མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུ་མའི་ལམ་དང་རང་བཙན་ལ་འོས་འཕེན་པ་མ་རེད།

བོད་ཀྱི་དུས་བབ།
༢༠༠༨/༡༠/༢༣
Share on FacebookShare on TwitterShare on EmailShare on Whatsapp

དུས་བབ་གསར་ཁང་གིས་འདོན་ཐེངས་སྔོན་མ་གཉིས་ཀྱི་ནང་དུ་ཟླ་རྗེས་མའི་ནང་འཚོགས་གཏན་འཁེལ་བའི་ཚོགས་འདུ་དེའི་ཆེད་དུ། གཞུང་འབྲེལ་ཡིན་མིན་གཉིས་ཀྱི་སྡེ་ཚན་ཁག་གི་མགོ་ཁྲིད་རྣམ་པ་དང༌། ཆོས་རྒྱུད་ཁག་གི་སྤྱི་འཐུས་བཅས་ལ་ཚོགས་ཆེན་དེའི་སྒང་དུ་སྡེ་ཚན་སོ་སོ་ནས་འཐུས་མི་འདེམས་སྟངས་དང༌། བསམ་ཚུལ་བསྡུ་ལེན་བྱེད་སྟངས། དེ་མིན་གྲོས་ཚོགས་ཀྱིས་ཐག་གཅོད་བྱས་ཡོད་པའི་འཐུས་མི་ཡོང་ཁུངས་བཅས་ཀྱི་ཐད་བཅར་འདྲི་བྱས་པ་བཀོད་ཡོད་ལ། ད་ཐེངས་ཀྱང་མུ་མཐུད་ནས་ནམ་རྒྱུན་བོད་ཀྱི་གནད་དོན་ལ་ཐུགས་སྣང་ཡོད་པའི་མི་སྒེར་དང༌། སྡེ་ཚན་འགའི་འགན་འཛིན་རྣམས་ལ་གོང་འཁོད་གནས་ཚུལ་དེ་དག་གི་སྒང་ལ་བཅར་འདྲི་བྱས་པ་ཡིན།

ཉེ་ལམ་བཀའ་ཟུར་རྣམ་པས་དམིགས་བསལ་ཚོགས་ཆེན་སྐོར་ལ་བཀའ་བསྡུར་གནས་ཡོད་སྟབས། ཐེངས་འདིར་བཀའ་ཟུར་བསོད་ནམས་སྟོབས་རྒྱལ་ལགས་ལ་བཀའ་འདྲི་གནང་བར་ཁོང་གིས། ཚོགས་ཆེན་དེ་གལ་ཆེན་པོ་ཞེ་དྲག་རེད། ཁ་སང་ང་ཚོ་བཀའ་ཟུར་ཚོས་ཚོགས་འདུ་འཚོགས་སྐབས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་པ་ཡིན། མཇལ་ཁ་ཞུས་དུས་༧གོང་ས་མཆོག་ནས་ཚོགས་ཆེན་སྐོར་ལ་བཀའ་གནང་སོང༌། དེ་ཧ་ཅང་གི་ཐུགས་གལ་ཆེན་པོ་ཞིག་ཏུ་གཟིགས་ཀྱིན་འདུག ༧གོང་ས་མཆོག་གིས་ངོས་ནས་སི་ཏྲ་སི་སྦག་གི་གསུང་བཤད་གཙོ་བྱས་པའི་སྔ་གཞུག་མང་པོར་བོད་ཀྱི་སྐོར་མཐའ་མའི་ཐག་གཅོད་དེ་བོད་རྒྱ་ཆེའི་མི་མང་གིས་བྱེད་གི་རེད་ཅེས་བཤད་ཡོད། ད་ལྟ་ཡིན་ཡང་ཚོགས་ཆེན་དེའི་སྒང་ལ་ལངས་ཕྱོགས་གང་འདྲ་ཞིག་ཏུ་འགྲོ་བ་དང༌། ལངས་ཕྱོགས་དེ་ཐབས་ཤེས་གང་འདྲའི་འོག་ནས་ལག་ལེན་བྱེད་རྒྱུ་ཡིན་པ་བཅས་མི་མང་ཚོགས་འདུ་འཚོགས་ནས་ཐག་གཅོད་གང་བྱས་ན་ངས་དེར་མོས་མཐུན་ཡོད་ཅེས་བཀའ་ཕེབས་སོང༌། ལངས་ཕྱོགས་རང་བཙན་ཡིན་ལབ་ན་དེ་ལབ་པ་ཙམ་མིན་པར་དེ་བསྒྲུབ་པ་ལ་ཁོར་ཡུག་དང་དེར་ཐབས་ཤེས་གང་ཡོད་མེད་དང༌། རང་ཐག་རང་གཅོད་ཡིན་ན་དེ་བསྒྲུབ་པའི་ཁོར་ཡུག་དང་ཐབས་ཤེས་གང་ཡོད་པ་ད་ལྟ་ནས་བསམ་བློར་གྲ་སྒྲིག་དགོས་ཀྱི་རེད། དེ་མིན་པའི་སྒྲུབ་བྱ་གཞན་དག་ཀྱང་ཡོད་ཀྱི་རེད། ངས་གོ་ནོར་ཐེབས་མེད་ན། ཚོགས་གཙོས་ཚོགས་ཆེན་སྐོར་གསུངས་པ་དང་༧གོང་ས་མཆོག་གིས་བཀའ་གནང་བ་གཉིས་མཐུན་པོ་མི་འདུག ཚོགས་གཙོས་ཚོགས་ཆེན་དེ་བསམ་ཚུལ་བསྡུ་ས་ལྟ་བུར་གསུངས་འདུག ཚོགས་ཆེན་མ་འཚོགས་གོང་གྲོས་ཚོགས་ཀྱི་ངོས་ནས་ལམ་སྟོན་གསལ་བོ་མ་གནང་ན་མི་མང་དེ་ཚོ་མགོ་འཐོམས་ཀྱི་རེད། བཀའ་ཤག་དང་སྤྱི་འཐུས་ཚོས་༧གོང་ས་མཆོག་གི་དགོངས་གཞི་གསལ་པོ་མཁྱེན་གི་ཡོད་ཀྱི་རེད། ༧གོང་ས་མཆོག་གིས་ཚོགས་འདུ་འདིའི་སྒང་ལ་མི་མང་ཚོའི་བསམ་ཚུལ་སླེབས་ཐུབ་པའི་ཐུགས་རེ་གནང་གིན་འདུག ༧གོང་ས་མཆོག་གིས་ང་ཚོ་བཀའ་ཟུར་ཚང་མར་ཁྱེད་རང་ཚོར་བསམ་ཚུལ་ག་རེ་ཡོད་ན་ཚོགས་ཆེན་སྒང་ལ་གསལ་པོ་བྱས་ནས་བཤད་དགོས་པ་རེད་དཱ་ཞེས་གསུངས་སོང༌། རྩ་དོན་སྒང་ལ་གོ་བསྡུར་བྱེད་དགོས་ན་དེ་ལངས་ཕྱོགས་དང་ཐབས་ལམ་མ་གཏོགས་གཞན་ག་རེ་ལ་གོ་དགོས་པ་རེད། སྤྱི་འཐུས་ཚོགས་གཙོས་གཞི་རྩའི་སྲིད་བྱུས་ལ་འགྱུར་བ་འགྲོ་གི་མ་རེད་གསུངས་གི་ཡོད་ན་མི་མང་གིས་བསམ་ཚུལ་འཁྱེར་ཡོང་སྟངས་ལ་འགྱུར་བ་འགྲོ་རྒྱུ་མ་ཟད། རྩ་དོན་ཟེར་ན་མདོ་དོན་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ལངས་ཕྱོགས་དང་དེའི་ཐབས་ལམ་ཟེར་བ་ལས་གཞན་ག་རེ་ལ་གོ་དགོས་སམ། ལས་བྱེད་བགྲེས་ཡོལ་བ་ཚོགས་མིར་ཕེབས་ཕྱོགས་ཐད། ཚོགས་པ་ཁག་ལ་བསམ་འཆར་ཡོང་གི་འདུག་པ་དེའི་སྐོར་ལ་ང་རང་གི་བསམ་ཚུལ་ཡིན་ན་ལས་བྱེད་ཚོས་རང་དབང་གི་སྒོ་ནས་ཁ་གྲགས་མ་ཐུབ་ན་དགོངས་གཞི་ལྟར་དམིགས་ཡུལ་འགྲུབ་པར་གནོད་སྐྱོན་ཡོང་སྲིད་སྟབས། གཞུང་ནས་ད་ཐེངས་ཚོགས་ཆེན་རིང་གཞུང་ཞབས་ཚོར་རང་དབང་གི་བསམ་ཚུལ་བརྗོད་རྒྱུའི་གོ་སྐབས་གནང་ཐུབ་པ་ཡིན་ན། མང་ཚོགས་ཀྱི་རྣམ་རྟོག་སེལ་བ་བཅས་ཀྱི་དགེ་མཚན་ཡོང་ངེས། ང་ལ་མཚོན་ན་ཚོགས་འདུ་དེར་ཞུགས་ཀྱི་ཡིན་ལ་ད་དུང་དེའི་སྒང་ནས་རང་གིས་གང་བསམ་པ་དེ་བཤད་ཀྱི་ཡིན། མི་ཚེ་ཧྲིལ་བོར་བོད་མི་རིགས་ལ་ཞབས་ཞུ་བསྒྲུབས་པ་ཡིན་ལ་མི་ཚེ་མཐའ་མར་ཡང་བོད་མི་རིགས་ཀྱི་དོན་དུ་བསམ་ཚུལ་བཤད་ཀྱི་ཡིན། ཅེས་གསུངས་བྱུང༌།

སྤྱི་ཟུར་ཧོར་གཙང་འཇིགས་མེད་ལགས་ཀྱིས། ྋགོང་ས་མཆོག་གིས་བོད་ཕྱི་ནང་གི་གནས་སྟངས་མང་པོར་གཟིགས་ནས་ད་ལམ་གྱི་དམིགས་བསལ་ཚོགས་ཆེན་འཚོགས་དགོས་པའི་བཀོད་ཁྱབ་གནང་བ་རེད། ལྷག་པར་དུ་བོད་ཀྱི་རྩ་དོན་སྒྲུབ་ཕྱོགས་ཐད་མི་མང་གི་མངོན་འདོད་གསལ་རྟོགས་ཡོང་ཆེད། ནམ་རྒྱུན་ནས་རང་དབང་རང་བཙན་གསུང་སྡོད་མཁན་གང་ཟག་བྱེ་བྲག་པ་སྐུ་ཞབས་འཇམ་དབྱངས་ནོར་བུ་དང༌། ལྷ་བཟང་ཚེ་རིང་ལྟ་བུ་ཚོགས་ཞུགས་ཐུབ་པའི་ཐབས་ཤེས་གནང་གིན་ཡོད་ཚོད་རེད། དེ་ཧ་ཅང་གལ་ཆེན་རེད། ད་ལམ་དམིགས་བསལ་ཚོགས་ཆེན་གྱི་བརྗོད་གཞིའི་སྐོར་ངས་ཚོད་དཔག་བྱེད་ཐུབ་པ་ཞིག་ནི། ད་ལོ་བོད་ནང་དུ་ཞི་བའི་ངོ་རྒོལ་ལས་འགུལ་བྱུང་བ་ནས་གསར་ལམ་ཁག་ཏུ་ནམ་རྒྱུན་བོད་དོན་ལ་དོ་སྣང་ཡོད་མཁན་སྐོར་ཞིག་གིས་བོད་ནང་གི་ཞི་རྒོལ་བ་རྣམས་ཀྱི་མངོན་འདོད་མཐར་ཐུག་རང་བཙན་ཡིན་སྐོར་གྱི་འགྲེལ་བཤད་རྒྱག་ཐབས་གནང་གིན་ཡོད་པ་དང༌། གཞུང་ཕྱོགས་ནས་རང་སྲིད་རང་སྐྱོང་གསུང་གིན་ཡོད་པ་དང༌། ཚོགས་ཆེན་ནང་ཟུང་དྲུང་ཡན་གྱི་གཞུང་ཞབས་གྲངས་འབོར་མང་བོ་ཕེབས་རྒྱུ་ཡིན་སྟབས། གྲུབ་འབྲས་ཐོན་མིན་ལ་མ་ལྟོས་པར་བརྗོད་གཞི་དེ་གཉིས་ཀྱི་དགེ་སྐྱོན་སྐོར་གླེང་སློང་བྱེད་རྒྱུ་ཡིན་པ་ཧ་ཅང་གསལ་བོ་རེད། ང་ཚོར་དགོས་ངེས་ཅན་དེ་ལྟ་གྲུབ་དང་བསམ་ཚུལ་གྱི་རྩོད་པ་རྒྱག་རྒྱུ་དེ་མ་ཡིན་པར། རང་བཙན་དང་ལམ་དབུ་མ། ཡང་ན་དེ་མིན་གྱི་ཐབས་ལམ་གསར་བ་བཙལ་ཏེ་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་ཐོབ་ཐུབ་པའི་ལས་འགུལ་སྤེལ་རྒྱུ་དེ་ཡིན་མོད། ང་རང་གིས་ལོ་ངོ་༡༤ ལྷག་གི་རིང་བོད་གཞུང་དང་ཚོགས་སྡེ་ཁག་ལ་ཞབས་ཞུ་བསྒྲུབས་པའི་ཉམས་མྱོང་གི་ཐོག་ནས་བལྟས་ན། ང་ཚོའི་སྤྱི་ཚོགས་ཁྲོད་མ་འོངས་པའི་སྐོར་ལ་བསམ་བློ་གསར་བ་ཁུར་ཡོང་མཁན་དང༌། འགྱུར་བ་གཏོང་ཐུབ་མཁན་གྱི་བསམ་བློ་བ་དེ་འདྲ་དཀོན་པོ་རེད་བསམ་གྱིན་ཡོད། ཡང་ཕྱོགས་གཞན་ཞིག་ནས་བསམས་ན་རྒྱ་བོད་གཉིས་བར་གྱི་དཀའ་རྙོག་གི་ངོ་བོའི་ཆ་ནས་རྩ་དོན་སྒྲུབ་ཕྱོགས་ཀྱི་ལམ་ཁ་གསར་བ་གཞན་ག་རེ་གདམ་ཐུབ་རྒྱུ་རེད་དམ། ཧ་ཅང་ཁག་པོ་རེད། ངས་རང་བཙན་འདོད་ཀྱིན་ཡོད། ང་ལ་རང་བཙན་དགོས། རང་བཙན་ནི་བོད་མི་རིགས་ཀྱི་ཐོབ་ཐང་རེད་ཟེར་བ་ཙམ་དང༌། ཡང་ན་ལམ་དབུ་མ་ནི་ྋགོང་ས་མཆོག་གི་དགོངས་པ་རེད། ལམ་དབུ་མ་ནི་བོད་གཞུང་གི་ལངས་ཕྱོགས་རེད། ངས་དེ་ལ་བརྟེན་ནས་བདེན་མཐའ་སེལ་རྒྱུར་རེ་སྒུག་བྱེད་ཀྱིན་ཡོད་ཟེར་བ་ཙམ་གྱིས་གྲུབ་འབྲས་ནམ་ཡང་ཐོན་མི་ཐུབ། འདི་གཉིས་བསམ་ཚུལ་རེད། འཆར་སྣང་ཙམ་ཡིན་པས་ཁ་ནས་བཤད་དུས་སྙིང་རྗེ་བོ་བཟོ་ཐུབ་ཀྱང༌། ཆབ་སྲིད་ནི་དངོས་ཡོད་ཡིན་སྟབས་ལག་ལེན་ལ་འགེལ་ཐུབ་རྒྱུ་དཀའ། ལྟ་གྲུབ་དང་བསམ་ཚུལ་བརྩད་ནས་ལོ་ངོ་སྟོང་ཕྲག་བསྐྱལ་ཡང་རྫོགས་མི་སྲིད་པ་ཡིན། ང་ཚོ་ལ་ཁ་ཚ་དགོས་གཏུགས་ཀྱིས་དགོས་ངེས་ཅན་ནི། སྔར་ལས་ལྷག་པའི་ནུས་པ་ཐོན་ཐབས་དང༌། རྒྱ་ནག་གི་དཔོན་རིགས་དང་མི་མང་དེ་ཚོར་འགུལ་སྐྱོད་རྒྱག་ཐུབ་པའི་ལམ་ཁ་ག་རེ་ཡོད་མེད་ལ་གོ་བསྡུར་དང༌། དེ་ལག་ལེན་བསྟར་ཐུབ་པའི་འཆར་གཞི་དང་གྲ་སྒྲིག་ཡོད་དགོས་པ་དེ་ཡིན། གསར་འགོད་པ་དང༌། མི་མང་ཚོས་བོད་རྒྱ་ཞི་མོལ་གྱི་གཞི་འཛིན་ས་ག་རེ་ཡིན་མིན་གསལ་བོར་རྟོགས་དགོས་པ་གལ་ཆེན་རེད་བསམ་གྱིན་འདུག ང་ཚོས་ད་བར་ངོས་འཛིན་བྱེད་ས་ནི་དབུ་མའི་ལམ་གྱི་གཞི་འཛིན་ཉག་གཅིག་ནི་ཞི་བའི་གྲོས་འཆར་དོན་ཚན་ལྔའི་འགྲེལ་བཤད་སི་ཊ་སི་སྦག་གི་གྲོས་འཆར་དེ་ཉིད་ཡིན་མོད། ཉེ་ལམ་ནས་བཀའ་ཤག་གིས་འགྲེལ་བཤད་རྒྱག་དུས། མི་རིགས་ས་གནས་རང་སྐྱོང་བཤད་ཀྱིན་འདུག མི་རིགས་ས་གནས་རང་སྐྱོང་ཟེར་བ་དེ་ྋགོང་ས་མཆོག་གི་གྲོས་འཆར་སྔ་ཕྱི་གཉིས་སུ་མེད། དེས་ན་ཉེ་ལམ་བཀའ་ཁྲིས་གྲོས་འཆར་དེ་དག་གི་སྔོན་གླེང་འཆར་སྣང་ཙམ་ཡིན་ཚུལ་དང༌། གྲོས་འཆར་དེ་རང་བཞིན་གྱིས་ནུས་མེད་དུ་ཕྱིན་ཡོད་ཚུལ་གསུངས་ཡོད་པ་རེད། ང་ཚོའི་དྲི་བ་ནི། དེ་ནུས་མེད་དུ་ཇི་ལྟར་སོང་བ་རེད་དམ་ཞེས་པ་འདི་རེད། ཐོག་མར་གྲོས་འཆར་ས་བོན་བཟོ་སྐབས་གཞུང་དམངས་གཉིས་ཀྱིས་གྲུབ་པའི་བསམ་ཡོད་མི་གྲངས་བརྒྱ་ཕྲག་མང་པོས་རྣམ་དཔྱོད་བཏོན་ཏེ་གཏན་འབེབས་བྱས་པ་ཞིག་རེད། དེས་ན་དེ་ཉིད་ཤེས་མེད་ཚོར་མེད་ངང་ནུས་མེད་འགྲོ་ཐུབ་པ་ཞིག་མིན། རྒྱལ་བ་རིན་པོ་ཆེ་ཡིས་དམིགས་བསལ་སྐུ་དབང་གི་ཐོག་ནས་སམ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གྲོས་ཆོད་བཞག་ནས་སམ། ཡང་ན་ཐོག་མར་གཏན་འབེབས་བྱེད་མཁན་ཚོགས་ཆེན་གྱིས་ནུས་མེད་བཟོས་པ་ཡིན་ནམ། དེ་མིན་རང་དགར་ནུས་མེད་དུ་འགྲོ་བའི་ལམ་ཁ་ཞིག་ཡོད་པ་མ་མཐོང༌། ངས་བལྟས་ན་བོད་མི་ཡིན་ནོ་ཅོག་གིས་རེ་བ་དང༌། དད་མོས། བློས་འགེལ་ཙམ་ལ་སྐྱབས་སུ་སོང་བ་མ་ཡིན་པར། ང་ཚོ་སྐྱབས་བཅོལ་ཙམ་མ་ཡིན་པར་བོད་མི་ས་ཡ་དྲུག་གི་བདེ་སྡུག་དང་འབྲེལ་བའི་རྩ་དོན་གྱི་ཁ་ཕྱོགས་གང་དུ་འགྲོ་བཞིན་པ་སོགས་ལ་བདག་པོ་རྒྱག་ཤེས་རྒྱུ་གལ་ཆེན་རེད་བསམ་གྱིན་འདུག ཅེས་གསུངས་བྱུང༌།

ནོར་གླིང་བོད་ཀྱི་རིག་གཞུང་ལྟེ་གནས་ཀྱི་ཉམས་ཞིབ་པ་རྡོ་རྗེ་དབང་ཕྱུག་གིས། ཚོགས་འདུ་འདིའི་སྐོར་ལ་མཚོན་ན་ད་ལོའི་སྒེར་ལངས་ཀྱི་བྱུང་རྐྱེན་དང༌། རྒྱལ་སྤྱིའི་གནས་བབ་གཉིས་གཞི་ལ་བཞག་ནས་བོད་ཀྱི་རྩ་དོན་ཐད་གོ་བསྡུར་བྱེད་རྒྱུ་དེ་རེད། མི་ལོ་ལྔ་བཅུའི་རིང༌། བོད་རང་བཙན་དང༌། དབུ་མའི་ལམ་ནས་རང་སྲིད་རང་སྐྱོང་རྩོད་ལེན་བྱེད་པ་གཉིས་རྩ་དོན་དུ་བཟུང་བ་རེད། འདི་འགྱུར་བ་ཆེན་པོ་གཉིས་རེད། ད་ལྟའི་ང་ཚོའི་གཞུང་འབྲེལ་སྲིད་བྱུས་ནི་དབུ་མའི་ལམ་རེད། འདི་གཞི་འཛིན་ས་གཅིག་རེད། ཡང༌། དེ་རིང་ཁ་སང་གི་དཔྱད་བརྗོད་པ་ཚོས་ཚོགས་ཆེན་སྒང་ལ་རང་བཙན་དང་དབུ་མའི་ལམ་གཉིས་ཀྱི་གང་ལ་འགྲོ་མིན་ལྟ་བུ་ཞིག་བཤད་ཀྱི་འདུག དེ་ནི་མདུང་ཁ་ནང་ལ་བསྐོར་བ་ཙམ་ལས་ཕན་ཐོགས་ཡོད་པ་མ་རེད་བསམ་གྱི་ཡོད། རང་བཙན་བཤད་མཁན་དང་ལམ་དབུ་མ་བཤད་མཁན་ཚང་མས་བོད་ཀྱི་རྩ་དོན་བཤད་ཀྱིན་ཡོད་པ་འདྲ་འདྲ་རེད་དེ། གྲུབ་འབྲས་ཀྱི་ཁྱད་པར་ལ་བལྟ་དགོས་པ་རེད། དངོས་འབྲེལ་བྱས་ན། ལྔ་བཅུ་ང་དགུ་ནས་དོན་དགུ་བར་བོད་རང་བཙན་གྱི་སྲིད་བྱུས་བཟུང་བ་རེད། དེར་གྲུབ་འབྲས་མ་ཐོན་པ་འདྲ་བོ་རེད། རང་བཙན་གྱི་ལྟ་བ་འཛིན་མཁན་གྱི་ཚོགས་པ་དང་མི་སྒེར་དེ་ཚོས་ཀྱང་ཁ་ནས་བཤད་རྒྱུ་གཙོ་བོ་དང་ལས་ཀ་བྱེད་རྒྱུ་ཕལ་བ་འདྲ་ཞིག་བྱེད་ཀྱིན་པའི་ཚོར་བ་སྤྲོད་ཀྱི་འདུག འདི་གནད་དོན་གཅིག་རེད། བདུན་ཅུ་དོན་དགུ་ལོ་ནས་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བ་རེད། དབུ་མའི་ལམ་དེ་ནི་ང་ཚོས་རྒྱལ་སྤྱིའི་གནས་བབ་དང་རྒྱ་ནག་གི་འགྱུར་བ། བོད་རང་གི་གནས་སྟངས་བཅས་དང༌། ནང་སྒོས་སུ་བོད་དང་རྒྱ་ནག་གཉིས་ཀ་ལ་ཕན་པའི་ཆ་ཞིག་གཙོ་བོར་བཟུང་ཡོད་པ་རེད། གཉིས་ཕན་ཟེར་དུས་ཕྱོགས་གཉིས་ཀ་ནས་བློས་གཏོང་དགོས་པ་དེ་བློས་གཏོང་དགོས་པ་རེད། ཡིན་ནའང༌། རྒྱ་ནག་གཞུང་གིས་བློས་གཏོང་དགོས་པ་དེ་མ་བཏང་ནས་དབུ་མའི་ལམ་འདི་ཕྱེད་རང་བཙན་ཅིག་ལ་ངོས་འཛིན་བྱས་པའི་དབང་གིས། འགྲེལ་བཤད་སྣ་ཚོགས་ཤིག་རྒྱག་གི་ཡོད་པ་རེད། མཐའ་མ་དེར་ཏཱ་ལའི་བླ་མ་ལ་བོད་མི་མང་གི་བདེ་སྡུག་བཤད་པའི་ཐོབ་ཐང་ཡོད་པ་མ་རེད་ཅེས་བཤད་ཡོད་པ་རེད། འདི་ནི་དབུ་མའི་ལམ་དེ་རྒྱ་ནག་གཞུང་གིས་ཁས་མ་བླངས་པ་ཟེར་ནའང་འདྲ། བོད་ཀྱི་དོན་དག་བཤད་འདོད་མེད་པས་རེད་ལབ་ནའང་འདྲ། ད་ལྟ་ང་ཚོར་ལན་རག་བསྡད་པ་དེ་རེད། ད་ལོའི་སྒེར་ལངས་ཆེན་མོའི་བྱུང་རྐྱེན་གླེང་དགོས་ན། རྒྱ་ནག་གཞུང་གིས་བོད་དོན་ལ་ལྟ་སྟངས་དེ་གླེང་དགོས་པ་ཡིན་སྟབས། ཚོགས་ཆེན་སྒང་ནས་ལས་དོན་སྒྲུབ་སྟངས་དང་ཁ་གཏད་གཅོག་སྟངས་ལ་བསྐྱར་ཞིབ་གཙང་མ་ཞུས་པའི་ཐོག་ནས་ལས་འགན་ངོས་འཛིན་གསལ་པོ་དང༌། ལག་ལེན་དངོས་ཀྱི་སྐབས་ལ་འགན་ག་རེ་འཁྱེར་རྒྱུའི་ཆོད་སེམས་བརྟན་པོ་ཞིག་འཇོག་དགོས་པ་དེ་གལ་ཆེན་པོ་རེད། དབུ་མའི་ལམ་གྱི་ལྟ་བ་འཛིན་མཁན་དང་རང་བཙན་གྱི་ལྟ་བ་འཛིན་མཁན་ཕྱོགས་གཉིས་ཀས་བསྐྱར་ཞིབ་བྱེད་དགོས་པ་རེད། དེ་འདྲའི་བསམ་བློ་གསར་བ་ཞིག་གི་སྒང་ནས་མགོ་འཛུགས་དགོས་པ་རེད་བསམ་གྱི་ཡོད། དེ་མིན་རང་བཙན་དང་དབུ་མའི་ལམ་གང་ལ་འགྲོ་མིན་བཤད་ན་དེ་གདམ་ཀ་ཞིག་རེད་མ་གཏོགས་རྩ་དོན་གྱི་སྒྲུབ་ཕྱོགས་བཤད་པ་ཞིག་མ་རེད། མི་མང་པོས་ང་ཚོས་དབུ་མའི་ལམ་ལ་འོས་ཤོག་འཕེན་གྱི་ཡིན་ཟེར་གྱི་ཡོད་པ་རེད། དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མིན་གྱི་ཚོགས་འདུ་མ་རེད། འོས་ཤོག་དེ་སྔོན་མར་འཕངས་ཟིན་པ་རེད། ད་ནི་ང་ཚོ་གནས་སྟངས་གང་ལ་སླེབས་འདུག ག་རེ་བྱས་ན་དགའ་ས་རེད་དེ་ལ་གོ་བསྡུར་བྱེད་དགོས་པ་རེད་མ་གཏོགས། དབུ་མའི་ལམ་དང་རང་བཙན་གཉིས་བར་གྱི་འཐབ་རྩོད་ལྟ་བུ་ཞིག་བཤད་བསྡད་པ་ཡིན་ན། ༧གོང་ས་མཆོག་གིས་ཐུགས་རེ་གནང་བའི་དགོངས་གཞི་སྒྲུབ་པ་ཞིག་ཆགས་ཀྱི་མ་རེད། སྲིད་བྱུས་ལ་འགྱུར་བ་གཏོང་དགོས་པ་ཡིན་ནའང་དབུ་མའི་ལམ་འདི་ལོ་ཅི་ཙམ་ནས་རྒྱ་ནག་གཞུང་གིས་ངོས་ལེན་མ་བྱས་པ་ཡིན་ན། རྩ་བའི་སྲིད་བྱུས་ལ་འགྱུར་བ་གཏོང་རྒྱུའི་དུས་བཀག་ལྟ་བུ་བཟོ་བ་ནི་གནད་འགག་རེད། ཡང་ལ་ལས་ཚོགས་ཆེན་གྱི་སྟེང་ལ་འཐུས་མི་ཡོང་སྟངས་ཀྱི་མང་ཉུང་ཞིག་བཤད་ཀྱི་ཡོད་པ་རེད། ཚོགས་པ་དེ་ཚོའི་སྐུ་ཚབ་མང་ཉུང་གིས་ཁྱད་པར་འགྲོ་གི་མ་རེད་བསམ་གྱི་ཡོད། ཚོགས་པ་ལ་དང་པོ་ནས་ཚོགས་པའི་ལངས་ཕྱོགས་ཤིག་ཡོད་པ་རེད། ༧གོང་ས་མཆོག་གི་ཐུགས་རེ་དེ་མང་ཚོགས་ཀྱི་བསམ་ཚུལ་བསྡུ་རྒྱུ་དེ་རེད་ལ། བསམ་ཚུལ་བསྡུ་བའི་ཐོག་ནས་མཐའ་མའི་ཐག་གཅོད་དེ་མང་ཚོགས་ཀྱི་ལག་པར་བཞག་ཡོད་རེད། ཚོགས་པའི་ལངས་ཕྱོགས་དེ་མི་མང་གི་ལངས་ཕྱོགས་ཡིན་པས་ཁྱབ་གི་མ་རེད། དེ་ཡིན་དུས་སྐུ་ཚབ་ཀྱིས་ཁྱད་པར་འགྲོ་གི་མ་རེད། ཚོགས་ཆེན་སྟེང་མང་ཚོགས་ཀྱི་བསམ་ཚུལ་སླེབས་དགོས་པ་དེ་གལ་ཆེན་པོ་རེད། ཅེས་གསུངས་བྱུང༌། 

ཤེས་རབ་དགའ་ཚལ་སློབ་གླིང་གི་འགན་འཛིན་བུ་ཕྲུག་ཤཱ་སྟྟྲི་ལགས་ཀྱིས། ཤེས་རབ་དགའ་ཚལ་སློབ་གླིང་ནི་ཤེས་རིག་ཁྱབ་ཁོངས་སུ་གནས་པའི་སྡེ་ཚན་ཞིག་ཡིན་ལ། ད་ལྟའི་ཆར་གོང་རིམ་ནས་ང་ཚོར་ཚོགས་ཆེན་དང་འབྲེལ་བའི་ལམ་སྟོན་བཀའ་སློབ་ཅི་ཡང་གནང་མ་སོང༌། ངས་ཚགས་པར་སྟེང་ནས་འགན་འཛིན་ཚོགས་བཅར་དགོས་པའི་སྐོར་གྱི་གནས་ཚུལ་མཐོང་བ་ཡིན་པས། ད་ལྟའི་ཆར་ཚོགས་ཆེན་ལ་དམིགས་པའི་བསམ་འཆར་བསྡུ་ལེན་དང༌། ཚོགས་ཆུང་བསྡུ་སྐོང་སོགས་གྲ་སྒྲིག་ཅི་ཡང་བྱས་མེད། བསམ་འཆར་འཁྱེར་སྟངས་ཐད་ནས་ང་ཚོའི་སློབ་གྲྭ་འདི་བོད་ཕྱི་ནང་གཉིས་ཀྱི་འབྲེལ་ལམ་ལྟ་བུ་ཆགས་ཡོད་པས། སློབ་མའི་ནང་ཁུལ་དུ་བསམ་ཚུལ་འདྲ་མིན་ཡོད་སྲིད་པ་རེད་ལ། སློབ་མའི་བསམ་ཚུལ་འཁྱེར་རྒྱུ་དེ་གལ་ཆེན་དུ་མཐོང་གི་འདུག ང་རང་ཉིད་ཀྱི་ངོས་ནས་གཞུང་གི་ལས་དོན་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས་ལས་དོན་གང་ཡིན་ཡང་གཞུང་གི་སྒྲིག་གཞི་དང་བསྟུན་ཏེ་ལས་དགོས་ཀྱི་རེད། ཡིན་ནའང༌། ད་ལྟའི་འཛམ་གླིང་གི་འགྱུར་བ་དང་བོད་ནང་གི་གནས་སྟངས་གང་ལ་བལྟས་ཀྱང་༧གོང་ས་མཆོག་གིས་གནང་བའི་དབུ་མའི་ལམ་གྱི་སྲིད་བྱུས་འདི་འོས་ཤིང་འཚམ་པ་དང༌། ཡང་དག་པ་ཞིག་ཏུ་མཐོང་གི་ཡོད། ཐེངས་འདིའི་ཚོགས་ཆེན་སྒང་ལའང་བོད་ནང་གི་ཛ་དྲག་གནས་སྟངས་དང་རྒྱལ་སྤྱིའི་འགྱུར་བ། མ་འོངས་བོད་ཀྱི་ལས་དོན་ཐད་བསམ་འཆར་འཁྱེར་རྒྱུ་དེ་གལ་ཆེན་རེད་བསམ། ཅེས་གསུངས་བྱུང༌།

སྒྲོལ་མ་གླིང་གི་འགན་འཛིན་དགེ་བཤེས་རིན་ཆེན་ལགས་ཀྱིས། སྒྲོལ་མ་གླིང་དུ་མི་རིགས་རིས་མེད་དང་ཆོས་ལུགས་རིས་མེད་ཀྱི་བཙུན་མ་ ༢༢༠ ལྷག་ཡོད་ལ། ཐེངས་འདིའི་ཚོགས་ཆེན་ལ་དམིགས་པའི་འཐུས་མི་འདེམས་ཐོན་བྱུང་མེད། ཡིན་ནའང༌། བསམ་ཚུལ་བསྡུ་རུབ་དཻ་ཉེ་ཆར་དབུ་མའི་ལམ་གྱི་འོས་ཤོག་བསྡུ་སྟངས་ཐོག་བཙུན་མ་ཚོའི་བསམ་ཚུལ་གསལ་བོར་ཤེས་ཡོད། ཐེངས་འདིའི་འོས་ཤོག་འཕེན་མཁན་གྱི་གྲངས་འབོར་ལ་གཞིགས་ན། བཙུན་མའི་བརྒྱ་ཆ་ ༧༠ ནས་ ༨༠ ལྷག་གིས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་ཡོད་པ་དང༌། བརྒྱ་ཆ་ ༢༠ ལྷག་གིས་རང་བཙན་ལ་རྒྱབ་སྐྱོར་བྱས་ཡོད་པ་རེད། ང་ཚོས་དམངས་གཙོའི་སྒྲིག་འཛུགས་དང་སྲིད་བྱུས་ལག་ལེན་བྱེད་བཞིན་པའི་ཆ་ནས་དེ་དག་ཡོང་ཆོག་པ་ཞིག་རེད། དེ་ལྟ་ནའང༌། ད་ལྟའི་དུས་འདིར་ཤེས་ལྡན་པ་མ་གཏོགས་མང་ཚོགས་ནང་ཁུལ་དུ་དབུ་མའི་ལམ་དེ་གང་འདྲ་ཞིག་ཡིན་མིན་ཤེས་ཀྱི་མེད་པའི་གནས་ཚུལ་འདུག མི་མང་པོ་ཞིག་གིས་དེ་༧གོང་ས་མཆོག་གིས་གནང་བའི་བཀའ་ཡིན་པ་མ་གཏོགས་དོན་དངོས་སུ་གང་འདྲ་ཞིག་ཡིན་པ་ཤེས་ཀྱི་མེད་པ་རེད། དེའི་ཐད་ལ་བགྲོ་གླེང་དང༌། རྒྱ་ཆེའི་མི་དམངས་ལ་གོ་བརྡ་སྤྲོད་རྒྱུ་དེ་གལ་ཆེན་དུ་མཐོང་གི་འདུག ཐེངས་འདིའི་ཚོགས་ཆེན་ལ་སྒྲོལ་མ་གླིང་ནས་དབུ་མའི་ལམ་གྱི་སྟེང་བསམ་ཚུལ་འཁྱེར་རྒྱུ་དེ་གཙོ་བོ་ཆགས་ཡོད། ལམ་དབུ་མའི་སྟེང་བསམ་ཚུལ་འཁྱེར་བ་དེ་༧གོང་ས་མཆོག་རྩ་བའི་བླ་མ་ཡིན་པ་དང་དབུ་ཁྲིད་ཡིན་པའི་ཐད་ནས་མ་ཡིན་པར་འཛམ་གླིང་གི་གནས་སྟངས་དང༌། འགྱུར་བ།  བོད་ཀྱི་མ་འོངས་པར་བསམ་བློ་བཏང་བ་ཡིན་ན་དབུ་མའི་ལམ་དེ་ཁེ་ཕན་ཆེ་ཤོས་ཀྱི་སྲིད་བྱུས་ཤིག་རེད། ང་ཚོ་བོད་གཅིག་པུ་མ་ཡིན་པར་རྒྱ་ནག་མི་དམངས་ལའང་ཁེ་ཕན་ཡོད་བསྡད་པ་ཞིག་རེད། ད་ལྟའི་འཛམ་གླིང་གི་འགྱུར་འགྲོས་ལ་གཞིགས་པ་ཡིན་ནའང་ལམ་ཁ་འདི་ནི་ང་ཚོ་ལ་འོས་ཤིང་འཚམ་པ་ཞིག་རེད། དེ་༧གོང་ས་མཆོག་གི་བཀའ་ཡིན་པས་བརྩིས་པ་ཞིག་གཏན་ནས་མ་རེད། ཐེངས་འདིར་གཞུང་མང་གཉིས་ཀྱི་འཐུས་མིའི་མང་ཉུང་དབྱེ་བ་དེ་ཡག་པོ་མ་རེད། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གང་ཡིན་ཡང་མཐའ་མའི་དམིགས་ཡུལ་དེ་གཅིག་ཡིན་པའི་ཆ་ནས་འཐུས་མི་མང་ཉུང་འདྲ་མཉམ་དང༌། ཚོགས་མི་གང་མང་མང་ཞིག་སླེབས་ཐུབ་རྒྱུ་དེ་གལ་ཆེན་པོ་རེད། ཅེས་གསུངས་བྱུང༌།

བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་ལས་ཚབ་ལེགས་བཤད་བསྟན་པ་ལགས་ཀྱིས། ང་ཚོ་བོད་ཕྲུག་ཁྱིམ་སྡེའི་ངོས་ནས་ཐེངས་འདིའི་ཚོགས་ཆེན་གྱི་འཐུས་མི་འདེམས་སྟངས་དེ། བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་གི་འགན་འཛིན་རྣམ་པ་དང༌། སྤྱི་ཁྱབ་ཡིག་ཚང་གི་ལས་བྱེད་མི་སྣ་བཅར་དགོས་པ་རེད། སློབ་གྲྭའི་བསམ་ཚུལ་བསྡུ་སྟངས་འགན་འཛིན་ལྷན་ཚོགས་ནས་སློབ་གྲྭ་ཁག་གི་སྡེ་ཚན་སོ་སོ་ནས་འགན་འཁུར་རྗེས་བསམ་ཚུལ་བསྡུ་ལེན་བྱ་རྒྱུ་དང༌། བསམ་ཚུལ་ཆ་ཚང་ཞིག་ལེན་རྒྱུའི་ཐད་ལ་འབད་བརྩོན་བྱེད་ཀྱི་ཡོད། སྤྱི་ཟླ་ ༡༡ པའི་ཡར་སྔོན་བར་ང་ཚོའི་ངོས་ནས་སློབ་མ་དེ་དག་གི་མ་འོངས་པའི་སློབ་སྦྱོང་སྤྲོད་སྟངས་དང༌། སློབ་མའི་སློབ་སྦྱོང་གི་གནས་སྟངས་སྐོར་སོགས་སློབ་གྲྭ་ཁག་གི་བསམ་ཚུལ་མཐའ་དག་བསྡུ་ལེན་བྱས་ཏེ་ཚོགས་ཆེན་ལ་འཁྱེར་རྒྱུ་དེ་ཡིན། ཐེངས་འདིའི་ཚོགས་ཆེན་སྟེང་སྲིད་བྱུས་ལ་འགྱུར་བ་འགྲོ་མིན་ཐད་སོ་སོར་བསམ་ཚུལ་མ་འདྲ་ཡོད་པ་རེད་ལ། ཡོད་ཆོག་གི་རེད། ང་རང་གི་ངོས་ནས་སྲིད་བྱུས་ལ་འགྱུར་བ་འགྲོ་མིན་དེ་ཁྱད་པར་མཐོང་གི་མི་འདུག སྲིད་བྱུས་ལ་འགྱུར་བ་འགྲོ་མིན་གང་ཡིན་རུང༌། ང་ཚོས་རྒྱ་ནག་གིས་ཅི་བྱས་པ་དེ་ལ་བརྡ་ལན་ཞིག་སྤྲོད་དགོས་པ་རེད། དབུ་མའི་ལམ་གྱི་སྲིད་བྱུས་ནི་ཐབས་ལམ་ཞིག་རེད། རང་བཙན་རྩོད་པ་དེ་བོད་མི་མང་ལ་བདེ་སྐྱིད་རག་དགོས་པའི་ཐོབ་ཐང་ཞིག་རེད། ཚོགས་ཆེན་འདིས་ནང་ཆོལ་ཁ་ཆོས་ལུགས་དང་ལུང་ཚན་གྱི་ལྟ་བ་མི་འཁྱེར་པར་རྡོག་རྩ་གཅིག་སྒྲིལ་སྒོས། ད་ལྟའི་བར་རྒྱ་མིས་ང་ཚོ་ལ་གང་བྱས་པ་དེ་ལ་སྡོམ་བརྒྱབ་སྟེ་ང་ཚོས་ཅི་ཞིག་བྱེད་དགོས་པའི་སྐོར་ལ་གྲོས་བསྡུར་བྱེད་དགོས་པ་གལ་ཆེན་པོ་རེད། ཅེས་གསུངས་བྱུང༌།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༧ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༢༤ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 18

  1. གནས་ཚང་། says:
    ལོ་ 17 སྔོན།

    ངས་པེ་ཅིང་ཁ་ཏན་ཚིག་ལ་གནས་གི་ཞེས་ལབ་ཀྱི་ཡོད་པ་མ་རེད་ད། རྩོད་གཞི་གང་དང་གང་ལའང་རྒྱབ་བསྐྱོར་དགོས་ཀྱི་ཡོད་ཙང་། རྒྱབ་བསྐྱོར་ཡོང་སྟངས་གཙོ་བོ་དེ་ཁྲིམས་མཐུན་ཡིན་མིན། ཁྲིམས་ཁུངས་བཅོལ་ས་ཡོད་མེད་ཆགས་ཀྱི་ཡོད་པ་རེད། དེ་བས། ཚད་ལྡན་གྱི་ཁྲིམས་ཁུངས་གཏུགས་ས་ཡོད་ཚེ། ཚང་མ་ལོས་རྒྱབ་བསྐྱོར་བྱེད་པ་སྟབས་བདེ་ཆགས་ཡོད་པར་མ་ཟད། གཞི་དེ་འཇུས་ནས་པེ་ཅིང་ལ་སྒུལ་ལྕོག་རྒྱག་དགོས་ཀྱི་ཡོད་པ་རེད། གྲུབ་འབྲས་ལམ་སང་ཐོན་ཁག་པོ་རེད་དེ། པེ་ཅིང་རྙི་འདིའི་ནང་ལྷུང་ཡོད་ཙང་། རྙི་ཐག་དེར་འཇུས་ནས་ག་ལེར་སྡོམ་དགོས་ཀྱི་ཡོད་པ་རེད། འདི་གཅིག་ཡིན།

    གཞན་དེ་༼རྡུལ་ཕྲན་མཚོན་ཆའི་སྐོར་༽རེད། དེར་པེ་ཅིང་གིས་ཁྱབ་བརྡལ་དུ་འགྲོ་འཇུག་གི་མིན་ཞེས་མིང་རྟགས་བཀོད་ཡོད་པ་ལས་བཟོ་གི་མིན་ཞེས་མིང་རྟགས་བཀོད་ཡོད་པ་མ་རེད།

    Reply
  2. མྱི་སྨྱོན། says:
    ལོ་ 17 སྔོན།

    གནས་ཚང་། ཁྱོད་ཀྱི་བཤད་པའི་རྒྱ་ནག་གིས་མིང་རྟགས་བཀོད་པའི་ཡིག་ཆ་ལྟ་ཚར་ཡིན། འདི་རྒྱ་ནག་གི་མིང་རྟགས་བཀོད་པ་ཙམ་རེད་དོན་ཐོག་ལ་མཐའ་གཅིག་འབབ་གི་མ་རེད། རང་ཐག་རང་གཅོད་དང་ལམ་དབུ་མ་གཅིག་པ་འདྲ་བོ་རེད། རྒྱ་ནག་གི་རྡུལ་ཕྲན་མཚོན་ཆ་བཟོ་གི་མིན་ཞེས་རྒྱལ་སྤྱི་སྟེང་མང་རྟགས་བཀོད་ཡོད་པ་རེད། ཡིན་ཡང་ནག་ཚོང་བྱེད་མཁན་གཙོ་བོ་ཞིག་རྒྱ་ནག་ཡིན་པ་འདིའི་ཁོ་ཚོས་མང་རྟགས་བཀོད་པ་ལ་བློ་གཏད་མེད་པ་མཚོན་གྱི་ཡོད།

    Reply
  3. གནས་ཚང་། says:
    ལོ་ 17 སྔོན།

    ཨེ། སྟག་སྨྱོན་ནང་བཞིན་བསམ་བློ་གཏོང་མཁན་ཚོར་ངས་པཱ་ལེ༼གཅིག་བཙོང་གཅིག་སྤྲོད༽བྱེད་ས་རེད་ད། ངོ་ནས་ཡག་པོ་འདུག རྒྱབ་སྐྱོར་ཡོད། ཚང་མ་ལོས་སྟག་སྨྱོན་ལགས་ཀྱི་དགོངས་འཆར་སྒང་བསམ་ཚུལ་བཤད་ན་ཡག་པོ་མི་འདུག་གམ།

    Reply
  4. མྱི་སྨྱོན། says:
    ལོ་ 17 སྔོན།

    ཡེ་ཤེས་རིན་ཆེན། ཁྱེད་ཀྱི་ང་ཚོས་ཐོག་མ་ནས་མང་མོས་འོས་བསྡུ་ཞེས་པ་འདི་འདས་ཟིན་པའི་ལོ་ཟླ་རེད། འདི་ལྟ་བུ་བརྗོད་འདོད་ན་ཁྱོད་ཚོས་ཡང་སྤྱར་དབུ་མའི་ལམ་དང་རང་བཙན་གཉིས་ལ་འོས་བསྡུ་ཞིག་ཡོད་ན་དེ་དུས་ང་ཚོ་ས་འོག་ནས་སྐྱེ་ཡོང་ལ། ནམ་མཁའ་ནས་བབ་ཡོང་། ཁྱེད་ཚོ་ཕལ་ཆེར་ཧང་སང་ངོ་་་་་
    དེ་མིན་ད་ལྟའི་དབུ་མའི་ལམ་ལ་བསྐྱར་ཞུབ་མེད་པར་ཡིག་ཆ་རྫིག་པོ་ཞིག་ལ་ས་རྟག་བཀོད་པ་ཧ་ལས་པ་ཡོད་མ་རེད། དེས་ཕྱིར། ང་ཚོ་ས་འོག་ལ་འཛུལ་འགྲོ་ལ། ནམ་མཁའ་ལ་ཐུམ་འགྲོ

    Reply
  5. yeshi rinchen says:
    ལོ་ 17 སྔོན།

    དྲ་གྲོགས་ལྷན་རྒྱས་ལ་ཞུ་རྒྱུ།
    ་་་ང་ཚོས་དབུ་མའི་ལམ་དང་རང་བཙན་གཙང་མ་གང་བཤད་ཀྱང་མདོ་དོན་སྙིང་པོ་ང་ཚོ་ཆོལ་གསུམ་བོད་རིགས་ཡོངས་རྫོགས་ལ་དོན་དམ་ལུས་ངག་ཡིད་གསུམ་ལ་མི་གནོད་པའི་རང་དབང་ཞིག་འཐོབ་པའི་ཆེད་དུ་ལས་དོན་གཉེར་གྱིན་ཡོད།་འོན་ཀྱང་ང་ཚོས་ཐོག་མ་ནས་མང་མོས་འོས་བསྡུར་གྱིས་དབུ་མའི་ལམ་ལ་རྒྱུ་མཚན་ཤེས་པའི་ཐོག་ནས་རྒྱབ་སྐྱོར་གནང་ཡོད་སྐབས་དེ་དུས་ད་ལྟ་དབུ་མའི་ལམ་ལ་ཉེས་སྐྱོན་བཤད་མཁན་དེ་ཚོ་ག་བ་གཉིད་ཁུག་བསྡད་པ་རེད།་་ང་ཚོའི་རྩ་དོན་དོན་མཐུན་ཡོང་བར་ཚང་མ་བློ་སེམས་གཅིག་ཏུ་བསྒྲིལ་ཐུབ་པ་ལ་འབད་དགོས།་དེ་མིན་བསམ་ཚུལ་རྫིག་པོ་རེས་ང་ཚོའི་རྩ་དོན་ལ་གནོད་ཕན་གང་ཆེ་བསམ་བློ་གཏོང་དགོས་པ་ཞིག་རེད།་

    Reply
  6. སྟག་སྨྱོན། says:
    ལོ་ 17 སྔོན།

    མ་འོང་བར་ང་ཚོར་རང་དབང་ཐོབ་སོང་ནའང་གོང་གི་གྲངས་ཉུང་མི་རིགས་འདི་དག་ནི་ང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་ཆགས་རྒྱུ་ཡིན་པས་། ང་ཚོའི་བར་དུ་མཉམ་ལས་དང་མཛའ་གྲོགས་ཀྱི་འབྲེལ་བ་དམ་ཟབ་དགོས་རྒྱུ་གནས་སྐབས་ཙམ་གཅིག་པོ་མ་རེད། ད་ལྟ་འཐབ་རོགས་དང་མ་འོངས་པར་ཁྱིམ་མཚེས་འཆམ་པོ་བྱས་ནས་འདུག་ཐུབ་པའི་རྨི་ལམ་ཡོད།

    Reply
  7. སྟག་སྨྱོན། says:
    ལོ་ 17 སྔོན།

    མང་པོ་ཞིག་གིས་རྒྱལ་སྤྱིའི་གནས་སྟངས་ལ་ལྟ་དགོས་པ་རེད་ཟེར་གྱི་འདུག་མོད། ད་སྐབས་ཀྱི་རྒྱལ་སྤྱི་གནས་སྟངས་ལ་ལྟོས་ན་བློ་ཕམ་ལས་རེ་བ་མི་འདུག སྟོབས་ཆེན་རྒྱལ་ཁབ་ཚོའི་དཔལ་འབྱོར་གཅིག་ལ་གཅིག་བརྟེན་དང་། ཚོང་འབྲེལ་གཅིག་ཕན་གཅིག་གྲོགས་སུ་གྱུར་འདུག་པས། རྒྱ་ནག་གི་ཐོག་ལ་རྒྱལ་སྤྱི་གནོན་ཤུགས་སྤྲོད་ཐུབ་རྒྱུ་ལས་ལྡོག་ཏེ་རྒྱ་ནག་གིས་ཨ་རི་དང་ཧྥ་རིན་སི། འཇར་མིན་དང་དབྱིན་ཇི་སོགས་ཀྱི་ཐོག་ལ་ཕརགནོན་ཤུགས་སྤྲོད་རྒྱུ་ལས་སླ་ཡོད་ཆགས་ཡོད་པ་རེད།
    ང་ཚོས་ང་ཚོ་དང་སྐྱིད་སྡུག་གཅིག་པ་རྒྱ་འོག་གི་མི་རིགས་ཉམ་ཆུང་ཚོ་ཆིག་སྒྲིལ་བྱ་དགོས་སྙམ། ང་ཚོས་ཞིན་ཅིང་དང་སོག་པོའི་རང་དབང་འཐབ་རྩོད་པ་ཚོ་དང་མཉམ་དུ་བགྲོ་གླེང་གི་ཚོགས་འདུ་ཆེན་པོ་ཞིག་བསྐོང་ནས། མཉམ་འབྲེལ་གྱིས་རྒྱ་ནག་ལ་འཐབ་ཕྱོགས་བཙལ་རྒྱུ་གལ་ཆེར་མཐོང་།

    Reply
  8. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ཚང་མས་བསམ་ཚུལ་འདོན་བཞིན་པར་ཉན་ན་སེམས་དགའ་ནི་ཞིག་རེད། ངས་ཀྱང་འདིར་བསམ་ཚུལ་ཞིག་འབུལ་འདོད་བྱུང་། དོན་ངོ་མར་རྒྱ་ནག་གིས་བོད་དོན་ཐད་རྩོད་རྒྱག་གི་མི་འདུག ཁོ་རང་ཚོས་གཅིག་ཆོད་ཀྱི་སྐད་ཆ་ཞིག་གཏན་འབེབ་བྱས་ཤིང་། དེ་ལས་མི་འདའ་བའི་གདེང་ཚོད་ཅིག་བཟུང་ནས་སྐད་ཆ་ཞིག་བཤད་གི་ཡོད་པ་རེད།
    ད་ཆ་ཡ་ང་ཞིང་ཡིད་སྐྱོ་བའི་གནས་ཚུལ་ཞིག་ཡོད་པ་ནི། བོད་དོན་གྱི་རྩོད་པ་འདི་བོད་མིའི་ནང་ཁུལ་དུ་འཁོར་ཡོད་པ་འདི་རེད། ནང་ཁུལ་གྱི་རྩོད་པ་འདི་གནས་སྐབས་རིང་ཞི་ཐབས་ཀྱང་རྙེད་ཁག་པོ་རེད། ནམ་ཉིན་ཞིག་བོད་དོན་གྱི་རྩོད་པ་འདི་རྒྱ་ནག་གི་དཔོན་རིགས་ཚོ་ཟེར་ན་འདྲ། ཤེས་ཡོན་པ་ཡིན་ན་འདྲ། མང་ཚོགས་ཀྱི་ངོས་ནས་ཡིན་ནའང་འདྲ། གང་ལྟར་བོད་དོན་གྱི་རྩོད་པ་འདི་རང་ཕྱོགས་ནས་མིན་པར་གཞན་ཕྱོགས་ནས་སླེབས་དུས་ང་ཚོ་རྒྱལ་ཁའི་ཕྱོགས་སུ་ཐག་ཇེ་ཉེར་ཕྱིན་པ་རེད། འདི་ཨེ་རེད།

    བོད་ཀྱི་གནད་དོན་འདི་ཐག་ཆོད་གི་ཡོད་མེད་སྐོར་ཁྱེད་ཚོས་གངས་སྐྱིད་གཅིག་པོར་རིག་པ་སྒྲིམ་ནས་རྣ་བ་མ་གཏོད། ཚང་མས་རྒྱ་ནག་ལ་ལྟ་རོགས། ད་ནས་བཟུང་ང་ཚོ་ཚང་མར་འདི་འདྲའི་གཤིས་ཀ་ཞིག་ངེས་པར་དུ་ཡོད་དགོས་གི་འདུག མ་གཞི་ནས་ད་ལྟའི་ཆར་བོད་ཀྱི་གནད་དོན་འདི་གཙོ་བོ་རྒྱ་ཡི་ལག་ཏུ་ཡོད་པ་རེད། འདི་ལ་ངོ་ཡ་དང་བདག་པོ་གཞན་ཞིག་ཡོད་ཚེ་དེ་ནི་བོད་པ་རང་ཉིད་རེད། འོན་ཀྱང་། གོང་དུ་བཤད་པ་བཞིན། བོད་པ་ཚོ་ནི་བོད་དོན་ཐོག་རྩོད་པ་ཤོར་ནས་བསྡད་ཡོད་པ་རེད། འདི་ནི་ད་སྐབས་ཀྱི་ཡ་ང་བ་དང་ཡིད་སྐྱོ་བའི་གནས་སྟངས་དེ་རེད།

    Reply
  9. སྟག་སྨྱོན། says:
    ལོ་ 17 སྔོན།

    བོད་དོན་གླེང་ཚེ་ལམ་སང་དབུ་མ་དང་རང་བཙན་གང་དགོས་ཀྱི་རྩོད་པ་བརྒྱབ་ཡོང་བ་བོད་མི་སྤྱི་ཡོངས་ཀྱི་ན་ཚ་ཞིག་ཆགས་འདུག དེ་ལས་ལྡོག་དེ་ང་ཚོས་ག་འདྲ་བྱས་ནས་འཐབ་རོགས་ཀྱི་མི་འབོར་མང་དུ་དགོས་པ་དང་། འཐབ་རྩོད་ཀྱི་ནུས་ཤུགས་ཆེ་རུ་གཏོང་ཐབས་ལ་བགྲོ་གླེང་གནང་ན་བཟང་། ད་ལམ་ང་ཡོང་ས་ཐུབ་ས་མ་རེད། འོན་ཀྱང་འཇམ་དབྱངས་ནོར་བུ་སོགས་ཀྱིས་ཚོགས་ཆེན་འདིའི་གོ་སྐབས་བཟང་ནས་དབུ་མའི་ལམ་ལ་གཤེ་གཤེ་ཚ་ཐག་ཆོད་གཏོང་དགོས་བསམ་ནས་རེ་བ་བརྒྱག་གི་ཡོད་ཤག
    གཙོ་བོ་ནུས་ཤུགས་ཆེ་རུ་གང་འདྲ་བྱས་ནས་ཆེ་རུ་གཏོང་དགོས་མིན་ཐོག་ལ་ཁ་ཡོད་ལག་ཡོད་ཀྱི་བགྲོ་གླེང་ཡོང་བའི་རེ་བ་ཡོད།

    Reply
  10. སྟག་སྨྱོན། says:
    ལོ་ 17 སྔོན།

    སྤྱུ་ཟུར་ཧོར་གཙང་འཇིགས་མེད་ལགས། ངས་ཉིད་ལ་དྲི་བ་ཞིག་ཡོད་པས་ཡག་ཉེས་ལན་གནང་ཐུབ་ན་རབ།
    རྒྱ་ནག་གི་བཙན་འོག་ནས་ཐར་བར་བྱེད་པ་ལ་ང་ཚོར་སྟོབས་ཤུགས་ཀྱི་འདང་གི་ཡོད་པ་མ་རེད། རྒྱ་དཔོན་ཚོ་དང་རྒྱ་ནག་མི་དམངས་སྒུལ་ཐུབ་པའི་ནུས་པ་འདང་ངེས་ང་ཚོར་མེད་སྟབས་ཡང་ནས་ཡང་དུ་དྲག་གནོན་དང་ཕམ་ཁ་ཁུར་ནས་འདུག་དགོས་ཐུག་པ་རེད། དེ་བཞིན་ཞིན་ཅང་དང་ནང་སོག་སོགས་རྒྱ་ནག་གི་མནར་གཅོད་འོག་ལོ་རབས་མང་པོར་ང་ཚོ་ནང་བཞིན་མནར་གཅོད་དང་ཕམ་ཁ་ཁོ་ན་ཁུར་བཞིན་བསྡད་ཡོད་པ་མ་རེད་དམ། ཁོ་ཚོར་ཡང་མི་གྲངས་ཉུང་དྲགས་པ་དང་སྟོབས་ཤུགས་ཆུང་དྲགས་པས་དེ་ལྟར་མནར་གཅོད་མྱོང་གི་ཡོད་པ་གསལ་བོ་རེད། དེའི་ཕྱིར་ཉམ་ཆུང་དང་གྲངས་ཉུང་མི་རིགས་འདི་དག་ཚང་མ་རྡོག་རྩ་ཆིག་སྒྲིལ་གནང་ཐུབ་ན། ང་ཚོ་ཚང་མར་སྤྱི་ཕན་གྱི་སྟོབས་ཤུགས་ཆེན་པོ་ཞིག་བསྐྲུན་ཐུབ་གི་མ་རེད་དམ། མི་རིགས་འདི་ཚོས་ཀྱང་རང་རང་གི་ས་ནས་གཅིག་པོས་ཨུ་ཚུགས་བརྒྱབ་ནས། མི་ཐུབ་ནའང་རྒྱ་ནག་ལ་ངོ་ཡ་བྱས་བསྡད་པ་ལས། ཚང་མ་དཔུང་སྒྲིག་ནས་ཆིག་སྒྲིལ་གྱི་ནུས་པ་དང་། མཉམ་འབྲེལ་གྱི་སྒྲིག་འཛུགས་ཤིག་འཛུགས་ཐུབ་ན་རྒྱ་ནག་ལ་སེམས་ཁྲལ་ག་ཚོད་ཡོང་གི་རེད་དམ། དེ་ལྟར་བྱུང་ན་རེ་བ་ག་འདྲ་ཡོང་ས་རེད་དམ། ཐབས་ལམ་དྲག་པོ་ཡིན་དགོས་པའི་ངེས་པ་མ་རེད། འདི་སྐོར་ངས་བསམ་བློ་མང་པོ་གཏོང་གི་ཡོད། མི་རིགས་འདི་ཚོས་དགྲ་བོ་གཅིག་པ་རེད། འཐབ་རྩོད་བྱེད་པའི་དུས་ཚོད་ཀྱང་གཅིག་པ་རེད། འོ་ན་འདི་ཚོ་ག་རེ་བྱས་ནས་མཉམ་འབྲེལ་བྱེད་ཀྱི་མེད་པ་རེད་དམ།
    དཔེ་ཆུང་ཆུང་ཞིག་གིས་འགྲེལ་བཤད་བརྒྱབ་ན། ངན་པ་ཉིས་ལོག་བྱས་ན་བཟང་པོ་ས་བརྒྱག་རྡོ་བརྒྱག་ཟེར་། ངན་པ་གཉིས་རུབ་ན་བཟང་པོ་གཅིག་གི་གོ་ཆོད་ཡང་ཟེར།

    གོང་གི་ཐབས་ལམ་དེས་རྒྱ་ནག་གི་དཔོན་རིགས་དང་མི་མང་དེ་ཚོར་འགུལ་བསྐྱོད་ཅིག་བརྒྱག་ཐུབ་རྒྱུའི་ལམ་ཁ་མཐོང་གི་འདུག་གམ། འཆར་ཟླའི་ཚོགས་ཆེན་ནང་འདིའི་ཐོག་གླེང་སློང་རེ་བྱེད་སྲིད་དམ།

    Reply
  11. གནས་ཚང་། says:
    ལོ་ 17 སྔོན།

    ཏིན་ཤི་སོང་བ་རེད། རྒྱལ་དོན་ཚར་ཟིན་པ་རེད། ད་ལྟའི་གླེང་བྱ་ཟླ་བཅུ་བའི་ཟླ་མཇུག་གི་ཐུག་འཕྲད་ལ་ཐོལ་བརྒལ་མེད་སོང་བ་ཡིན་ན། ཅི་ཞིག་བྱ་ཞེས་པ་འདིའི་སྒང་ལ་བགྲོ་གླེང་བྱེད་དགོས་ཆགས་ཡོད། དེ་བས། ཚང་མ་ལོས་རེ་ཞིག་ཆགས་ཞེན་གཡས་ལ་གཡུགས། ཞེ་སྡང་གཡོན་དུ་སྙོལ། ག་ལེར་༼ད་ག་རེ་བྱེད་དགོས་སམ༽ཞེས་པ་འདིའི་སྒང་ལ་དམིགས་པ་གཏད་དགོས་ཀྱི་མི་འདུག་གམ།

    Reply
  12. དཀོན་མཆོག་དར་རྒྱས། says:
    ལོ་ 17 སྔོན།

    ཏིན་གྱི་བསམ་བློར་གློ་བུར་དུ་འཁོར་ཡོང་བའི་ཐོད་བརྒལ་གྱི་ཚོད་ལྟ་ཞིག་དང་། རྒྱལ་ལོ་དོན་གྲུབ་ཀྱིས་བཙན་བྱོལ་དུ་ཁྱེར་ཡོང་བའི་བརྗོད་གཞི་གསར་པ་ཞིག

    Reply
  13. གནས་ཚང་། says:
    ལོ་ 17 སྔོན།

    ཧ་ལས་དགོས་ད་དགོས། ཉུང་མཐར་རང་གིས་ཧ་གོ་མི་འདུག་གཱ ཨ་ལ་སྐུ་རྩེད་ཞུ་གི་ཡོད།

    ཡིག་ཆ་དེ་གཉིས་གཤམ་གསལ་ལྟར་ཏེ། དོན་ལོག་བྱུང་ན་དབྱིན་ཡིག་རྩ་འཛིན་བྱེད་དགོས།

    ༡ རྒྱལ་སྤྱིའི་དཔལ་འབྱོར། སྤྱི་ཚོགས་དང་ཤེས་རིག་ཐོབ་ཐང་སྤྱི་ཆིངས། ༼International Covenant on Economic, Social and Cultural Rights༽
    Part 1 (Article 1) recognises the right of all peoples to self-determination, including the right to “freely determine their political status”,[8] pursue their economic, social and cultural goals, and manage and dispose of their own resources. It recognises a negative right of a people not to be deprived of its means of subsistence,[9] and imposes an obligation on those parties still responsible for non-self governing and trust territories (colonies) to encourage and respect their self-determination.[10]

    ༢ རྒྱལ་སྤྱིའི་སྤྱི་འབངས་ཐོབ་ཐང་དང་སྲིད་དོན་ཐོབ་ཐང་སྤྱི་ཆིངས། ༼International Covenant on Civil and Political Rights༽
    Article 1 General comment on its implementation
    1. All peoples have the right of self-determination. By virtue of that right they freely determine their political status and freely pursue their economic, social and cultural development.

    ༼the right of self-determination༽འདིའི་དོན་རང་ཐག་རང་གཅོད་མ་རེད་དམ།

    Reply
  14. མྱི་སྨྱོན། says:
    ལོ་ 17 སྔོན།

    ཨ་རོ་་་པཱ་ལེ་བ། ད་ཤོད་ཡཱ་ལབ་ནས་ཧ་ལས་བ་ཞིག་བཤད་ཡོད་འདོག་བྱེད་ཀྱི་འདུག
    ༼པེ་ཅིང་གིས་རང་ཐག་རང་གཅོད་ངོས་ལེན་ཡོད་པའི་རྒྱལ་སྤྱིའི་ཡིག་ཆ་གཉིས་མིང་རྟགས་བཀོད་ཡོད་༽ ཞེས་པ་ཁྱེད་ཀྱི་གང་ནས་ཤེས། གོ་མྱོང་མེད་འདི་གཉིས་ཁྱེད་ཀྱི་འདུར་བཀོད་ཐུབ་བམ། དེ་རྗེས་ད་་་བཤད་ཡཱ་་་

    Reply
  15. གནས་ཚང་། says:
    ལོ་ 17 སྔོན།

    དོན་དག་ཁ་ཤས་འདུག
    ༡ བཀའ་ཁྲིས་དབུ་མའི་ལམ་གྱི་རྩ་འཛིན་གྲོས་ཆོད་ནུས་མེད་དུ་གྱུར་ཚུལ་དང་མི་རིགས་ས་གནས་རང་སྐྱོང་ལག་ལེན་དུ་འཁེལ་ཐུབ་པའི་གདེངས་ཚོད་བཤད་ཐུབ་ཀྱི་ཡོད་དམ།
    ༢ ཏཱ་ལའི་བླ་མས་དབུ་མའི་ལམ་གྱི་མཐའ་ཐུག་གི་ཐག་གཅོད་མི་མང་ལ་ཡོད་ཅེས་པ་ནི་༼རང་ཐག་རང་གཅོད་༽ཆགས་ཀྱི་ཡོད་དམ། རང་ཐག་རང་གཅོད་ལ་དགེ་མཚན་གསུམ་ཡོད།
    ༼༡༽པེ་ཅིང་གིས་རང་ཐག་རང་གཅོད་ངོས་ལེན་ཡོད་པའི་རྒྱལ་སྤྱིའི་ཡིག་ཆ་གཉིས་མིང་རྟགས་བཀོད་ཡོད་པས། འདི་བོད་མིས་ཁྲིམས་ལུགས་ཀྱི་རྒྱབ་བརྟེན་དུ་བཟུང་ཆོག་པར་མ་ཟད། པེ་ཅིང་གིས་ཀྱང་དེར་ཞཱ་མོ་གང་བྱུང་འདི་བྱུང་དུ་གཡོགས་ཐུབ་ཀྱི་མེད།
    ༼༢༽ པེ་ཅིང་གིས་རང་ཐག་རང་གཅོད་ངོས་ལེན་ཡོད་པའི་རྒྱལ་སྤྱིའི་ཡིག་ཆ་གཉིས་མིང་རྟགས་བཀོད་ཡོད་པའི་ཆ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་པེ་ཅིང་གིས་ཁྲིམས་སྲོལ་དེ་རིགས་ལག་ལེན་དོན་འཁྱོལ་ཡོང་བར་བསྐུལ་འདེད་བྱེད་པའི་འོས་འགན་ཡོད་ལ། ཁ་གཡར་སའང་གཙོ་བོ་ཞིག་ཆགས་ཡོད།
    ༼༣༽ ལམ་ཁ་འདི་གདམ་པ་ཡིན་ན། ད་ལྟའི་བོད་མིས་མ་འོངས་པའི་མི་རབས་ཀྱི་ལམ་ཁ་འགག་ཏུ་བཅུག་མེད། དེ་ལས་ལྡོག་ན། མ་འོངས་མི་རབས་ལ་ནུས་པ་ཡོད་ཀྱང་གཞི་འཛིན་ས་འཆོལ་ཟིན་པའི་དཀའ་ངལ་ཡོང་གི་ཡོད།
    ༣ སྐུ་ཚབ་ཚོགས་པ་ཤར་རྒྱག་ཏུ་ཐའི་ཝན་ནང་བཞིན་༼སྐམ་ས་ཚོགས་པ༽ལྟ་བུའི་ངོ་བོར་བསྒྱུར་རན་ནམ།

    ད་ཤོད་ཡཱ་སྨྱུག་འཛིན་པ་ཚོ། པཱ་ལེ་བ་ལ་གནང་དོགས་མེད།

    Reply
  16. མྱི་སྨྱོན། says:
    ལོ་ 17 སྔོན།

    སེམས་གཏང་ནས་དྲི་བ་བཏོན་ན་ངས་ཡང་སྨྱོ་རྟགས་ཆུང་རུ་བཏང་ནས་བཤད་འདོད་བྱུང་།
    ང་སྐྱབས་བཅོལ་ཀྱི་འཚོ་བ་རོལ་ནས་མི་ལོ་བཅུ་གཅིག་ལྷག་འགྲོ་བཞིན་འདུག དུས་ཡིན་འདི་དག་སྐབས་དབུ་མའི་ལམ་ལ་རང་གིས་གང་ཡོད་ཀྱི་བསམ་བློ་གཏོང་མྱོང་ཡོད། ཡིན་ཡང་ཉེ་ལམ་གྱི་འགྱུར་ཕྱོགས་འདི་དང་རྒྱ་ནག་གི་བྱེད་ཐབས་འདིའི་དབང་གིས་རང་བཙན་གྱི་ལྟ་ལ་ངོས་ཟིན་ཐེབ་བྱུང་། རྒྱུ་མཚན་ངེལ་གཉིས་ཀྱི་དལ་མོ་བཤད། གཞིས་ལུས་མི་དམངས་ཚོའི་ཆེད་ང་ཚོས་ཡོད་ཚད་བློས་གཏོང་དགོས། འདི་ལྟར་འགྲོ་ན་ང་ཚོ་ད་བཟོད་དབྱེ་འབྱེད་ཞིག་ཡོང་། དྲི་བ་གཉིས་པ་ཡག་པོ་འདུག་འདི་ལ་གང་མང་གིས་བསམ་བློ་བཏང་ནས་ལམ་གནང་ན་ཡག་པོ་འདུག།

    Reply
  17. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ད་ནི་ངེད་ཚང་གི་རྩོད་པ་བརྒྱབ་ནས་བསྡོད་པའི་དུས་ཀྱང་མིན་ལ། རང་རང་གི་དགའ་ཕྱོགས་བཤད་དེ་འདུག་ཁོམ་གྱང་མེད་ཟེར་ནས་ཕན་ཚུན་བར་ལ་རྒྱང་ཐག་བཟུང་དེ་དུས་ཚོད་ཅིག་གཏན་ནས་ཆགས་མེད་པར། རང་རང་གི་གང་ནུས་པའི་བོད་གཞིས་ལུས་མི་དམངས་ཀྱི་ཚེ་སྲོག་ལ་འགན་འཁུར་ཡོད་པའི་ལས་ཀ་རེ་བྱེད་རྒྱུ་དེ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན་ན། དབུ་མ་བསྟོད་པ་བྱས་འདུག་དབུ་མ་རྒྱབ་སྐྱོར་རེག་འདུག རང་བཙན་སྙིང་རྗེ་ཟེར་ནས་སེམས་སྐྱོ་དགོས་པ་དེ་འདྲ་གང་ཡང་མི་འདུག རང་བཙན་རྩོད་མཁན་གྱི་ཚོགས་པ་ཁག་གིས་མུ་མཐུད་དུ་ཁ་ལག་གཉིས་ཡོད་ཀྱི་སྒོ་ནས་རང་བཙན་བརྩད་ན་འགྲིག་ཞིང་། དེ་ལ་ནམ་ཡང་བོད་བཙན་བྱོལ་གཞུང་གིས་བཀག་འགོག་བྱེད་མི་སྲིད། གཞུང་གི་ལངས་ཕྱོགས་དང་ཚོགས་པ་སྒེར་གྱི་ལངས་ཕྱོགས་སྔོན་ཆད་ཀྱང་སོ་སོ་ཡིན་ལ་རྗེས་སུ་ཡང་སོ་སོ་ཡིན་ངེས་རེད། དེ་མིན་ན་གཞུང་དང་ཚོགས་པ་ཁག་ཞེས་ཁ་ཁ་ཞིག་ཡོང་སྲོལ་མེད་པ་རེད། གང་ལྟར་གྱང་ཚོགས་པ་ཁག་དང་ལས་བྱེད་གང་ཡིན་ཡང་བྱ་བ་གང་ཞིག་གི་སྣེ་ཁྲིད་བྱེད་དུས་སུ་ཁ་ལག་གཉིས་ཀ་ཆ་མ་མཉམ་ན་དེ་ནི་བྱིས་སྒྲུང་སྙན་པོ་བཤད་མཁན་ལྟ་བུ་ཞིག་ལས་གང་ཡང་མ་ཆགས་པ་རེད།
    མཇུག་ནས་དྲ་གྲོགས་མྱི་སྨྱོན་ལགས་ལ་གསལ་འདེབས་རྒྱུ་ཞིག་ལ། ཁྱེད་ཀྱིས་ལངས་ཕྱོགས་གང་ཞིག་ལ་ངོས་ཟིན་ཐོབ་སོང་ཁྱེད་རང་གི་མི་ཚེའི་ནང་འདིར། ཁྱེད་ཀྱིས་གཞིས་ལུས་མི་དམངས་ཚོའི་ཆེད་དུ་ང་ཚོས་ཅི་ཞིག་བྱས་ན་འགྲིག་གི་འདོད་ཡོད།

    Reply
  18. མྱི་སྨྱོན། says:
    ལོ་ 17 སྔོན།

    རེད་ཡ། དབུ་མའི་ལམ་ལ་ཕྱོགས་ཡོང་ནས་འབྲེལ་བཤད་གནང་མཁན་དང་སློབ་གསོ་གནང་མཁན་དེ་བཞིན་ས་གནས་ཁག་ལ་ས་འོག་གསེར་བསྒྱུར་གྱི་ལམ་ཁ་ཡང་ཡོད་རེད། རང་བཙན་སྙིང་རྗེ། མི་སྒེར་ཁ་ཤེས་ཀྱི་སེམས་ནད་ཆག་པ་ལས་གཞན་གང་།
    ངས་ཚོད་དཔག་བྱས་པ་ནོར་མེད་ན་ཐེང་འདིའི་ཚོགས་ཆེན་དང་བསྟུན་བོད་མི་སེམས་ཤིག་ཅན་ཁ་ཤེས། ལྷ་བཟང་ཚེ་རིང་ནང་བཞིན་སྨྱོན་པ་བཟོ་ཤེས་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese