཀའི་( ITHACA ) དུས་འཁོར་ཆོས་གླིང་གིས་ཐུགས་འགན་བཞེས་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་ ༡༤ པ་ཆེན་པོ་མཆོག་གི་དཔེ་མཛོད་དང་འགྲེམས་སྟོན་ཁང་ཞེས་པ་ཞིག་གསར་དུ་རྒྱག་གནང་གི་ཡོད་འདུགསྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དྲ་རྒྱའི་སྟེང་གསལ་བསྒྲགས་སྤེལ་བའི་ནང་། དཔེ་མཛོད་དང་འགྲེམས་སྟོན་ཁང་དེ་འདྲ་ཞིག་གསར་རྒྱག་གི་དམིགས་ཡུལ་གཙོ་བོ་ནི། ༧སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འཛམ་གླིང་ཡོངས་ཀྱི་སྐྱེས་བོ་ས་ཡ་མང་པོའི་ཚབ་མཚོན་དུ་བཞག་པའི་རིན་བྲལ་གྱི་ཤུལ་བཞག་རིག་དངོས་སྲུང་སྐྱོབ་ཀྱི་ཆེད་དང་། འཛམ་གླིང་ཡོངས་ཀྱི་ཚན་རིག་པ་དང་ལྟ་གྲུབ་སྨྲ་བ། ཤེས་ཡོན་པ། བོད་དང་བོད་ཀྱི་ནང་ཆོས་སྐོར་ལ་སློབ་གཉེར་གནང་མཁན་ཚོར་སློབ་གཉེར་གྱི་ལྟེ་གནས་ཤིག་སྐྲུན་པའི་ཆེད་དུ་ཡིན་སྐོར་འཁོད་འདུག

ལས་གཞི་དེ་དྷ་སར་ཡོད་པའི་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་མ་དགོན་དང་ཨི་ཐི་ཀ་ཆོས་ཚོགས་གཉིས་བར་གྲོས་བསྡུར་གནང་བ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྙན་སེང་ཞུས་པ་བརྒྱུད་གསར་རྒྱག་གནང་ཡོད་པ་མ་ཟད། ཕྱི་ལོ་༢༠༡༦ ཟླ་༤ ཚེས་༢༨ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཤེས་ཡོན་ལྟེ་གནས་ཁང་གསར་པ་དེར་ཏཱ་ལའི་བླ་མའི་དཔེ་མཛོད་དང་འགྲེམས་སྟོན་ཁང་ཞེས་མཚན་གསོལ་གནང་ཡོད་འདུག

དཔེ་མཛོད་དང་འགྲེམས་སྟོན་ཁང་གསར་རྒྱག་གི་ལས་གཞི་དེར་ཨ་སྒོར་ས་ཡ ༡༣ གྱི་འགྲོ་གྲོན་གཏོང་འཆར་ཡོད་པ་དང་། ལས་གཞིའི་ཆེད་ཨ་སྒོར་ ༡༠༠༠༠ དང་ཡང་ན་དེ་ལས་བརྒལ་བའི་ཞལ་འདེབས་གནང་མཁན་བྱུང་ཚེ། ལས་གཞི་གྲུབ་རྗེས་ཚེ་གང་རིན་མེད་ཀྱིས་ནང་འཛུལ་དང་དེ་མིན་གྱི་དགོས་མཁོའི་མཐུན་རྐྱེན་ཡང་གནང་འཆར་ཡོད་པ་དང་། གཞན་ཡང་དཔེ་མཛོད་དང་འགྲེམས་སྟོན་ཁང་དེར་༧ གོང་ས་མཆོག་གི་ཕྱག་དེབ་དང་སྐུ་པར་རིགས་སོགས་ཞལ་འདེབས་སུ་གནང་རྒྱུར་རེ་སྐུལ་གནང་འདུགཨི་ཐི་ཀའི་དུས་འཁོར་ཆོས་གླིང་ནི། རྒྱ་གར་ནང་གསུང་ཆོས་ཞུ་བར་བཅར་མི་ཐུབ་པའི་ནུབ་ཕྱོགས་པའི་དད་ལྡན་སྐྱེ་བོ་རྣམས་ཀྱི་ཆེད་དུ་གཙོ་བོར་དམིགས་ཏེ། ༸སྤྱི་ནོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་རྒྱ་གར་ནང་རྟེན་གཞི་བྱས་པའི་མ་དགོན་རྣམ་རྒྱལ་གྲྭ་ཚང་གཉིས་ཀྱི་སློབ་སྟོན་འོག ཕྱི་ལོ་ ༡༩༩༢ ལོར་ཨ་རིའི་ནེའུ་ཡོག་ཨི་ཐི་ཀ་ཞེས་པའི་ས་ཁུལ་དུ་ཕྱག་བཏབ་ཡོད་པ་དང་། ས་ཆ་དེ་ནི་ནེའུ་ཡོག་ཀོ་ནིལ་སློབ་གྲྭ་ཆེན་མོའི་ཉེ་འགྲམ་དུ་ཆགས་ཡོད་པ་དང་། ཡུལ་དེའི་དད་ལྡན་དོན་གཉེར་ཅན་རྣམས་ཀྱི་ཆེད་དུ་རྣམ་རྒྱལ་གྲྭ་ཚང་གི་སྐུ་ཞབས་མདོ་སྔགས་སློབ་མཐར་ཕྱིན་པ་བཞི་ཆེད་གཏོང་གིས་སློབ་འཁྲིད་གནང་བཞིན་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༡/༢༤

Leave a Reply