གསར་འགྱུར་ལས་རིགས་ལ་འཐམ་པ་ནས་བཟུང་བྱུང་མ་མྱོང་བའི་གནས་ཚུལ་རེ་ཟུང་ཞིག་ནམ་རྒྱུན་ངའི་སེམས་ཁྲལ་གྱི་གཞི་རུ་འབྱུང་གིན་འདུག་ལ ། གནས་ཚུལ་འདི་དག་ནམ་ཞིག་ལ་ཐོས་ཏེ་གསར་ཤོག་འདིའི་སྟེང་དེའི་སྐོར་གྱི་གླེང་བརྗོད་འབྲི་དགོས་པར་འགྱུར་ཡོང་བསམ་ཚེ་དེ་བས་ཀྱང་ དངངས་འཚབ་སྐྱེས་ཡོང་གིན་འདུག
ངའི་སེམས་ཁྲལ་དུ་གྱུར་ བའི་གནས་ཚུལ་འདི་གཉིས་ནི་ནམ་ཞིག་༧གོང་ས་མཆོག་གི་སྐུ་ཚེའི་མཐའ་གཟིམ་པར་འགྱུར་བའི་རྐྱེན་ངན་དང་ ། ནམ་ཞིག་བོད་ས་ཁྱོན་ཡོངས་ལ་དུས་གཅིག་ཏུ་ཡར་ལངས་ཆེན་པོ་ཞིག་འབྱུང་ངེས་པ་འདི་གཉིས་ཡིན ། ཆོས་ཉིད་དང་དངོས་པོའི་འཕོ་འགྱུར་ལ་ཚད་བཙུགས་ནས་བཤད་ན ། དོན་དག་འདི་གཉིས་ནི་སྔ་ཕྱི་ཙམ་མ་གཏོགས་ངའི་མི་ཚེའི་ནང་ དུ་འབྱུང་ངེས་པར་འདུག་ལ ། ད་ལྟའི་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་གླེང་གཞི་གལ་ཆེན་གྱི་གྲས་དང་ བོད་གཞིས་བྱེས་གཉིས་ནང་གི་དོན་རྐྱེན་གྱི་བྱུང་བ་དག་ལ་གཞིགས་ཚེ ། དོན་དག་འདི་གཉིས་ང་ཙམ་མ་ཡིན་པར་བོད་མི་ཕལ་མོ་ཆེ་ཡི་ཚོར་ ཐོག་ལ་སླེབས་ཟིན་ཅིང་ ། སྐབས་རེར་སེམས་ཁྲལ་འདིའི་རིགས་མངོན་གསལ་གྱིས་གླེང་གིན་ཡོད ། དེ་རིང་ངས་གླེང་འདོད་པ་ནི་སེམས་ཁྲལ་གཉིས་པ་སྟེ ། བོད་ས་སྟོད་སྨད་བར་གསུམ་དུ་འོས་ལངས་ཆེན་པོ་ཞིག་གི་མེ་རྟ་ཤོར་གྱིན་པ་འདི་རེད ། ལྷག་པར་དུ་འདས་པའི་ལོ་བཅུའི་རིང་གསར་འགྱུར་ལས་རིགས་ལ་ཞུགས་པ་ནས་བཟུང་ ། དྲན་ཤེས་ཡོད་ཚད་མི་རིགས་འདིའི་འཐབ་རྩོད་དང་ལས་འགུལ་གྱི་ཕྱོགས་སུ་ཤོར་ཞིང་ ། མཚམས་རེར་ལྷ་སའི་བར་སྐོར་གླིང་གི་བསང་གསོལ་གྱི་རྣམ་པ་དང་ ། སེ་འབྲས་དགེ་གསུམ་གཙོས་པའི་གདན་ས་ཁག་གི་གྲྭ་བཙུན་ཚོ་རུབ་རུབ་བྱེད་སྐབས་གྱེན་ལངས་ཀྱི་མེ་སྟག་ཕྲ་མོ་འདི་རང་བཞིན་གྱིས་ཚོར་ ཡོང་གིན་འདུག་ལ ། སྟོད་དབུས་གཙང་ནས་སྨད་མདོ་ཁམས་བར་དུ་ཆགས་པའི་བོད་པའི་གྲོང་བརྡལ་ཚོའི་ནང་གི་རྩིགས་སྡེབ་ཁག་གང་སར་འབོད་ཚིག་རེ་སྤྱར་མ་མྱོང་ས་མེད་ལ ། རྒྱ་གཞུང་གི་ལས་ཁུངས་ཁག་གི་སྒོ་འགྲམ་སོགས་སུ་བོད་མི་ ཚོས་སྤྱར་ཡིག་རེ་སྦྱོར་སྐབས་དང་ ། འབྲོག་པའི་རྩྭ་ཐང་དང་མཁར་གྲོང་གི་བོད་མི་སྐོར་རེས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་རེ་བྱེད་སྐབས་ངས་མི་རིགས་འདིའི་ཞི་འཇགས་ཀྱི་རྒྱབ་ངོས་སུ་ཞེ་སྡང་གི་མེ་དཔུང་ཞིག་ཇེ་ཆེར་འབར་གྱིན་པའི་རླབས་དེ་མཐོང་ །
ཉེ་དུས་ཀྱི་གནས་སྟངས་ནས་གླེང་ན ། མདོ་སྨད་རེབ་གོང་དང་ཁམས་དཀར་མཛེས་གཉིས་ནི་ད་ཆར་རྒྱ་ནག་གི་སྙིང་ན་སའི་ས་ཁུལ་གཙོ་བོ་གཉིས་ཡིན་ལ ། འདས་པའི་ལོ་ཤས་ནས་བཟུང་བོད་དོན་འཐབ་རྩོད་ཀྱི་རྟེན་གཞི་ལྟ་བུར་གྱུར་ཡོད་པ་མ་ཟད ། བོད་མདོ་དབུས་ཁམས་གསུམ་དུ་བགོས་པའི་མདོ་ཁམས་གཉིས་ཀྱི་རིག་གནས་དང་ ། དཔལ་འབྱོར ། སྲིད་དོན་བཅས་ཀྱི་ལས་འགུལ་གང་ཅིའི་མགོ་རྩོམ་ས་དང་ལྟེ་གནས་གལ་ཆེན་ཡང་ཡིན་སྟབས ། ས་ཁུལ་འདི་གཉིས་ཀྱི་འབོད་སྒྲ་ནི་མདོ་སྟོད་དང་མདོ་སྨད་མི་དམངས་ཀྱི་འབོད་སྒྲའང་ཡིན ། དེར་རྟེན་པེ་ཅིན་དང་རྡ་སའི་བར་དུ་བོད་མིའི་མངོན་འདོད་དང་འཚམ་པའི་ཞི་མོལ་ཞིག་མྱུར་དུ་མ་བྱུང་ཚེ ། མདོ་སྟོད་སྨད་གཉིས་མཉམ་སྦྲེལ་གྱི་ངོ་རྒོལ་གྱེན་ལངས་ཤིག་མངོན་གསལ་གྱིས་མཐོང་གིན་འདུག་ལ ། དེ་དུས་བོད་ཀྱི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་གྱེན་ལངས་ཆེན་མོ་སྟེ ། བོད་མདོ་དབུས་ཁམས་གསུམ་དང་གཞིས་བྱེས་ཚང་མ་ཉིན་གཅིག་ལ་འོས་ལངས་བྱེད་པའི་དུས་དེ་འབྱུང་བར་འགྱུར་ཞིང་ ། སྐབས་འདིའི་གནས་སྟངས་ནི་དུས་རབས་ཕྱེད་ཀའི་ཡར་སྔོན་གྱི་གསུམ་བཅུའི་ངོ་རྒོལ་གྱེན་ལངས་ལྟ་བུ་ཞིག་གཏན་ནས་མིན་པར་འདོད་དོ༷།།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།