ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་ཆེན་ཐེངས་ ༤ པ་དབུ་འཛུགས་གནང་།

ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་དུས་རབས་ཉེར་གཅིག་པའི་ནང་ང་ཚོ་འཇིག་རྟེན་གྱི་འགྲོ་བ་མི་ཡོངས་དང་དཔུང་པ་མཉམ་གཤིབ་ཀྱིས་འགྲོ་དགོས་པས་ཁྲིམས་ཀྱི་དབང་བསྒྱུར་ཁ་ཡོད་ལག་ཡོད་ཅིག་དགོས་གལ་ཆེ་སྐོར་གསུངས་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༨།༣༠ ཐོག བཞུགས་སྒར་དྷ་རམ་ས་ལའི་ཀིརྟིའི་བྱེས་པ་གྲྭ་ཚང་དུ། ཉིན་གྲངས་གཉིས་རིང་གི་ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་འདུ་ཐེངས་ ༤ པ་དབུ་འཛུགས་གནང་སོང་བ་དང་། མཛད་སྒོའི་སྐུ་མགྲོན་དུ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གི་དབུས་པའི་མཁན་བླ་རྣམ་པ་དང་། དགེ་འདུན་པ། དེ་བཞིན་གནད་ཡོད་མི་སྣ་དང་མི་མང་བཅས་འཛོམས་འདུག་ལ། མཛད་སྒོའི་ཐོག་དགེ་རྩ་ཚོགས་པ་ནས་སྐུ་མགྲོན་གཙོ་བོ་མཆོག་ལ་སྐུ་གསུང་ཐུགས་རྟེན་དང་ན་བཟའ་ཆ་ཚང་ཞིག་བཅས་འབུལ་ལམ་ཞུས་སོང་བ་དང་། དེ་བཞིན་འབྲེལ་ཡོད་སྤྱི་སྒེར་ཁག་ཅིག་ལ་ཐུགས་རྗེ་ཆེ་ཞུའི་བཀའ་ཤོག་དང་གཟེངས་བསྟོད་གསོལ་རས་བཅས་གནང་སོང་།

མཛད་སྒོའི་ཐོག་མར་ཀིརྟིའི་དགེ་རྩ་ཚོགས་པའི་སྤྱི་ཁྱབ་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་གཙོ་བློ་བཀྲ་ཚེ་རིང་ལགས་དང་། དགེ་རྩ་ཚོགས་པའི་ཚོགས་ཆེན་ཐེངས་ ༤ པའི་ཚོགས་གཙོ་འབྲིང་བ་འཇིགས་མེད་ལགས་རྣམ་གཉིས་ནས་ཚོགས་ཆེན་ངོ་སྤྲོད་དང་འདས་པའི་ལོ་ ༤ རིང་གི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུ་སྐབས། ཕྱི་ལོ་ ༢༠༡༥ ནས་ ༢༠༡༨ ལོའི་བར་གྱི་སྐབས་སོ་སོའི་གྲོས་ཆོད་ཁག་མ་འདྲ་བ་ ༥༢ གཏན་འབེབས་བྱུང་བ་ལས་བརྒྱ་ཆའི་ ༩༠ ཙམ་ལག་བསྟར་གནང་ཡོད་སྐོར་དང་། འདས་པའི་ལོ་ ༤ རིང་ཤེས་ཡོན་རོགས་སྐྱོར་ཆེད་དཀའ་ངལ་ཅན་གྱི་སློབ་མ་གྲངས་ ༢༠༨ ལ་ཁྱོན་ཧིན་སྒོར་འབུམ་ ༤༩ ཙམ་གྱི་སློབ་ཡོན་རོགས་སྐྱོར་དང་། སྨན་བཅོས་རོགས་སྐྱོར་ཆེད་བཞུགས་སྒར་ཁུལ་གྱི་གཙོས་ས་ཕྱོགས་འདྲ་མིན་གྱི་ནད་པ་ཉམ་ཐག་གྲངས་ ༣༢ ལ་ཁྱོན་ཧིན་སྒོར་ཁྲི་ ༥༠ དང་། ཉམ་ཐག་རོགས་སྐྱོར་ཆེད་ཁྱོན་ཧིན་སྒོར་ཁྲི་ ༨༡ ལྷག དེ་བཞིན་སྐྱིད་སྡུག་དང་སློབ་གྲྭ་འདྲ་མིན་གྱི་ཚོགས་སྡེ་ཁག་གི་དཔེ་དེབ་དཔར་སྐྲུན་དང་ཤེས་ཡོན་བགྲོ་གླེང་། སྐུ་གསུང་ཐུགས་བརྟེན་གསར་བཞེངས་དང་ཉམས་གསོ་སོགས་ཀྱི་ཐད་ཞལ་འདེབས་ཁྱོན་ཧིན་སྒོར་ཁྲི་ ༤༡ ལྷག་དང་། ལོ་རེའི་ཕྱི་ཟླ་ ༨ ཚེས་ ༨ ཉིན་ཀིརྟི་རིན་པོ་ཆེའི་འཁྲུངས་ཚེས་ལ་དྷ་སའི་ཉེ་འགྲམ་གྱི་བོད་སྨན་ཁང་ཁག་ ༥ དང་ཕྱི་ལུགས་སྨན་ཁང་ཁག་ ༢ གཉིས་བཅས་ནས་ནད་པ་གྲངས་ ༦༣༡༡ ལ་སྨན་སྦྱིན་དང་། བྱམས་པ་གླིང་རྒས་གསོ་ཁང་གི་རྒན་འཁོགས་གྲངས་ ༡༤༠ ཡས་མས་ཤིག་ལ་ལོ་ལྟར་ཉིན་གཅིག་གི་བཞེས་ལག་དང་།  མི་རེར་ལག་དངུལ་ཧིན་སྒོར་ ༥༠༠ རེ་དང་བཅུད་ལྡན་ཟས་རིགས་སོགས་ཕུལ་བ། བདེ་ལེགས་སྨན་ཁང་དང་སྨན་རྩིས་ཁང་གཉིས་ནང་ནད་པ་ཞག་སྡོད་བྱས་ཡོད་རིགས་ལ་བཅུད་ལྡན་ཟས་རིགས་དང་ལག་དངུལ་ཧིན་སྒོར་ ༥༠༠ རེ་ཕུལ་པ་དང་། དེ་བཞིན་ཉིན་དེར་རྡོར་གླིང་ཡུལ་མིའི་ཉམ་ཐག་སློབ་གྲྭ་དང་སྨན་ཁང་སོགས་ལ་སྨན་སྦྱིན་ཁྱོན་ཧིན་སྒོར་འབུམ་ ༥༢ ཙམ་གྱི་སྨན་སྦྱིན་གནང་ཡོད་པ་སོགས་སྙན་སྒྲོན་གནང་སོང་།དེའི་རྗེས་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་བླང་དོར་ལམ་སྟོན་གྱི་བཀའ་སློབ་གནང་སྐབས། དུས་རབས་ཉེར་གཅིག་ནང་ང་ཚོ་སྔ་མོའི་སྲོལ་བཟང་རྒྱུན་བཟང་ཐོག་སྡོད་རྒྱུ་དེ་ཕལ་ཆེར་བརླགས་པ་ལྟ་བུ་ཞིག་རེད། དེ་བས་འཇིག་རྟེན་གྱི་འགྲོ་བ་མི་ཡོངས་དང་དཔུང་པ་མཉམ་གཤིབ་ཀྱིས་འགྲོ་དགོས་པས་ཁྲིམས་ཀྱི་དབང་བསྒྱུར་ཡོད་དགོས་པ་དང་། དེ་འདྲ་བའི་ཁྲིམས་ཀྱི་དབང་བསྒྱུར་དེའང་ཕྱག་ལེན་ཙམ་མ་ཡིན་པར་ཡིག་ཐོག་ཏུ་སུས་གཟིགས་པ་ཡིན་ནའང་། གཟིགས་ཆོག་པ་ཞིག་དང་སུས་ལག་ལེན་དུ་བསྟར་ནའང་ཚང་མར་བཀོད་སྙོམ་ཡོང་བ་ཐབས་ཤེས་ཡོད་དགོས་པ་དེ་མེད་དུ་མི་རུང་བའི་དུས་ཀྱི་དགོས་མཁོ་ཞིག་ཆགས་ཡོད་པ་རེད། དེ་བས་བར་ལམ་ཞིག་ནས་གདན་ས་གསུམ་གྱི་གྲྭ་ཚང་ཁག་གི་གཙོས་བཙན་བྱོལ་བོད་མིའི་ཆོས་སྡེ་བཤད་གྲྭ་ཁག་ནང་སྤྱིར་འཛིན་སྐྱོང་གི་རིམ་པ་དང་། ལྷག་པར་དུ་དཔལ་འབྱོར་གྱི་འདུ་འགོད་སོགས་ཀྱི་ཆེད་ས་གནས་ཀྱི་ཁྲིམས་དང་མཐུན་པའི་དེབ་སྐྱེལ་བྱེད་དགོས་པ་དང་ཆབས་གཅིག་ཏུ། ཁྲིམས་མཐུན་གྱི་སྒྲིག་གཞི་གཏན་ལ་ཕབས་དགོས་པ། སྒྲིག་གཞི་དེའི་ནང་གི་དགེ་འདུན་གྱི་སྡེ་དང་ཆོས་སྡེ་སོ་སོའི་སྲོལ་རྒྱུན་གྱི་ཕྱག་ལས་ཡོངས་རྫོགས་དེའི་ཁྱབ་ཁོངས་ལ་མ་འདུས་པར་བརྟེན། རང་རང་སོ་སོ་དགེ་འདུན་གྱི་ནང་ཁྲིམས་དང་སོ་སོའི་ཐུན་མོང་མ་ཡིན་པའི་སྔོན་གྱི་སྲོལ་བཟང་དེ་ཚོ་དེང་རབས་ཀྱི་སྒྲིག་གཞི་ཚད་ལྡན་འོག་ལ་འགྲོ་དགོས་པའི་ཆེད་དུ་༧གོང་ས་སྐྱབས་མགོན་ཆེན་པོས་བཀའ་སློབ་སྔ་ཕྱིར་གནང་ཡོད་པ་རེད་ལ། མང་པོ་ཞིག་ལ་བསམ་ཚུལ་དེ་འདྲ་ཡོང་གི་ཡོད་པ་རེད། ཡིན་ནའང་། དེང་རབས་ཀྱི་དགོས་མཁོ་ལ་ཐུགས་སྣང་དེ་ཙམ་མ་གནང་པ་དང་ཡང་ཁ་ཤས་ཀྱི་རྙིང་ཞེན་དགོངས་པ་བཞེས་གནང་ཡོད་པ་དེ་ཚོའི་དབང་གིས། ཆོས་སྡེ་དང་གདན་ས་མང་པོ་ཞིག་གི་ནང་དེ་འདྲའི་གནས་བབ་ཆ་ཚང་བ་ཞིག་ཡོང་བར་ལས་སླ་པོ་ཞིག་མ་ཡིན་པར་འབད་བརྩོན་ཆེན་པོ་བྱས་ན་མ་གཏོགས་ཡོང་མ་ཐུབ་པ་ལྟ་བུ་ཞིག་ཆགས་ཡོད་པ་རེད།

ཀིརྟིའི་བྱེས་པ་གྲྭ་ཚང་ངོས་ནས་༧སྐྱབས་མགོན་རིན་པོ་ཆེའི་ཡང་དག་པའི་ལམ་སྟོན་འོག་སྔོན་གྱི་ལམ་སྲོལ་དེ་དགེ་རྩ་ཚོགས་པའི་ངོ་བོར་བསྒྱུར་བ་དང་། དེ་ཡང་ཡང་དག་པའི་དམངས་གཙོའི་འགྲོ་སྟངས་ཆ་ཚང་བ་ཞིག་ཡོང་ཆེད་སྒྲིག་གཞི་ཟིན་བྲིས་དང་བར་བརྒལ་གྱི་སྒྲིག་གཞི་སོགས་ཀྱི་ཡན་ལག་ཡོངས་སུ་ཚང་བ། ས་བཅད་མ་ཆད་པ་དང་བརྗོད་ཚིག་འགལ་བ་མེད་པ། ལག་ལེན་ལ་བསྟར་བདེ་བ་བཅས་ཞེ་དྲག་ཡག་པོ་བཟོས་གནང་བར་རྗེས་སུ་ཡིད་རངས་ཡོད། དེ་ལ་བརྟེན་ནས་ལས་ཀྱི་སྣེ་མོ་བ་ཚོས་ཕྱག་ལས་གནང་བདེ་རུ་ཕྱིན་ཡོད་པ་རེད། དེ་བཞིན་ད་ལྟའི་གནས་སྐབས་ལ་གཙང་མ་དང་སྟབས་བདེ་བོ་ཡོད་པ་མ་ཟད། འབྱུང་འགྱུར་བྱུང་རབས་ཀྱི་ནང་སྒྲིག་གཞིའི་འོག་ཏུ་ཕྱིན་པ་དང་ཚོགས་འདུ་ཆེ་ཆུང་རིམ་པ་དེ་ཚོའི་གྲོས་གཞི་དང་གྲོས་ཆོད་ཡིག་ཐོག་ལ་འཇོག་ཐུབ་པ་དེ་ཚོའི་རྒྱུ་མཚན་ལ་བརྟེན་ནས་ལོ་བརྒྱ་ཕྲག་ཁ་ཤས་འདས་པའི་རྗེས་སུ་བྱུང་རབས་ལ་ཕྱིར་བལྟས་ཤིག་བྱེད་སྐབས། སྔ་མོ་ང་ཚོ་བོད་ལ་ཡོད་པའི་སྐབས་དང་མི་འདྲ་བར་ལོ་བརྒྱ་ཕྲག་གི་སྔོན་ལ་ལས་དོན་ག་རེ་བྱས་པ་དེ་དག་ཡིག་ཆ་རང་ངོས་ནས་ཁ་གྲགས་ཡོང་བ་ཞིག་དང་། དེ་བཞིན་དཔལ་འབྱོར་འདུ་འགོད་ལྟ་བུའང་ཡིག་ཆ་རང་ངོས་ནས་ཁ་གྲགས་ཡོང་གི་རེད། ཅེས་སོགས་གསུངས་བྱུང་།ཐེངས་འདིའི་ཚོགས་ཆེན་གྱི་གྲོས་གཞི་ཁག་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚེའི་མཛད་འཕྲིན་རྒྱས་ཆེད་སྤྱི་དང༌། ལྷག་པར་སྐུའི་དགུང་ཀེག་གི་མཚན་མ་ཅི་མཆིས་ལྷག་མེད་མྱུར་དུ་ཞི་ནས་སྐུ་ཚེ་ཞབས་པད་བརྟན་ཆེད། ཀིརྟི་ཚང་གི་སློབ་བརྒྱུད་དུ་གཏོགས་ཚད་སྤྱི་སྒེར་ཡོངས་ནས་སྐུ་ཕྱྭའི་ཞབས་རིམ་སོགས་ཞུ་སྒོ་གང་དང་གང་ལ་ཇི་ལྟར་འབད་དགོས་སྐོར་དང་།  ཀིརྟི་རིན་པོ་ཆེ་མཆོག་སྐུ་ན་བགྲེས་ཕེབས་དང་སྐུའི་སྙུང་གཞི་བཞེས་པ་ལས་མྱུར་དུ་དྭངས་ཆེད། སྐུའི་༧ཞབས་བརྟན་དང་བླང་དོར་ལམ་སྟོན་གྱི་བཀའ་སློབ་གསུང་བཤད་སྔ་ཕྱིའི་དགོངས་དོན་ཁག་འགལ་མེད་ལག་བསྟར་གྱིས་བཀའ་གསུང་ཇི་སྒྲུབ་ཞུ་ཐུབ་ཐབས་སྐོར། འདས་པའི་ཉམས་མྱོང་ལ་དཔགས་ཏེ་ཀིརྟིའི་དགེ་རྩ་ཚོགས་པའི་ལས་དོན་བྱེད་ཕྱོགས་ལ་ལེགས་བཅོས་དང་ཡར་རྒྱས་གཏོང་དགོས་པ་གང་ཡོད་དང་། དགེ་རྩ་ཚོགས་པའི་དམིགས་ཡུལ་དང་མཐུན་པའི་ལས་འགུལ་གསར་པ་གང་དག་ཇི་ལྟར་སྤེལ་དགོས་པ། དེ་བཞིན་ཀིརྟིའི་དགེ་རྩ་ཚོགས་པ་དང་ཀིརྟིའི་བྱེས་པ་གྲྭ་ཚང་གི་དཔལ་འབྱོར་མཐུན་རྐྱེན་ཕྲན་བུ་ཡོད་པ་རྣམས་ཁྲིམས་མཐུན་དང་མིག་སྨན་མིག་ཐོག་ལ་ཕན་པ་ཞིག་ཡོང་ཐབས་དང་། ས་ཁང་སོགས་ཁྲིམས་མཐུན་བརྟན་གནས་བཟོ་ཐུབ་ཐབས་སྐོར། དེ་བཞིན་གནས་མཆོག་རྡོ་རྗེ་གདན་དུ་བཞེངས་འཆར་གྱི་རྡོར་གདན་ཀིརྟིའི་སྒར་བསམ་ཡས་གླིང་གི་ཕྱི་ནང་གི་འཛུགས་སྐྲུན་ཐམས་ཅད་ཐུགས་བཞེད་ཇི་བཞིན་ལེགས་འགྲུབ་ཡོང་ཐབས་བཅས་རེད་འདུག

འདི་གའི་གསར་འགོད་པར་ཀིརྟིའི་དགེ་རྩ་ཚོགས་པའི་སྤྱི་ཁྱབ་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་གཙོ་བློ་བཀྲ་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན།  ཀིརྟིའི་དགེ་དགེ་རྩ་ཚོགས་པ་ཕྱི་ལོ་ ༢༠༠༨ ལོར་གསར་དུ་བཙུགས་སྟེ་ཚོགས་ཆེན་དང་པོ་ཚོགས་ཡོད་པ་དང་། ལོ་གསུམ་རེའི་མཚམས་སུ་ཚོགས་ཆེན་རེ་ཚོགས་སྟེ་སྤྱི་ཡོངས་ཀྱི་ཕྱག་ལས་ཐོག་གྲོས་བསྡུར་གནང་སྟེ་གྲོས་ཆོད་གཏན་འབེབ་དང་། ཚོགས་པའི་རྒྱུན་ལས་གསར་འདེམས་བཅས་གནང་གི་ཡོད་ཀྱང་། ལས་དོན་ཆེད་རྒྱུན་ལས་གསར་འདེམས་ལོ་གཅིག་ཕྱིར་འགྱངས་གནང་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༥/༠༧

Leave a Reply