ཐའེ་ཝན་གྱི་མི་སེར་རྒྱ་ནག་ལ་སྤྲད།

ཕྱི་ལོ་ ༢༠༠༦ ལོར་རྒྱ་ནག་དང་སི་པིན་བར་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཆིངས་ཡིག་བཞག་ཡོད་པ་ལྟར་ད་བར་དུ་སི་པིན་གཞུང་གིས་ཐའེ་ཝན་གྱི་མི་སེར་ ༢༡༩ ཚུད་པའི་དོགས་ཡོད་ཉེས་ཅན་ ༢༢༥ རྩིས་སྤྲོད་བྱས་ཡོད་འདུགཁ་སང་སི་པིན་གཞུང་གིས་འཛིན་བཟུང་བྱས་པའི་ཐའེ་ཝན་གྱི་མི་སེར་དོགས་ཡོད་ཉེས་ཅན་ ༩༤ མཁའ་ལམ་བརྒྱུད་རྒྱ་ནག་པེ་ཅིན་གཞུང་ལ་རྩིས་སྤྲོད་བྱས་ཡོད་པ་དང་། དེ་ནི་སི་པིན་གཞུང་ནས་རྒྱ་ནག་ལ་དོགས་ཡོད་ཉེས་ཅན་རྩིས་སྤྲོད་བྱས་པའི་མི་གྲངས་མང་ཤོས་དེ་ཆགས་ཡོད་འདུག

རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གིས་དེ་འབྲེལ་གྱི་གནས་ཚུལ་སྤེལ་བའི་ནང་། ཕྱི་ལོ་ ༢༠༡༦ ནང་རྒྱ་ནག་དང་སི་པིན་ནང་གནས་སྡོད་པ་ཁག་ཅིག་གིས་ཁ་པར་བརྒྱུད་རྒྱ་ནག་སྐམ་ས་ནས་རྒྱ་སྒོར་ས་ཡ་ ༡༢༠ ཙམ་མགོ་སྐོར་རྐུ་འཁྱེར་བྱས་ཡོད་པ་དང་། ལོ་དེའི་ཕྱི་ཟླ་ ༡༢ ནས་བཟུང་རྒྱལ་ཁབ་གཉིས་ཀྱི་ཉེན་རྟོག་ཁང་མཉམ་འབྲེལ་གྱིས་ (Operation Great Wall) ཟེར་བའི་ལས་གཞིའི་འོག དོགས་ཡོད་ཉེས་ཅན་ ༢༣༧ འཛིན་བཟུང་ཁྲིམས་བཤེར་བྱེད་མགོ་ཚུགས་ཡོད་འདུག

ཐའེ་ཝན་ཕྱི་སྲིད་ལས་ཁུངས་ཀྱིས་གནས་ཚུལ་དེའི་ཐད་རེ་སྐུལ་ཞིག་བཏོན་པའི་ནང་།  སི་པིན་གཞུང་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་སྤེལ་བའི་དོགས་ཡོད་ཉེས་ཅན་རྩིས་སྤྲོད་མྱུར་དུ་མཚམས་འཇོག་དགོས་པའི་བསྒྲགས་གཏམ་ལ་རྩིས་མེད་ཀྱིས། ཐའེ་ཝན་གྱི་མི་སེར་ཡིན་པའི་དོགས་ཡོད་ཉེས་ཅན་རྣམས་མུ་མཐུད་རྒྱ་ནག་ལ་རྩིས་སྤྲོད་བྱེད་ཀྱི་ཡོད་པ་དང་། ང་ཚོས་རྒྱལ་མཚམས་བརྒལ་བའི་ཉེས་སྤྱོད་ལ་སི་པིན་གཞུང་གིས་ཐའེ་ཝན་ལ་མཉམ་འབྲེལ་དང་། འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་དང་མ་འགལ་བ་ཞིག་བྱེད་པའི་རེ་སྐུལ་བྱེད་ཀྱི་ཡོད། ཅེས་བརྗོད་འདུག་པ་མ་ཟད། རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་དོ་འཁུར་ལ་སྣང་མེད་མི་གཏོང་བའི་རེ་སྐུལ་དང་། གལ་སྲིད་སྣང་མེད་གཏང་ན་ཕྱོགས་གཉིས་ཀྱི་འབྲེལ་བར་དོ་ཕོག་འགྲོ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག

ཕྱི་ལོ་ ༢༠༠༦ ལོའི་ཟླ་ ༤ ནང་སི་པིན་དང་རྒྱ་ནག་གཞུང་གཉིས་ཀྱིས་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཆིངས་ཡིག་བཞག་ཡོད་པར་བརྟེན། སི་པིན་ནི་ཡུ་རོབ་གྱི་ཡར་རྒྱས་ཅན་གྱི་རྒྱལ་ཁབ་ཚོའི་ཁྲོད་ནས་རྒྱ་ནག་ལ་ཆིངས་ཡིག་དེ་འཇོག་མཁན་ཐོག་མའི་གྲས་ཡིན་འདུག་ལ། ད་སྔ་བར་སི་པིན་གཞུང་ནས་རྒྱ་ནག་ལ་དོགས་ཡོད་ཉེས་ཅན་གྲངས་ ༢༢༥ རྩིས་སྤྲོད་བྱས་ཡོད་པའི་ཁྲོད་ནས་མི་གྲངས་ ༢༡༨ ཐའེ་ཝན་གྱི་མི་སེར་ཡིན་འདུག

རྒྱ་ནག་ཐའེ་ཝན་ལས་དོན་ཁང་གི་གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༡༦ ནས་ཕྱིའི་རྒྱལ་ཁབ་ཁག་ནང་ཐའེ་ཝན་གྱི་མི་སེར་འཛིན་བཟུང་བྱས་པའི་དོགས་ཡོད་ཉེས་ཅན་གྲངས་ ༦༥༠ རྒྱ་ནག་ལ་རྩིས་སྤྲོད་བྱས་ཡོད་པ་དང་། དེ་མིན་གྱི་ཐའེ་ཝན་མི་སེར་དོགས་ཡོད་ཉེས་ཅན་ ༦༩༤ ཙམ་ཐའེ་ཝན་ལ་རྩིས་སྤྲོད་བྱས་ཡོད་འདུག

ཟླ་སྔོན་མའི་ནང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲིང་རིམ་ཁྲིམས་ཁང་ (Prague High Court) གིས། ཐའེ་ཝན་གྱི་མི་སེར་ཡིན་པ་དོགས་ཡོད་ཉེས་ཅན་ ༨ འཛིན་བཟུང་བྱས་ཡོད་པའི་ཁྲོད་ནས་མི ༤ རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱ་རྒྱུའི་ཐག་གཅོད་བྱས་ཡོད་པ་དང་། ཉེ་བའི་ལོ་འགའི་ནང་ཁེན་ཡ་ (Kenya) དང་ཨིན་རྡུ་ནི་ཤི་ཡ་ (Indonesia) གཉིས་ཀྱིས་ཐའེ་ཝན་གྱི་མི་སེར་དོགས་ཡོད་ཉེས་ཅན་རྒྱ་ནག་ལ་རྩིས་སྤྲོད་བྱ་རྒྱུའི་ཁས་ལེན་བྱས་འདུག  རྒྱ་ནག་གཞུང་གིས་ཀམ་བྷོ་ཌི་ཡ་ (Cambodia) དང་ཨར་མེ་ནི་ཡ་ (Armenia) སོགས་རྒྱལ་ཁབ་ཆུང་བ་ཚོར་ཐའེ་ཝན་གྱི་མི་སེར་ཡིན་པའི་དོགས་ཡོད་ཉེས་ཅན་རྒྱ་ནག་ལ་རྩིས་སྤྲོད་དགོས་པ་བཙན་སྐུལ་བྱེད་ཀྱི་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༡ ནང་སི་ལོ་ཝེ་ནི་ཡ་ (Slovenia) དང་ཁུ་རེ་ཤེ་ཡ་ (Croatia) གཉིས་ནང་ཁ་པར་བརྒྱུད་དངུལ་རྐུ་འཁྱེར་བྱས་པའི་ཐའེ་ཝན་གྱི་མི་སེར་དོགས་ཡོད་ཉེས་ཅན་ ༡༠༠ ལྷག་འཛིན་བཟུང་བྱས་ཡོད་ཀྱང་། ད་ལྟའི་ཆར་ཁོང་ཚོ་རྒྱ་ནག་ལ་རྩིས་སྤྲོད་བྱས་ཡོད་མེད་ཁ་གསལ་མི་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༦/༠༨

Leave a Reply

One thought on “ཐའེ་ཝན་གྱི་མི་སེར་རྒྱ་ནག་ལ་སྤྲད།

  1. ༄།ཆིངས་ཡིག་འདི་ནི་དཔལ་འབྱོར་གྱི་འདོད་སྔམས་ལ་བརྟེན་ནས་མིའི་ཚེ་སྲོག་ཅི་མི་སྙམ་པའི་ཡིག་ཆ་ཞིག་ལས་གཞན་གང་ཡང་མིན།