བོད་མིའི་སྒྲིག་འཛུགས་ལ་བློ་སྐྱེད་ཞལ་འདེབས་འབུལ་མཁན་འདུག་གམ།

བོད་མི་ཚོང་པ་ཆེན་པོ་སྒེར་ངོས་ནས་ད་བར་དུ་དཔལ་འབྱོར་ལས་ཁུངས་ལ་ཞལ་འདེབས་ཕུལ་བ་ཧ་ལམ་བྱུང་མ་མྱོང་བས་འབོད་སྐུལ་ཞུ་བཞིན་ཡོད་སྐོར་གསུངས་སོང་།དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་ ༤ པར་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༣ ཚེས་ ༣༡ བར་གྱི་ལོ་འཁོར་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་སྐབས། བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱི་བོད་མིའི་ཡར་ཐོན་ཚོང་ལས་རམ་འདེགས་ལས་གཞིའི་ནང་གསར་དུ་འདེམས་ཐོན་བྱུང་བ་ ༢༦ དང་ཚད་ལྡན་ཡིན་པ་ ༡༧ ཡོད་སྐོར་བཤད་སོང་བ་ལྟར།

མ་འོངས་པར་ཁོ་ཚོ་ཙམ་གྱི་ཁེ་ཕན་ཆེད་མ་ཡིན་པར་བོད་མིའི་སྒྲིག་འཛུགས་དང་དཔལ་འབྱོར་ལས་ཁུངས་ལ་ཁོ་ཚོ་བརྒྱུད་ནས་ཁེ་ཕན་རག་རྒྱུ་ཡོད་མེད་དང་། དེ་སྔོན་རམ་འདེགས་བྱས་ཏེ་ཡག་པོ་བྱུང་ཡོད་པ་དག་གིས་བོད་མིའི་སྒྲིག་འཛུགས་ལ་རོགས་རམ་དང་ཁེ་ཕན་གང་བྱུང་ཡོད་མེད་དང་། རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་ཚོང་པ་ཕྱུག་པོ་ཚོས་བོད་མིའི་སྒྲིག་འཛུགས་ལ་བློ་སྐྱེད་ཞལ་འདེབས་དང་རོགས་རམ་ག་ཚོད་གནང་ཡོད་མེད་སོགས་དྲིས་སོང་བར།དཔལ་འབྱོར་བཀའ་བློན་མཆོག་གིས། ཡར་ཐོན་ཚོང་ལས་རམ་འདེགས་ཚན་པ་ཐོག་མར་འཛུགས་པའི་སྐབས་སུ་བོད་མིའི་སྤྱི་ཚོགས་རང་ཁ་རང་གསོ་ཡོང་ཐབས་དང་འཚོ་རྟེན་སོ་སོའི་རྐང་པའི་ཐོག་ལངས་ཐུབ་ཐབས། གཞན་རྟེན་གྱི་བསམ་བློ་དོར་བ་དང་དེ་བཞིན་མ་དངུལ་མཐུན་སྦྱོར་དང་ཟབ་སྦྱོང་། ཁྲིམས་ཐོག་སློབ་སྟོན་ཚང་མ་བྱས་ཚར་ནས་བོད་མིའི་སྤྱི་ཚོགས་ཀྱི་མི་གཅིག་གཉིས་ཙམ་ལ་ལས་ཀ་སྤྲོད་དགོས་པའི་ཆ་རྐྱེན་ཡོད་པ་རེད། དེ་བཞིན་མ་འོངས་བར་ལོ་གསུམ་དང་བཞིའི་ནང་ཡག་པོ་ཆགས་ཚེ། བློ་སྐྱེད་ཞལ་འདེབས་རྒྱག་པའི་གན་རྒྱ་ཞིག་ཀྱང་བཞག་ཡོད་པ་རེད། ད་ལྟ་བར་དུ་ཞལ་འདེབས་རྒྱག་མཁན་རྩ་བ་ནས་བྱུང་མ་སོང་། ཡིན་ནའང་ཡག་པོ་ཆགས་ཡོད་པ་ཁ་ཤས་ཡོད་པ་དེ་ཚོས་ཐོག་མར་བྱུང་བ་བཞིན་ཁེ་ཕན་ཡག་པོ་བྱུང་ཚེ། དཔལ་འབྱོར་ལས་ཁུངས་སུ་ཞལ་འདེབས་རྒྱག་ཐུབ་རྒྱུ་བསམ་བློའི་ནང་ཡོད་སྟབས། ད་ལྟ་བར་རྐང་གཅིག་བྱུང་མེད་པ་དང་མ་འོངས་པར་ཡག་པོ་ཆགས་ན་བློ་སྐྱེད་ཞལ་འདེབས་རྒྱག་དགོས་སྐོར་དུས་དང་རྣམ་པ་ཀུན་ཏུ་སྐུལ་མ་བྱ་རྒྱུ་ཡིན་སྐོར་གསུངས་སོང་།

ཡང་ཁོང་གིས། ད་ལྟའི་དུས་ལ་བློ་སྐྱེད་ཞལ་འདེབས་རྒྱག་མཁན་ནི་སིལ་ཚོང་རྒྱག་མཁན་ཚོ་གཙོ་བོ་རེད། སིལ་ཚོང་གཉེར་མཁན་ཁག་ཅིག་གིས་རུབ་རུབ་བྱས་ནས་སྒོར་ཁྲི་གཅིག་དང་ལྔ་སྟོང་དེ་འདྲ་འབུལ་མཁན་ཡོད་པ་དང་། གཞིས་ཆགས་ལ་སླེབས་རྗེས་དཔྱ་དངུལ་མཉམ་དུ་ཚོང་འབབ་ཞལ་འདེབས་གནང་མཁན་དེ་འདྲའང་ཡོད་ལ། དེ་སྔ་ཁྲོམ་ས་ནས་བསྡུས་པའི་སྒོར་འབུམ་ ༢ ཙམ་ཡིན་ཡང་། ད་ལན་འབུམ་ ༤ ལྷག་ཙམ་བྱུང་ནས་སྒོར་འབུམ་ ༢ ཙམ་འཕར་ཡོད་སྐོར་དང་། དེ་བཞིན་བོད་པའི་སྤྱི་ཚོགས་ནང་གང་ཟག་སྒེར་པ་ཚོང་བདག་ཆེན་པོ་ཚོས་བློ་སྐྱེད་ཞལ་འདེབས་མ་བརྒྱབ་པར་ཆོས་རིག་ལས་ཁུངས་ལ་རོགས་དངུལ་སྦྱིན་པ་དེ་འདྲ་ཡོད་པ་རེད་དེ། དཔལ་འབྱོར་ལས་ཁུངས་ལ་ཚོང་པ་ཆེན་པོ་སྒེར་ནས་ད་སྔ་བར་དུ་ཞལ་འདེབས་ཕུལ་བ་ཧ་ལམ་བྱུང་མ་མྱོང་། ཐེངས་འདིའི་སྡིངས་ཆ་འདི་བརྒྱུད་ནས་དེ་ལྟར་ཡོད་པའི་འབོད་སྐུལ་ཞུ་བཞིན་ཡོད་སྐོར་གསུངས་སོང་།

སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གིས་བོད་མིའི་སྤྱི་ཚོགས་ཀྱི་སིལ་ཚོང་བ་ཚོར་བུན་གཡར་རིགས་མང་པོ་ཞིག་གཏོང་བཞིན་ཡོད་པ་ལྟར་། མ་འོངས་པར་སིལ་ཚོང་རིགས་མ་ཡིན་པའི་ལས་གཞི་གཞན་རིགས་ལ་བུན་གཡར་གཏོང་འཆར་ཡོད་མེད་དྲིས་སོང་བར་དཔལ་འབྱོར་བཀའ་བློན་མཆོག་གིས།  གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ཐོག་མར་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱེད་སྐབས་བུན་གཡར་ཆོག་པའི་བཀའ་འཁྲོལ་ཐོབ་ཡོད་པ་ལྟར་། སིལ་ཚོང་ཀྱི་འཚོ་རྟེན་རོགས་སྐྱོར་དང་བུན་གཡར་ལས་གཞི་ཞེས་ཁག་གཉིས་འགྲོ་བསྡད་ཡོད་པ་དང་། འདས་པའི་ནང་སིལ་ཚོང་ལ་སྒོར་འབུམ་ ༡༣༡༦ ཞིག་གཡར་བར་བརྟེན་ནས་ཡག་པོ་བྱུང་ཡོད་པ་དང་། ད་ལྟའི་ཆར་སིལ་ཚོང་བ་མི་གྲངས་ ༩༠༠ ཙམ་ལ་སྒོར་འབུམ་ ༢ བྱས་ཏེ་བུན་གཡར་གཏོང་བའི་ལས་གཞི་བརྩམས་ཚར་བ་དང་དེ་དག་ཚུར་ཏག་ཏག་སྤྲོད་གནང་ཡོང་བར་ཡིད་ཆེས་བརྒྱ་ཆ་བརྒྱ་ཡོད། དེ་བཞིན་སིལ་ཚོང་གཅིག་པུ་ཙམ་མ་ཡིན་པར་དངུལ་དེ་དག་སྐོར་བ་མང་པོ་ཞིག་རྒྱག་དགོས་ཡོད་སྟབས། ལ་དྭགས་ཁུལ་དུ་འཚོ་རྟེན་རོགས་དངུལ་ཆེད་རྟ་དྲེལ་ཆེད་སྐྱེད་ཀ་ཆུང་ཆུང་བྱས་ཏེ་སྒོར་འབུམ་གཅིག་རེ་བྱས་ཏེ་བུན་གཡར་གཏོང་གི་ཡོད་པ་དང་། དྷ་ས་དང་ལ་དྭགས་ཁུལ་དུ་ཚོང་ཙག་ཙིག་རྒྱག་མཁན་ཚོར་འཚོ་རྟེན་རོགས་དངུལ་ཆེད་བུན་གཡར་བཏང་ནས་ཚུར་སྤྲད་ཚར་བ་སོགས་ད་ལྟའི་ཆར་ཡག་པོ་འགྲོ་ཐུབ་བཞིན་ཡོད་སྐོར་གསུངས་སོང་།

སྤྱི་འཐུས་ཁག་ཅིག་གིས་ནས་དྭང་བླངས་དཔྱ་ཁྲལ་ལག་དེབ་ཀྱི་དངུལ་དྲ་ཐོག་ནས་བསྡུ་རྒྱུའི་ལས་གཞི་ཚར་ཡོད་མེད་དང་། མི་མང་ཁྲོད་དྭང་བླངས་དཔྱ་དངུལ་འབུལ་རྒྱུ་གལ་ཆེན་ཡིན་པའི་སྐོར་ལ་ཟབ་སྦྱོང་དང་དྲ་ལམ་བརྒྱུད་བརྙན་སོགས་གཏོང་དགོས་སྐོར་བརྗོད་སོང་བར་དཔལ་འབྱོར་བཀའ་བློན་མཆོག་གིས། དཔྱ་དངུལ་དྲ་ལམ་བརྒྱུད་བསྡུ་ཐབས་དེ་ཨ་རི་ལྟ་བུ་ས་ཁུལ་གཅིག་གི་ནང་མ་ཡིན་པར། ཡུ་རོབ་ས་ཁུལ་གཅིག་དང་ཨ་རིའི་ས་ཁུལ་གཅིག་ནང་འདི་ལོའི་རྩིས་མགོའི་ནང་ཚོད་ལྟ་བྱེད་ཐུབ་པ་བྱ་རྒྱུ་དང་། དེ་བཞིན་དཔྱ་དངུལ་འབུལ་དགོས་པ་དང་དངུལ་དེ་དག་གང་ལ་འགྲོ་བཞིན་ཡོད་པའི་སྐོར་ལ་ཟབ་སྦྱོང་སྤྲོད་རྒྱུའི་ཐད་ཐུགས་བསམ་བཞེས་རྒྱུ་དང་། དེ་སྔོན་དྭང་བླངས་དཔྱ་དངུལ་སྐོར་ནས་བརྙན་ཞིག་བཏང་ནས་ཁྱབ་བསྒྲགས་རིགས་བྱས་ཡོད་སྐོར་དང་། སྤྱིར་དྭང་བླངས་དཔྱ་དངུལ་འབུལ་རྒྱུའི་ཐད་དཀའ་ལས་ཤིག་འཕྲད་བསྡད་ཡོད་པ་བཞིན། གང་ཐུབ་ཐུབ་ཀྱིས་བཀའ་ཤག་གི་རྩ་འཛིན་ལམ་སྟོན་གཞིར་བཟུང་ནས་འགྲོ་རྒྱུ་དང་མི་མང་ལ་ཞབས་འདེགས་ཞུ་རྒྱུའི་འོས་འགན་ཡོད་སྐོར་སོགས་གསུངས་སོང་།

ཤེས་རིག་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡ ནས་ ༢༠༡༩ ཟླ་ ༣ ཚེས་ ༣༡ ཉིན་བར་གྱི་ལས་བསྡོམས་སྙན་སྒྲོན་ཞུ་བཞིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༩/༢༤

Leave a Reply

One thought on “བོད་མིའི་སྒྲིག་འཛུགས་ལ་བློ་སྐྱེད་ཞལ་འདེབས་འབུལ་མཁན་འདུག་གམ།