ང་མ་ཤི་བར་དུ་བོད་དོན་ལས་འགུལ་སྤེལ་རྒྱུ་ཡིན།

བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲྭ་བག་བྲོ་ལགས་ཀྱིས་རྒྱ་ནག་གཞུང་ལ་དགོས་འདུན་དོན་ཚན་བདུན་བཏོན་ཏེ་སྐད་འབོད་ལས་འགུལ་སྤེལ་ཡོད་འདུགརྒྱ་ནག་གཞུང་གིས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་འཛིན་བཟུང་བཙན་འཁྲིད་བྱས་ཏེ་མི་ལོ་འཁོར་ཧྲིལ་བོ་ ༢༥ འཁོར་བའི་ལོ་ཟླ་དང་བསྟུན། དེ་རིང་ཚེས་ ༢༦ ཉིན་ཨོ་གླིང་དུ་གནས་བཞུགས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་བྲོ་ལགས་ཀྱིས་ཨོ་གླིང་གི་སིཌ་ནི་གྲོང་ཁྱེར་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་དགོས་འདུན་དོན་ཚན་ ༧ བཏོན་ཏེ་ཞི་བའི་སྐད་འབོད་ཀྱིས་ལས་འགུལ་སྤེལ་ཡོད་འདུག

འདི་གའི་གསར་འགོད་པས་ངོ་དེབ་བརྒྱུད་གྲྭ་བག་བྲོ་ལགས་སུ་ལས་འགུལ་འདི་སྤེལ་དགོས་པའི་དམིགས་ཡུལ་གཙོ་བོ་གང་ཡིན་སྐོར་ལ་སྐད་ཆ་དྲིས་པར་ཁོང་གིས། ད་རེས་ངས་ལས་འགུལ་འདི་སྤེལ་དགོས་པའི་དམིགས་ཡུལ་གཙོ་བོ་ནི། འདི་ལོར་ཀུན་གཟིགས་༧པཎ་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས་ཏེ་མི་ལོ་ངོ་ཧྲིལ་བོ་ ༢༥ འཁོར་གྱི་ཡོད་པས་ལས་འགུལ་སྤེལ་བ་ཡིན། གཉིས་པ་ཉེ་སྔོན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས། ད་ལྟ་༧པཎ་ཆེན་རིན་པོ་ཆེ་མཆོག་སྐུ་འཚོ་བཞུགས་ཡིན་ཞེས་ཁྱབ་བསྒྲགས་དང་ལོག་བཤད་བྱེད་བཞིན་ཡོད་སྟབས། ངས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ།གལ་སྲིད་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་སྐུ་འཚོ་བཞུགས་ཡིན་ན།  རྒྱ་ནག་གཞུང་ནས་༧པཎ་ཆེན་རིན་པོ་ཆེ་མཆོག་འཛམ་གླིང་མི་མང་ལ་སྟོན་དགོས་ཀྱི་ཡོད་ཅེས་སྐད་འབོད་བརྒྱབ་པ་ཡིན། གསུམ་གལ་སྲིད་༧པཎ་ཆེན་པོ་རིན་པོ་ཆེ་མཆོག་སྐུ་འཚོ་བཞུགས་ཡིན་ན། ཁོང་གི་དབུས་མ་ཉེས་ཁག་གཡོག་འོག་བཙོན་འཇུག་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་མ་ཡོངས་འཕྲལ་དུ་ཀློད་གྲོལ་གཏོང་དགོས་ཡོད་པ་དང་། བཞི་བོད་ཁུལ་དུ་རང་དབང་ལྡན་པའི་ངང་བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་ཆོག་པའི་ཐོབ་ཐང་དགོས་ཀྱི་ཡོད་པ་བཅས་ཡིན། ཞེས་བརྗོད་བྱུང་།

ཡང་གསར་འགོད་པས་གྲྭ་བག་བྲོ་ལགས་ནས་ལས་འགུལ་འདི་མུ་མཐུད་སྤེལ་རྩིས་ཡོད་མེད་དང་མ་འོངས་པར་འཆར་གཞི་ག་འདྲ་ཡོད་སྐོར་སྐད་ཆ་དྲིས་པར་ཁོང་གིས། ཉེ་སྔོན་ངས་གཏམ་བཤད་འགའ་སྤེལ་བ་ཡིན།  དེ་མིན་ད་རེས་ཀྱི་ལས་འགུལ་འདི་ང་རང་ཨོ་གླིང་ནང་འབྱོར་རྗེས་ཀྱི་ལས་འགུལ་ཐོག་མ་ཆགས་ཀྱི་ཡོད། མ་འོངས་པར་བོད་ཀྱི་རང་དབང་གི་བདེན་མཐའ་མ་གསལ་བར་དང་ང་རང་མ་ཤི་བར་དུ། དུས་ཚོད་དང་གོ་སྐབས་ནམ་བྱུང་ལ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དང་། ཁམ་བྷི་རར་ཨོ་གླིང་གྲོས་ཚོགས་ཀྱི་མདུན་སོགས་སུ་བོད་དོན་ཞུ་གཏུག་གི་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན། ཞེས་བརྗོད་བྱུང་།

ད་རེས་གྲྭ་བག་གྲོ་ལགས་ཀྱིས་རྒྱ་ནག་གཞུང་ཚབ་མདུན་དུ་སྐད་འབོད་ཀྱི་ལས་འགུལ་སྤེལ་སྐབས་དགོས་འདུན་དོན་ཚན་༧ བཏོན་ཡོད་པ་དང་། དེ་དག་ནི་གཅིག་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༡༡ པ་མཆོག་གཙོས་པའི་རྒྱ་ནག་གཞུང་གིས་མ་ཉེས་ཁག་གཡོག་འོག་བཙོན་འཇུག་བྱས་ཡོད་པའི་ཆབ་སྲིད་བཙོན་པ་ཡོངས་རྫོགས་ཀློད་གྲོལ་གཏོང་དགོས་པ་དང་། གཉིས་ཁ་སང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༡༡ པ་མཆོག་བཞུགས་ཡོད་པར་བཤད་ཡོད། གལ་སྲིད་ཁོང་སྐུ་འཚོ་བཞུགས་ཡོད་ན་འཛམ་གླིང་མི་མང་གི་མཐོང་སར་སྟོན་རོགས་གནང་། བོད་མདོ་དབུས་མཐོ་སྒང་གི་ཁོར་ཡུག་ཀུན་ལ་ཚད་ལས་བརྒལ་བའི་གཏོར་སྐྱོན་དང་འབག་བཙོག་བཟོས་པ་དེ་དག་འཕྲལ་མ་ཉིད་དུ་མཚམས་འཇོག་བྱེད་དགོས་ཡོད་པ་དང་གསུམ། དེ་བཞིན། བཞི་རྒྱ་ནག་གཞུང་གིས་ཁྲིམས་འགལ་གྱིས་བོད་ལ་བཙན་འཛུལ་བྱས་ཡོད་པར་བརྟེན། ད་ལྟ་བོད་མི་མང་ལ་ངེས་པར་དུ་རང་བཙན་གྱི་རྒྱལ་ཁབ་ཕྱིར་སྤྲོད་དགོས་ཡོད་པ་དང་། རྒྱ་ནག་གཞུང་གིས་བཙན་གྱིས་བསྐོ་བཞག་བྱས་པའི་པཎ་ཆེན་རྫུན་མ་དེར་བོད་མི་མང་གིས་དུས་ནམ་ཡང་ངོས་ལེན་མེད་པ་དང་ལྔ། དྲུག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་སྤྱིའི་ལྟ་རྟོག་འོག་རྒྱ་ནག་གཞུང་གི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་ལ་ཕེབས་བཅུག་དགོས་ཡོད། མཐའ་མ་དེར་བོད་ཀྱི་ས་ཁུལ་ཡོངས་སུ་བོད་ཀྱི་སྐད་ཡིག་ལག་བསྟར་བྱེད་པར་བཀག་འགོག་དང་སྒྲིག་གཞི་གང་ཡང་མེད་པར་རང་དབང་གིས་ཁྱབ་སྤེལ་གཏོང་ཆོག་པའི་སྲིད་ཇུས་སྤེལ་དགོས་ཡོད་པ་བཅས་རེད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

 

 

 

བསྐྱར་བཅོས།: ༢༠༢༠/༠༥/༢༦

Leave a Reply