མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྟག་མཚེར་རིན་པོ་ཆེ་རྗེས་དྲན།

བོད་ཀྱི་དུས་བབ།
༢༠༠༨/༠༩/༢༢
Share on FacebookShare on TwitterShare on EmailShare on Whatsapp

རེས་གཟའ་པ་སངས་ཉིན་གྱི་ལས་ཀ་གྲོལ་ནས་ཕྱིར་ཁྱིམ་དུ་ངལ་གསོ་བའི་སྐབས་སུ་བདག་ལ་ཁ་པར་ཞིག་འབྱོར་ནས། ༼རབ་གསལ། ད་རིན་པོ་ཆེ་ཚང་མ་བཞུགས་ཐལ་༽ཞེས་ཟེར་ཞིང་། དེ་མཚམས་ངུ་ངག་དང་འདྲེས་པའི་ཁ་པར་དེ་ཆད་སོང་། ང་རང་ཨིན་ཌི་ཡཱ་ན་ལ་སླེབས་ནས་ལོ་བདུན་སོང་བའི་རིང་འདིར་རང་གི་སེམས་གཏོད་ས་ཞིག་གློ་བུར་དུ་མེད་པར་གྱུར་པ་དེས་ངེད་ཀྱི་སེམས་ཁམས་སྟོང་སེང་ངེར་བསྒྱུར། འཕྲལ་དུ་བྱམས་བརྩེ་གླིང་དགོན་པར་གཏད་ནས་སོང་ཞིང་། ལམ་དུ་གྲོགས་པོ་རེ་ཟུང་ཞིག་ཡོད་པ་དེ་ཚོར་ཁ་པར་ཕུལ། ས་གནས་ཀྱི་བོད་མི་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་སླེབས་ཤིང་། ང་ཚོས་སྐབས་བབ་ཀྱི་ལས་ཀ་རྣམས་སྒྲུབ་པ་ཡིན། ལོ་རྒྱུས་ནང་གི་མི་སྣ་གལ་ཆེན་འདི་དང་། རྒྱུན་ལྡན་སྐུ་གམ་དུ་བཅར་ཐེངས་རེ་རེར་བོད་དོན་ཕྱོགས་ཀྱི་གནས་ཚུལ་འདྲི་བརྩད་གནང་མཁན་འདི་ད་ནི་མ་བཞུགས་པ་རེད་བསམ་དུས་ཞེ་སྨྲེང་ཞིང་འཁྲེང་བར་གྱུར།

རིན་པོ་ཆེ་སྐུ་འཚོ་བཞུགས་སྐབས་དང་ལྷག་དོན་སྐུ་བསྙུང་བཞེས་པའི་ལོ་ཤས་ཀྱི་རིང་དེར། ལྕམ་དཀོན་མཆོག་དབྱངས་སྐྱིད་ལགས་དང་། སྲས་གསུམ། དེ་བཞིན་སྐུ་བཅར་ཞབས་ཞུ་བ་མགོ་ལོག་ནམ་མཁའ་བསྟན་འཛིན་དང་རྔ་བ་རབ་བརྟན་རྒྱ་མཚོ་ཟུང་གིས་དུས་ནར་མར་གང་མཁོའི་ཞབས་ཞུ་ཕུལ་དུ་སོན་པ་ཞུས་པ་དང་། དེ་ཡང་མཚན་གྱི་གཉིད་དང་ཉིན་མོའི་ཟས་བཅག་ནས་ཞབས་ཞུ་ཞུས་པ་བཅས་ལ་བསམས་དུས་སྤོབས་པ་འཕེལ་ཞིང་དྭང་བ་འདྲེན་པ་ཞིག་བྱུང་ལ། རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་ཁོང་ཚོར་ཡང་བཀའ་དྲིན་རྗེས་དྲན་ཞུས་པ་ཡིན།

ལྟག་མཚེར་རིན་པོ་ཆེ་ལོ་འདིར་དགུང་གྲངས་གྱ་བདུན་དུ་ཕེབས་ཡོད་པ་རེད།  དགོངས་པ་མ་རྫོགས་པའི་སྔོན་དུ་ཡང་ཐུགས་རིག་གསལ་ཞིང་། ཁོང་གི་སྐུ་ཚེའི་རིང་གནང་བའི་བོད་རང་བཙན་འཐབ་རྩོད་སྐོར་ལ་རྒྱུན་དུ་ནས་དགོངས་བཞེས་དང་འདྲི་བརྩད་གནང་། ལོ་འདིར་བོད་ནང་དུ་གྱེན་ལངས་བྱུང་སྐོར་སོགས་ཀྱི་གནས་ཚུལ་ཞུས་སྐབས་ལན་རེར་ཕྱག་ཐལ་མོ་སྦྱོར་ལ། ལན་རེར་ “དངོས་གནས་ཡག་པོ་རེད། སྙིང་རྗེ།”སོགས་བཀའ་ཕེབས་པ་རེད།

རིན་པོ་ཆེ་ཁོང་ ༢༠༠༨ ལོའི་ཟླ་དགུ་པའི་ཚེས་ ༥ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་གཉིས་དང་ཕྱེད་ཀ་ཙམ་ལ་ སྐུ་འབུམ་བྱམས་བརྩེ་གླིང་གི་ རང་གི་བཞུགས་ཤག་ཏུ་དགོངས་པ་ཞི་དབྱིངས་སུ་གཤེགས་པའི་ཚུལ་བསྟན་པ་རེད།  དེ་ནས་ཚེས་ ༡༠ ཉིན་དད་ལྡན་མི་མང་གིས་སྐུ་གདུང་ལ་མཆོད་མཇལ་ཞུས་པ་དང་། ཚེས་བཅུ་གཅིག་ཉིན་སྐུ་འབུམ་བྱམས་བརྩེ་གླིང་དགོན་པའི་རྒྱབ་ཏུ་བཞེངས་པའི་གདུང་ཁང་དུ་ དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་ཞི་བའི་སྦྱིན་སྲེག་འབུལ་བ་དང་བཅས་སྐུ་གདུང་ཞུགས་འབུལ་ཞུས་ཡོད་པ་རེད། སྐུ་གདུང་ཞུགས་འབུལ་གྱི་སྐབས་སུ་རྒྱ་གར་ནས་༧རྒྱལ་བའི་བཀའ་འབྲེལ་བཞིན་ཆོས་ཚོགས་འདིར་ཟླ་དྲུག་རིང་ཆེད་ཕེབས་གནང་བའི་སྤ་རི་རིན་པོ་ཆེ་བློ་བཟང་ཐུབ་བསྟན་མཆོག་གིས་སློབ་དཔོན་དང་། དེ་བཞིན་ཀེའུ་ཚང་རིན་པོ་ཆེ་འཇམ་དཔལ་ཡེ་ཤེས། ཨ་ཀྱཱ་རིན་པོ་ཆེ་བློ་བཟང་ཐུབ་བསྟན། ཨ་ལགས་ཁུ་ཞང་རིན་པོ་ཆེ། སེར་བྱེས་དགེ་བཤེས་ངག་དབང་གྲགས་པ། སྒོ་མང་དགེ་བཤེས་སངས་རྒྱས་དང་བློ་བསྟན་སོགས་དགེ་འདུན་པ་ཚོས་གདུང་ཆོག་གསུངས་ཤིང་། ལྟག་མཚེར་རིན་པོ་ཆེའི་ལྕམ་དཀོན་མཆོག་དབྱངས་སྐྱིད་ལགས་དང་སྲས་སོགས་ཁྱིམ་མི་དང་། སློབ་མ་དང་གྲོགས་པོ། དེ་བཞིན་ཨ་རིའི་ས་ཁུལ་མང་པོ་ནས་ཆེད་ཕེབས་བོད་རིགས་སོགས་འཛོམས་ཡོད་པ་རེད།

འདིའི་སྐོར་ཆོས་ཚོགས་ཀྱི་འགན་འཛིན་ཨ་ཀྱཱ་བློ་བཟང་ཐུབ་བསྟན་མཆོག་གིས། “ཕྱོགས་གཅིག་ནས་ལྟག་མཚེར་རིན་པོ་ཆེ་མཆོག་ནི་སྐུའི་གཅེན་པོ་ཡིན་པ་དང་། དེ་བཞིན་ང་ཚོ་སྐུ་འབུམ་དགོན་པའི་བླ་མ་གཅིག་པ་དང་དེ་ཡང་རྒན་གྲས་ཡིན་པ། དེ་བཞིན་ང་ཚོ་བཙན་བྱོལ་དུ་གྱར་བའི་སྐབས་འདི་འདྲ་ཞིག་ལ་ལོ་གཉིས་གོང་ནས་ང་ལ་ཆོས་ཚོགས་ཀྱི་འགན་རྩིས་སྤྲོད་གནང་བ། ལྟག་མཚེར་རིན་པོ་ཆེ་དང་ངེད་གཉིས་དགེ་རྒན་གཅིག་པ་ཡིན་པ་སོགས་ཚེ་འདི་དང་སྐྱེ་བ་སྔོན་མའི་འབྲེལ་བ་བཅས་ཀྱི་ཐོག་ནས་སྐུ་གདུང་ཞུགས་འབུལ་ཞབས་ཞུའི་འགན་དེ་ངའི་ཐོག་ལ་བབས་པ་རེད།” ཅེས་དང་། “ཐེངས་འདིའི་མཛད་རིམ་ཚང་མ་༧རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ལམ་སྟོན་གནང་བ་བཞིན་སྦྱིན་སྲེག་དང་གདུང་ཁང་བཞེངས་པ་སོགས་སྔར་སྲོལ་ཚད་ལྡན་ཞིག་བྱུང་སོང་།”ཞེས་གསུངས་སོང་།

ལྟག་མཚེར་རིན་པོ་ཆེ། ཁོང་སུ་རེད། ཁོང་གི་ལོ་རྒྱུས་ནི་ཡིག་ཚགས་ཁག་ཏུ་གསལ་པོར་འཁོད་ཡོད་པ་རེད། ཁོང་གིས་ བོད་ནི་ངའི་རྒྱལ་ཁབ་ཡིན་ཞེས་པའི་རྣམ་ཐར་དེ་བརྩམས་ཡོད་པ་རེད་ལ། མདོ་སྨད་པ་ཡོན་ཏན་རྒྱ་མཚོས་ཀྱང་རིན་པོ་ཆེ་ལ་འདྲི་གཏུགས་ཀྱིས་ཁོང་གི་རྣམ་ཐར་ངེས་དོན་སྤྲིན་གྱི་ཕོ་ཉ་ཞེས་པ་ ༡༩༨༩ ལོར་བརྩམས་ཡོད་པ་རེད། དེ་བཞིན་ཉེ་རབས་ཀྱི་བོད་སྲིད་དོན་རྒྱལ་རབས་སྐོར་གྱི་ཡིག་ཆ་ཕལ་ཆེ་བའི་ནང་ལྟག་མཚེར་རིན་པོ་ཆེའི་ལོ་རྒྱུས་མ་འཁོད་པ་དཀོན་པ་རེད།  དེས་ན་འདིར་རྗེས་དྲན་གྱི་ཚུལ་དུ་མདོ་སྨད་པ་ཡོན་རྒྱམ་གྱི་རྣམ་ཐར་ལ་གཞི་བཅོལ་ཏེ་རགས་ཙམ་ཞུས་ན།

ལྟག་མཚེར་ཟེར་བ་ནི་ལྟག་སྟེ་རྒྱབ་ཀྱི་མཚེར་ས་ལ་ཟེར་བ་ཡིན་ཞེས་རིན་པོ་ཆེས་ཡང་ཡང་གསུངས་འདུག་ཅིང་། ༼རྒྱལ་བའི་མཛད་རྣམ་སོགས་སུ་སྟག་འཚེར་ཞེས་གསལ་ལ། སྐུ་ཕྲེང་བཅུ་གསུམ་པའི་རྣམ་ཐར་དུ་སྟངས་རྩེ་ཞེས་བྲིས་པ་ཡོན་རྒྱམ་གྱིས་མཆན་བཏབ་འདུག༽ ལྟག་མཚེར་རིན་པོ་ཆེ་ཐུབ་བསྟན་འཇིགས་མེད་ནོར་བུ་མཆོག་ནི་ལྟག་མཚེར་སྐུ་ཕྲེང་དྲུག་པ་དང་། དེ་བཞིན་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་ངོས་འཛིན་གནང་བའི་སྤྲུལ་སྐུའི་ཁོངས་ཀྱི་གཅིག་ཡིན་པ་རེད། ཁོང་ ༡༩༢༢ ཆུ་ཁྱི་ལོར་ཡབ་ཆོས་སྐྱོང་ཚེ་རིང་དང་ཡུམ་བསོད་ནམས་མཚོ་མོ་གཉིས་ཀྱི་སྲས་སུ་བལྟམས་ཤིང་།མཚན་ལ་བཀྲ་ཤིས་ཚེ་རིང་ཞེས་གསོལ།  ༡༩༢༥ ལོར་༧རྒྱལ་དབང་སྐུ་གོང་མས་ལྟག་མཚེར་སྤྲུལ་སྐུར་ངོས་འཛིན་དང་བཅས་ཐུབ་བསྟན་འཇིགས་མེད་ནོར་བུ་ཞེས་མཚན་གསོལ་ཞིང་། ཁྱི་བཞི་དང་སོག་ཆས་བཅས་གསོལ་བསྩལ་གནང་།  དེ་ནས་ ༡༩༣༥ ལོར་སྐུ་འབུམ་དགོན་པར་ཆོས་ཞུགས་མཛད་ཅིང་ཆོས་ཕྱོགས་ཀྱི་སློབ་གཉེར་གནང་། དགེ་རྒན་ཚོའི་རྐྱེན་བྱས་ཏེ་སོག་སྐད་ཀྱང་མཁྱེན་པར་གྱུར། དབུས་སུ་ཕེབས་ཏེ་ ༡༩༤༡ ནས་ ༡༩༤༦ བར་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་སློབ་གཉེར་གནང་ཞིང་མཁྱེན་པ་རྒྱས།  ༡༩༤༦ ལོར་རྒྱ་གར་དང་ཧོང་ཀོང་བརྒྱུད་དེ་ཕེབས་ནས་ཕྱི་ལོ་དེར་སླར་སྐུ་འབུམ་དགོན་དུ་ཕེབས། སྐབས་འདིར་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་དེ་བཞིན་གོ་མིན་ཏང་གི་མགོ་གཙོ་ཅང་ཀེ་ཤག་སོགས་ལ་ཐུག་འཕྲད་མཛད།  རྒྱ་ནག་ཏུ་རྒྱ་དམར་ནག་གི་འཁྲུག་རྐྱེན་ཆེ་ཞིང་། དམར་པོའི་ཕྱོགས་ལ་རྒྱལ་ཁ་ཐོབ་བཞིན་ཡོད། ལྟག་མཚེར་རིན་པོ་ཆེའི་བོད་རང་བཙན་གྱི་དགོངས་ཚུལ་དང་ལས་འགུལ་གྱི་གཞི་རྩ་ཡང་སྐབས་འདི་ཙམ་ནས་ཚུགས་པར་མངོན། དུས་འདི་འདྲའི་སྐབས་ཤིག་ལ་ལྟག་མཚེར་སྐུ་གོང་མ་ཚོ་ཇི་བཞིན་སྐུ་འབུམ་དགོན་པའི་ཁྲི་པར་ཕེབས། རིན་པོ་ཆེ་དང་རྒྱ་དམག་བར་གདོང་ལེན་འཐབ་རྩོད་བྱེད་པ་ཡང་དེ་ནས་མགོ་ཚུགས་པ་རེད།

༡༩༥༠ ལོར་རྒྱ་ཕྱོགས་ཀྱི་རེ་སྐུལ་དྭང་ལེན་བྱས་ཁུལ་གྱིས་ནང་དོན་ཨ་མདོའི་ཕྱོགས་སུ་རྒྱ་རྒོལ་གྱི་རོགས་རམ་དགོས་པ་དང་། དེ་བཞིན་རྒྱ་དམར་གྱི་བཙན་འཛུལ་གནས་ཚུལ་བཅས་སྙན་སྒྲོན་བྱེད་ཆེད་དབུས་སུ་ཕེབས། སྐབས་འདིར་རིན་པོ་ཆེ་དང་ལྷན་དུ་མདོ་སྨད་ཁུལ་གྱི་བླ་མ་གྲགས་ཆེན་ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་བདུན་པ་དང་། གསེར་ཁོག་ཞྭ་ལུ་པ་ཚང་བཅས་ཡོད།  རིམ་གྱིས་ལྷ་སར་རང་གཞུང་ལ་ནན་ཞུ་བྱེད་དགོས་གྲུབ་མཚམས་རིམ་གྱིས་རྒྱ་གར་བརྒྱུད་ ༡༩༥༡ ལོར་ཨ་མི་རི་ཀར་ཕེབས་པ་རེད། དེ་ནས་ལོ་ཤས་རིང་ཉི་ཧོང་དུ་བཞུགས་ནས་ཉི་ཧོང་སྐད་མཁྱེན་པར་མཛད་ཅིང་། ༧གོང་ས་མཆོག་སྟོན་འཁོར་རྒྱ་གར་དུ་ཆིབས་བསྒྱུར་སྐབས་དེར་རྒྱ་གར་དུ་ཕེབས། བོད་རྒྱལ་ཁབ་འདི་སྐྱོབ་པའི་ཐབས་ལམ་ཡོད་རྒུ་རྩལ་སྤྲུགས་གནང་།  རྒྱའི་སྲིད་བློན་ཀྲུའུ་ཨེན་ལེ་དང་རྒྱ་གར་སྲིད་བློན་ནེཧ་རུ་ལ་མཇལ་འཕྲད་དང་། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཚོན་པའི་རྒྱལ་ཁབ་ཁག་ལ་བོད་ཀྱི་བདེ་སྡུག་ཞུ་གཏུགས་སོགས་མཛད་བྲེལ་ཆེན་པོ་བྱུང་ཡོད་ཅིང་།  རྒྱ་དཔོན་ཀྲུའུ་ཨེན་ལེ་ཡིས་བོད་ལ་ལོག་དགོས་པའི་སྐོར་བཤད་སྐབས་རིན་པོ་ཆེས། “ང་བོད་ལ་ལོག་པའི་སྐབས་མཚམས་ལ་སླེབས་དུས་ང་བོད་ལ་ལོས་འགྲོ  ང་བོད་པ་རེད།  ་་་ རྒྱ་མིའི་འོག་ཏུ་རང་དབང་དང་བདེ་སྐྱིད་མེད་ཙང་ང་ཕྱི་ལོགས་སུ་ཡོང་བ་ཡིན།  རྒྱ་ནག་གིས་བོད་ཡར་རྒྱས་གཏོང་རྒྱུ་ཕར་ཟད། དཔེར་ན། གནམ་དམག་བཏང་ནས་ཁམས་ལི་ཐང་དགོན་ཆེན་སོགས་ལ་འབེལ་མདེལ་ཚོད་མེད་གཞུས་ནས་གཏོར་བཤིག་བཏང་ཡོད་པ་རེད། ་་་” སོགས་དང་། ཡང་། “ང་གང་དུ་འགྲོ་མི་འགྲོ་ཁྱེད་ནས་གསུངས་དགོས་ཡ་ཡོད་མ་རེད།  ངའི་མགོ་ངའི་དཔུང་པའི་སྟེང་དུ་ཡོད་ཙང་ང་གང་དུ་འགྲོ་མི་འགྲོ་ང་རང་ལ་རག་ལས་པ་ལས་གཞན་སུ་ལ་ཡང་ཇུས་འཁྲི་ཡོད་པ་མ་རེད།” ཅེས་གསུངས་འདུག དུས་སྐབས་འདི་དང་ཐོག་མར་ཨ་རི་ཕེབས་སྐབས་བཅས་སུ་ཨ་རིའི་དབུས་གསང་བའི་ལས་ཁུངས་ལ་འབྲེལ་བ་ཡོད་པ་དང་། དེ་འབྲེལ་གྱིས་ ༡༩༥༧ ལོར་ཨ་རིའི་གསང་ལས་ཀྱིས་ལི་ཐང་ཨ་ཐར་སོགས་མི་དྲུག་ལ་ཟབ་སྦྱོང་སྤྲོད་སྐབས་དེར་རིན་པོ་ཆེ་ལྷན་བཞུགས་གནང་ཡོད་པ་དང་། སྐབས་དེར་བོད་ཡིག་གི་ཏར་འཕྲིན་གཏོང་ཚུལ་སོགས་ལ་ཡང་ཐུགས་གཞིགས་གནང་ཡོད་པ་རེད། ༡༩༥༩ ལོར་བོད་ཤོར་སྐབས་དེར་རིན་པོ་ཆེ་ཨ་རིར་ཡོད་ཅིང་། ༧གོང་ས་མཆོག་སྐུ་འཁོར་རྒྱ་གར་དུ་བདེ་འཇགས་ངང་བཙན་བྱོལ་ལ་ཕེབས་པ་གསན་རྗེས་དེར་བོད་མི་སྐྱབས་བཅོལ་བ་རོགས་རམ་ཐོག་མར་འབུལ་རོགས་ཀྱི་ཐུགས་འགན་བཞེས་ཡོད་པ་རེད།

༡༩༦༡ ལོར་ཨ་རིར་བཞུགས་སྐབས་སུ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་སྲས་མོ་དཀོན་མཆོག་དབྱངས་སྐྱིད་ལགས་མཇལ་ནས་འཁྲུངས་ས་བཀྱོན་པ་དང་སྲས་གསུམ་འཁྲུངས་ཡོད་པ་རེད་ལ། མཚམས་འདིར་ནིའུ་ཡོག་དོན་གཅོད་ཁང་གསར་དུ་ཚུགས་པར་རོགས་གནང་བ་དང་། ༡༩༦༥ ལོ་ནས་བཟུང་ ༡༩༨༧ ལོར་བགྲེས་ཡོལ་དུ་མ་ཕེབས་བར་དུ་ཨིན་ཌི་ཡཱ་ན་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་གྱི་མཚན་གནས་བཞེས་ཏེ་བོད་ཀྱི་རིག་གཞུང་ལོ་རྒྱུས་ཀྱི་ཕྱག་ལས་རླབས་ཆེན་གནང་བའི་ཁོངས་སུ་བོད་དོན་ལ་མཁས་པའི་སློབ་མ་སྐྱེད་སྲིང་དང་། བོད་དང་འབྲེལ་བའི་ལོ་རྒྱུས་རྩོམ་འབྲི་སོགས་ཤེས་རིག་ཕྱག་ལས་རྒྱ་ཆེ་གནང་བ་རེད།  ༡༩༧༩ ལོར་བྷི་ལིམ་མིན་ཊོན་ས་ཁུལ་དུ་བོད་ཀྱི་རིག་གཞུང་བསྟི་གནས་ཁང་གསར་འཛུགས་གནང་བ་རེད།  དེ་རྗེས་ཉི་ཧོང་གི་དོན་གཅོད་ཀྱི་ཐུགས་འགན་ཡང་བཞེས་པ་རེད། ༡༩༩༥ ལོ་ནས་རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པ་བཙུགས་པ་དང་། དེ་འབྲེལ་གྱིས་ཞི་བའི་གོམ་བགྲོད་དུ་ཕེབས་པ་སོགས་བོད་རང་བཙན་ཁོ་ན་ནི་བོད་མི་མང་གི་དགོས་འདུན་དང་ཐོབ་ཐང་ཡིན་པ་རྩལ་དུ་བཏོན་ཡོད་པ་རེད།

རིན་པོ་ཆེས་སྔ་ཕྱིར་ཕྱག་དེབ་རྩོམ་སྒྲིག་མཛད་པའི་ཁོངས་སུ་ བོད་ (Tibet) ཅེས་པའི་དེབ་ཅིག་དང་། གཅུང་དོན་ཡོད་དབྱིན་བསྒྱུར་མ། བོད་ནི་ངའི་རྒྱལ་ཁབ་ཡིན་ཞེས་པའི་རྣམ་ཐར། སོག་པོ་རྡོ་རྗེབ་ཀྱི་རྣམ་ཐར། བོད་ཀྱི་ལག་དེབ་ (Tibet: A Handbook.) ཅེས་པའི་ལེའུ་འགའ། དེ་བཞིན་རྩོམ་ཡིག་སྣ་མང་སོགས་མཛད་ཡོད་པ་རེད།

ལྟག་མཚེར་རིན་པོ་ཆེའི་མཛད་པ་ནི་འདི་ལྟར་མདོར་བསྡུས་ན། སྐུ་གཞོན་དུས་ཆོས་ཀྱི་སློབ་སྦྱོང་ལ་གཞོལ་བ་དང་། དེ་ནས་བོད་ཀྱི་རྒྱལ་ཁབ་སྐྱོབ་པའི་ལས་དོན་ལ་སྐུ་ངལ་ཁྱད་བསད་དང་བློ་སེམས་རྩེ་གཅིག་ཏུ་གཞོལ་བ། བོད་ཀྱི་ཤེས་རིག་ལོ་རྒྱུས་གོང་དུ་སྤེལ་བའི་མཛད་འགན་བཞེས་པ།  མཐའ་མར་སྐུ་ཚེའི་མཇུག་ཏུའང་བོད་ཀྱི་འཐབ་རྩོད་ནི་རང་བཙན་གྱི་འཐབ་རྩོད་ཅིག་ཡིན་པ་དེ་རྩལ་དུ་བཏོན་ནས་དེ་ལ་དབུ་འཁྲིད་ཀྱིས་ལས་འགུལ་རྒྱུན་བསྲིངས་ཡོད་པ་བཅས་རེད་ལ། ཁོང་ནི་མཁས་པ་དང་བླ་མ། འཐབ་རྩོད་པ། དབུ་འཁྲིད། ཟོལ་བཟང་བཅས་ཡིན་པ་རེད། ཁོང་ཞི་བར་གཤེགས་པའི་གནས་ཚུལ་གོ་བ་བརྟེན་ནས་ཁོང་གི་རྗེས་འཇུག་བོད་མི་དང་གྲོགས་པོ། སློབ་མ་སོགས་ཀྱིས་མྱ་ངན་ཞུས་ཤིང་། བོད་མི་མང་སྤྱི་འཐུས་གྲོས་ཚོགས་སོགས་ཚོགས་སྡེ་ཁག་གིས་མྱ་ངན་ཞུ་ཚིག་ཕུལ་ཡོད་པ་རེད།

མཛད་པ་འདི་དག་སེམས་ལ་འཁོར་རིམ་བཞིན་ངས་གདུང་ཁང་ནས་མཆེད་པའི་དུད་སྤྲིན་ལ་བལྟས་ཤིང་། ལྷོག་ལྷོག་ཏུ་ཡོང་བའི་དུད་སྤྲིན་དེ་ལྷོ་དང་ལྷོ་ནུབ་ཕྱོགས་སུ་མཆེད་པ་ལ་གཅེར།  བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་རླབས་ཆེན་གྱི་མི་སྣ་འདིའི་སྐུ་ཚེ་གཅིག་གི་མཛད་པ་རྣམས་རེ་ཞིག་མཇུག་སྒྲིལ་བ་རེད།  ཁོང་གི་མཛད་རྗེས་ལ་བཀའ་དྲིན་བསམ་ཤེས་དང་རྗེས་དྲན་བྱེད་པའི་མིག་ཆུ་ནི་དུད་སྤྲིན་གྱི་འོག་ན་ཟགས་བཞིན་འདུག  སྐུ་གདུང་སྦྱིན་སྲེག་སྐབས་ཀྱི་སློབ་དཔོན་སྤ་རི་རིན་པོ་ཆེས། “རིན་པོ་ཆེས་སྐུ་ཚེ་ཧྲིལ་པོ་བོད་ཀྱི་ཆབ་སྲིད་ཉག་ཕྲ་བའི་སྐབས་འདིར་བོད་ཀྱི་ཆེད་དུ་ཕུལ་བ་མ་གཏོགས་སྒེར་དོན་ལ་ཞུགས་པ་ཡོད་མ་རེད། དེ་ལ་སྙིང་ཐག་པ་ནས་རྗེས་སུ་ཡི་རངས་ཞུ་གི་ཡོད།”ཅེས་གསུངས་སོང་།

དགེ་འདུན་རབ་གསལ།

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༤ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༦ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

ཆུ་ཚོད་ ༩ སྔོན་ལ།
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese