ཞི་ཕིན་ཕིང་གིས་ཏཱ་ལའི་བླ་མར་མཇལ་འཕྲད་བྱ་རྒྱུ་ཁས་ལེན་བྱས།

རྩོམ་པ་པོ། Sonia Singhསོ་ནི་ཡཱ•སིན།

ཡིག་སྒྱུར་བ། སུམ་པ་ཕུན་ཚོགས།

     བོད་ཀྱི་ཆོས་དཔོན་ཏཱ་ལའི་བླ་མ་འདས་པའི་བགྲང་བྱ་དྲུག་ཅུའི་རིང་རྒྱ་གར་ལ་བཞུགས་པ་དང་། ཁོང་སྐུ་འཚོ་བཞུགས་གནང་བ་ཙམ་གྱིས་ཀྱང་རྒྱ་ནག་ལ་སུན་གཙེར་བྱེད་བཞིན་ཡོད་པས། རྒྱ་གཞུང་ནས་ཁོང་ནི་དགྲ་བོ་ཞིག་ཡིན་ཞེས་དྲིལ་སྒྲོག་བྱས་དང་བྱེད་མུས་ཡིན། འོན་ཀྱང་། སོ་ནི་ཡཱསིན་ Sonia Singh གྱི་ Defining India: through their eyes ༼ཁོང་ཚོའི་མཐོང་ལམ་བརྒྱུད་ནས་རྒྱ་གར་འགྲེལ་བ།༽ ཞེས་པའི་དཔེ་དེབ་ནང་དུ། སྤྱི་ལོ་ ༢༠༡༤ ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་(Xi Jinping) རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བཅར་སྐབས། ཏཱ་ལའི་བླ་མས་ཁོང་དང་མཇལ་འཕྲད་གནང་བའི་རེ་བ་ཞུས་པ་དང་། ཧ་ལས་དགོས་པ་ཞིག་ལ་ཞི་ཅིན་ཕིང་གིས་མོས་མཐུན་བྱས་འདུག དེ་ལྟ་ནའང་རྒྱ་གར་གཞུང་ནས་ཐེ་གཏོགས་བྱས་རྐྱེན་མཇལ་འཕྲད་གནང་མ་ཐུབ།

སྲིད་བློན་རྣམས་རིམ་བཞིན་འཕོ་འགྱུར་འགྲོ་ཡི་ཡོད་ཀྱང་། བོད་ཀྱི་གནད་དོན་ལ་ཐུག་དུས་རྒྱ་གར་གྱིས་རྒྱུན་དུ་ཧ་ཅང་གཟབ་ནན་བྱེད་ཀྱི་ཡོད། སྲིད་བློན་མཱོ་དྷིས་རྒྱ་དཀར་ནག་བར་གྱི་འབྲེལ་ལམ་ལ་བསྐྱར་བཅོས་བྱེད་བཞིན་ཡོད་པ་དང་། ཁོང་གི་འཛིན་སྐྱོང་འོག་སྐུ་ཉིད་ཨ་རུ་ན་ཅལ་དང་མོན་རྟ་དབང་དགོན་པར་ཕེབས་ཏེ་མཛད་འཕྲིན་རྒྱས་ཡོད་མོད། འོན་ཀྱང་། སྐུ་ཉིད་རྒྱ་གར་ལ་བཞུགས་ནས་བགྲང་བྱ་དྲུག་ཅུ་འཁོར་བའི་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་རྒྱལ་ས་ལྡི་ལི་ནས་དྷ་སར་སྤོ་དགོས་བྱུང་བ་ནི་རྒྱ་ནག་གཞུང་ལ་སུན་གཙེར་མི་བཟོ་བའི་སླད་དུ་ཡིན་སྟབས། ཁྱེད་དང་སྲིད་བློན་མཱོ་དྷི་བར་གྱི་འབྲེལ་འདྲིས་ག་འདྲ་ཡོད་པ་རེད། ཅེས་དྲིས་པར། ཏཱ་ལའི་བླ་མས་དོགས་མི་བདེ་བའི་ངང་ནས། “རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་གལ་ཆེན་པོ་ཡིན་སྟབས། དེ་རྒྱུན་ལྡན་ཡིན་པས་བསམ་ཤེས་ཐུབ་པ་ཞིག་རེད། སྤྱི་ལོ་ ༢༠༡༧ ལོར་རྒྱ་ནག་གིས་འབྲུག་དང་། རྒྱ་གར་དང་། རྒྱ་ནག་གསུམ་གྱི་ས་མཚམས་སུ་ཁེལ་བའི་འབྲུག་གི་ས་ཁུལ་འབྲོག་ལམ་ Doklam ཁུལ་དུ་གཞུང་ལམ་གསར་རྒྱག་གི་ལས་གཞི་ལ་རྒྱ་གར་དང་འབྲུག་གཉིས་ཀྱིས་ངོ་རྒོལ་བྱས་ཏེ་ཕན་ཚུན་བར་མི་མཐུན་པ་བྱུང་སྐབས། གསར་འགྱུར་བརྒྱུད་ལམ་ཁག་ནས་དེའི་ཐད་ང་ལ་ལྟ་ཚུལ་ཅི་ཡོད་ཅེས་དྲིས་བྱུང་། ངས་དེ་གནས་ཚུལ་ཚབས་ཆེན་ཞིག་མ་རེད་ལ། རྒྱ་དཀར་ནག་གཉིས་ཀྱིས་ཕན་ཚུན་གཏོར་བཤིག་གཏོང་རེས་བྱེད་ཐབས་ཡོད་པ་མ་རེད་ཅེས་ལན་འདེབས་བྱས་པ་ཡིན། རྒྱ་དཀར་ནག་གཉིས་མཉམ་གནས་དགོས་པས། “རྒྱ་དཀར་ནག་གཉིས་ནི་སྤུན་ཟླའོ་”ཞེས་པའི་འབོད་ཚིག་དེར་རེ་བ་འཛིན་དགོས་པ་དང་། དེ་ནི་དངོས་འབྲེལ་གྱི་ལམ་ཁོ་ན་དེ་རེད།

“དེར་བརྟེན། སྲིད་བློན་མཱོ་དྷི་ཡིས་རྒྱ་ནག་དང་འབྲེལ་ལམ་ཡག་པོ་འཛུགས་པར་དོ་ཁུར་ཆེན་པོ་གནང་གི་ཡོད་པ་དེ་ཆོས་ཉིད་རེད་ལ། ང་ཁོང་ལ་རྒྱུས་མངའ་ཆེན་པོ་ཡོད། ཁོང་སྔོན་མ་གྷུ་ཇུ་རཱ་ཏི་ Gujarat མངའ་སྡེའི་བློན་ཆེན་ཡིན་སྐབས། ནང་པའི་དགོན་རྙིང་ཞིག་གསར་རྙེད་བྱུང་སྟེ་མངའ་སྡེའི་བློན་ཆེན་གྱི་མཚན་ཐོག་ནས་ང་ལ་མགྲོན་འབོད་གནང་བྱུང་། སྐབས་དེར་གཞུང་འབྲེལ་གྱི་ཐུག་འཕྲད་ཚར་རྗེས་ཁོང་ངའི་མགྲོན་ཁང་དུའང་ཕེབས་བྱུང་། ངེད་གཉིས་བར་འབྲེལ་ལམ་ཡག་པོ་ཡོད། ཁོང་ནི་རྒྱལ་ཁབ་མང་པོའི་ནང་ཕེབས་བཞིན་པའི་རྒྱ་གར་གྱི་སྲིད་བློན་མཛད་འཕྲིན་རྒྱས་ཤོས་ཤིག་རེད། ཁོང་གི་དགུང་བབ་དེར་འདི་འདྲ་གནང་ཐུབ་པ་ལ་ངོས་ནས་རྗེས་སུ་ཡི་རང་བྱེད་ཀྱི་ཡོད།”ཅེས་གསུངས་འདུག

འདི་ལྟར་སྲིད་བློན་མཱོ་དྷི་དང་འབྲེལ་བའི་བཀའ་མོལ་གནང་བཞིན་པའི་སྐབས་སུ་ཏཱ་ལའི་བླ་མས་ཁོང་གི་ཆབ་སྲིད་ཀྱི་འབར་རྫས་སྐོགས་ཤུན་(political bombshell) ཕུད་བྱུང་། “སྤྱི་ལོ་ ༢༠༡༤ ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་སྲིན་བློན་མཱོ་དྷི་དང་གྲོས་མོལ་བྱེད་དུ་ལྡི་ལིར་ཕེབས་སྐབས། ངོས་ཀྱིས་སྲིད་འཛིན་ཞི་ཅིན་ཕིང་དང་མཇལ་འཕྲད་བྱེད་པའི་རེ་བ་ཞུས་པ་དང་། ཁོང་གིས་མོས་མཐུན་གནང་བྱུང་། འོན་ཀྱང་། རྒྱ་གར་གཞུང་ནས་མཇལ་འཕྲད་ཐད་ལ་དོགས་ཟོན་གནང་སྟེ། མཇལ་འཕྲད་དེ་བྱུང་ཐུབ་ཡོད་པ་མ་རེད།” ཅེས་གསུངས་བྱུང་།

འདི་ནི་སྤྱི་ལོ་ ༢༠༡༨ ལོར་ཀོ་རི་ཡ་ལྷོ་བྱང་གཉིས་ཀྱི་དབུ་ཁྲིད་བར་དུ་ལོ་རྒྱུས་རང་བཞིན་ལྡན་པའི་མཇལ་འཕྲད་བྱུང་བ་ལྟར། བོད་རྒྱ་གཉིས་ཀྱི་བར་ལ་འབྲེལ་ལམ་ཇེ་བཟང་དུ་གཏོང་བའི་མཇལ་འཕྲད་ཅིག་ཏུ་འགྱུར་བའི་རེ་བ་ཡོད། ལྷག་པར་དུ་དེ་སྔར་བོད་རྒྱའི་བར་ལ་གཞུང་འབྲེལ་མིན་པའི་འབྲེལ་ལམ་བྱུང་བའི་གནས་ཚུལ་ཡང་བྱུང་ཡོད། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གྱི་ཕ་ནི། སྤྱི་ལོ་ ༡༩༨༠ ལོར་དམར་ཤོག་ཚོགས་པའི་ཆོས་ཕྱོགས་ཀྱི་ལས་གཞིའི་འགོ་གཙོ་ཞིག་ཡིན་སྟབས། ཁོང་བརྒྱུད་དེ་ཞི་ཅིན་ཕིང་ལ་སངས་རྒྱས་ཆོས་ལུགས་ཐད་གོ་རྟོགས་མི་དམན་ཙམ་ཐོབ་ཡོད་སྐད། སྤྱི་ལོ་ ༡༩༨༠ ལོར་ལོ་ན་གཞོན་པའི་ཞི་ཅིང་ཕིན་ཀྲིན་ཏིན་(Zhengding)དུ་ལས་གནས་སྤོ་ཡོད་པ་དང་། སྐབས་དེར་དགེ་འདུན་པ་ཞིག་གིས་ས་གནས་དེ་གའི་ལིན་ཅི་(linji Temple)ཞེས་པའི་ལྷ་ཁང་གྲགས་ཅན་ཞིག་བསྐྱར་གསོ་བྱས་པར་ཞི་ཅིན་ཕིང་གིས་རྒྱབ་སྐྱོར་གནང་པར་མ་ཟད། ལས་མི་རྣམས་ལ་ཆོས་སྲིད་མཉམ་གནས་ཀྱི་རང་བཞིན་ལ་སློབ་གཉེར་བྱེད་དགོས་པའི་སྐུལ་མ་བཏང་ཡོད་པར་གྲགས། སྤྱི་ལོ་ ༢༠༡༤ ལོར་ལྡི་ལིར་སྤེལ་བའི་གཏམ་བཤད་ཅིག་ཏུ་ཏཱ་ལའི་བླ་མས། རྒྱ་ནག་གི་རིག་གནས་གཅེས་སྐྱོང་བྱེད་པར་སངས་རྒྱས་ཆོས་ལུགས་གལ་ཆེན་ཡིན་པར་བརྗོད་མཁན་གྱི་རྒྱ་ནག་གི་སྲིད་འཛིན་ཐོག་མ་དེ་ཞི་ཅིན་ཕིང་རེད་ཅེས་གསུངས་ཡོད།

དེ་ལྟ་ནའང་། ཏཱ་ལའི་བླ་མ་དང་སྲིན་འཛིན་ཞི་ཅིན་ཕིང་བར་གྱི་མཇལ་འཕྲད་ནི། རྒྱ་ནག་གིས་རྒྱ་གར་དང་ཏཱ་ལའི་བླ་མར་དྲིལ་བསྒྲགས་ལག་ཆ་ཞིག་ཏུ་བེད་སྤྱོད་གཏོང་སྲིད་པ་རེད་ལ། ཕྱི་སྲིད་ཐབས་ཇུས་མཁས་པ་དུ་མས་དེ་ནི་རྒྱ་གར་གྱི་རྒྱ་ནག་ལ་རྒོལ་བའི་ཆབ་སྲིད་རྩེད་མོ་ཞིག་ཏུ་རྩི་བཞིན་ཡོད་སྟབས། རྒྱ་གར་ཕྱི་སྲིད་ལྷན་ཁང་གིས་ཏཱ་ལའི་བླ་མའི་སྙན་ཞུ་ལ་མོས་མཐུན་མ་བྱས་པ་དེར་ཧང་སང་དགོས་དོན་མེད།

གསལ་བཤད།              ལྕམ་སོ་ནི་ཡཱ•སིན་ནི་རྒྱ་གར་གྱི་གསར་ཁང་གྲགས་ཅན་ཨིན་ཌི་ཊི་ཝི་(NDTV)ཡི་འགན་འཛིན་དང་རྩོམ་སྒྲིག་པ་གཅིག་ལྕོགས་ཡིན་པ་རེད།

བསྐྱར་བཅོས།: ༢༠༡༩/༠༥/༢༠

Leave a Reply

One thought on “ཞི་ཕིན་ཕིང་གིས་ཏཱ་ལའི་བླ་མར་མཇལ་འཕྲད་བྱ་རྒྱུ་ཁས་ལེན་བྱས།

  1. གཞུང་པ་ཚེ་དབང་བསོད་ནམའ་

    དེབ་དངོས་སུ་མ་འཐོན་སྔོན་དུ་གནས་ཚུལ་བདེན་ལ་མི་བདེན་དང་གསལ་ལ་མི་
    གསལ་བ་གསར་ཤོག་སྟེང་བཀོད་རྒྱུ་དེ་གསར་འགོད་པའི་རང་དབང་ཞིག་ཡིན་ན་
    ལས་དེབ་འདི་ཚེས་༢༠་ཉིན་འདོན་རྒྱུ་ལ་སོང་དེབ་དངོས་མཐོང་སྐབས་དངོས་ཡོད་
    གནས་ཚུལ་ཇི་ཡིན་དང་དེའི་ནང་ཆབ་སྲིད་ཀྱི་སྟོང་ཆ་ག་ཚོང་འདུག་གསལ་པོ་ ཆགས་
    སྲིད་པ་མ་རེད་དམ།