མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྡོར་གླིང་བོད་མིའི་རང་འཚོ་བཟོ་གྲྭ་གླེང་བ།

བོད་ཀྱི་དུས་བབ།
༢༠༠༩/༠༦/༡༡
Share on FacebookShare on TwitterShare on EmailShare on Whatsapp

རྡོར་གླིང་བོད་མིའི་རང་འཚོ་བཟོ་གྲྭའི་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས་སུ་རང་འཚོ་བཟོ་གྲྭའི་སྐོར་ལ་བཅར་འདྲི་བྱས་པ།

དྲི་བ། དང་པོ་རྒན་ལགས་ཀྱིས་བཟོ་གྲྭ་འདིའི་ལོ་རྒྱུས་མདོར་བསྡུས་ཤིག་གསུང་རོགས།

དྲིས་ལན། བཟོ་གྲྭ་འདི་ ༡༩༥༩ ལོའི ༡༠ ཚེས་ ༢ ཉིན་སྐུའི་གཅེན་པོ་རྒྱལ་ལོ་དོན་འགྲུབ་མཆོག་གི་སྐུ་ཟླ་ལྷ་ལྕམ་དམ་པ་དེས་དབུ་འཛུགས་གནང་བ་རེད། ཁོང་གིས་བཟོ་གྲྭ་འདི་འཛུགས་དགོས་དོན་ནི། དེ་དུས་བོད་པ་མང་བོ་ཞིག་སྐྱབས་བཅོལ་ལ་སླེབས་ཡོད་སྟབས། མི་མང་བོ་ཞིག་འགྲོ་ས་འདུག་ས་མེད་པའི་དཀའ་ངལ་ལ་གཟིགས་ནས་བཟོ་གྲྭ་འདི་བཙུགས་འདུག དང་པོ་བཟོ་གྲྭ་འདི་འཛུགས་དུས་ས་ཆ་འདིར་ཁང་མིག་ཆུང་ཆུང་གཉིས་མ་གཏོགས་མི་འདུག ཁང་མིག་དེ་གཉིས་ཀྱང་ ༡༩༡༠ ནས་ ༡༩༡༢ བར་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་བཞུགས་ས་དང་ཁོང་གི་ཆིབས་རྟ་འཇོག་ས་རེད་ལབ་ཀྱིན་འདུག བར་སྐབས་དེར་རྒྱ་མིས་བོད་ལ་བཙན་འཛུལ་ཞིག་བྱས་སྐབས་ཁོང་སྐྱབས་བཅོལ་ལ་ཕེབས་པ་རེད་ཟེར་གྱིན་འདུག ས་ཆ་དེ་གནད་འགག་ཅིག་ཏུ་བརྩིས་ནས་བཟོ་གྲྭ་འདིར་བརྒྱབས་འདུག དང་པོ་ལྷ་ལྕམ་ཁོང་གིས་བཟོ་གྲྭའི་འཆར་འགོད་འཐེན་དུས། བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་སྐུ་ངོ་ལྷ་དབང་ལགས་དང༌། ས་གནས་འདིའི་རྒྱ་གར་གྱི་དམག་སྤྱི་ཁག་ཅིག་གི་རྒྱབ་སྐྱོར་དང་རོགས་རམ་ལ་བརྟེན་ནས་བཟོ་གྲྭ་འདི་དབུ་འཛུགས་གནང་ཐུབ་འདུག སྐབས་དེར་སྐྱབས་བཅོལ་ལ་སླེབས་བསྡད་ཡོད་མཁན་དེ་ཚོའི་ཁྲོད་གདན་དང་སྣམ་བུ་འཐག་མཁན། ཤིང་བཟོ་བྱ་མཁན་སོགས་མང་བོ་ཞིག་ཡོད་སྟབས། ཁོང་ཚོ་མཉམ་རུབ་བྱས་ནས་རང་རང་གིས་གང་ཤེས་པའི་ལག་ཤེས་དེ་དག་མི་ཉམས་རྒྱུན་འཛིན་དང༌། ཆབས་ཅིག་གནས་སྐབས་རང་ཉིད་ཀྱི་འཚོ་གནས་ཐག་གཅོད་བྱེད་ཐུབ་པའི་རང་འཚོ་བཟོ་གྲྭ་འདི་བཙུགས་འདུག

དྲི་བ། བཟོ་གྲྭ་འདིར་ཐོན་རྫས་རིགས་ག་ཚོད་བཟོ་བཞིན་ཡོད་པ་དང༌། ལས་རིགས་སྡེ་ཚན་རིགས་ག་ཚོད་ཡོད་དམ།
དྲིས་ལན། ལས་རིགས་སྡེ་ཚན་མང་བོ་ཡོད་པ་རེད། བལ་སྐུད་ལ་ཚོན་རྩི་གཏོང་ས་ཞིག་ཡོད་པ་རེད། དེ་བཞིན་ཚེམ་བཟོ་རྒྱག་ས། བལ་ཐུག་འཁེལ་ས། ཤིང་བཟོ་བྱེད་ས། པང་གདན་དང་གདན་འཐག་ས། དེ་མ་ཡིན་པའི་བོད་ཀྱི་ཁྱད་ཆོས་ཐོན་པའི་རི་མོ་བརྩེགས་གྲུབ་བྱེད་ས་སོགས་ཡོད་པ་རེད། བཟོ་གྲྭའི་ཡན་ལག་ཅིག་རྡོར་གླིང་ཁྲོམ་གཞུང་ན་ཡོད། དེར་སྨན་ཁང་དང་དཔར་ཁང་སོགས་ཡོད། སྨན་ཁང་དེས་སྨན་ཁང་གཞན་པ་དང་བསྡུར་ན་སྨན་རིན་གོང་ཆུང་དུ་བཏང་ནས་མི་མང་ལ་ཞབས་ཞུ་སྒྲུབ་བཞིན་ཡོད།
 
དྲི་བ། བཟོ་གྲྭ་འདིར་ལས་བྱེད་ག་ཚོད་ཡོད་དམ།
དྲིས་ལན།  དགུ་ཅུ་གོ་གྲངས་བར་དུ་མི་ལྔ་བརྒྱ་དྲུག་བརྒྱ་ལྷག་ཅིག་འདུག དེ་ནས་གཞུང་གི་ངོས་ནས་བོད་པ་མང་བོ་ཞིག་ཕྱི་རྒྱལ་ལ་གཏོང་བའི་གོ་སྐབས་བྱུང་བ་ནས་བཟུང་སྟེ། མང་བོ་ཞིག་ཆས་སོང་བ་རེད། ད་སྐབས་མི་སུམ་བརྒྱ་ལྷག་ཅིག་མ་གཏོགས་མེད། དེའི་ནང་བརྒྱ་ཆའི་དགུ་བཅུ་ལོ་དྲུག་ཅུ་ནས་བདུན་ཅུའི་བར་གྱི་རྒན་རྒོན་རེད།

དྲི་བ། བཟོ་གྲྭའི་ལས་བྱེད་མང་ཤོས་རྒན་རྒོན་ཡིན་སྟབས། བཟོ་གྲྭའི་ལས་ཀ་འཐུས་ཤོར་དང་སྒྲིག་འཛུགས་ཀྱི་ཕྱོགས་ནས་དཀའ་ངལ་ཡོད་དམ།
དྲིས་ལན།  ཏག་ཏག་ང་ཚོར་དེའི་ཐད་ནས་དཀའ་ངལ་འཕྲད་ཀྱིན་ཡོད་པ་རེད། བཟོ་གྲྭ་འདིའི་ལས་ཀ་བྱ་མཁན་མང་ཤོས་རྒན་རྒོན་ཡིན་སྟབས། ལོ་གཞོན་པ་ནང་བཞིན་ལས་ཀ་བྱེད་ཐུབ་ཀྱིན་ཡོད་པ་མ་རེད། ཡིན་ནའང༌། ཁོང་ཚོར་ལས་ཀ་ཞིག་མ་སྤྲད་པ་ཡིན་ན་ཁོང་ཚོའི་ལྟོ་རྒྱབ་དེ་འགྲོ་གིན་ཡོད་པ་མ་རེད། ངས་གོང་ནས་ཞུས་པ་ནང་བཞིན། རང་འཚོ་བཟོ་གྲྭ་ཟེར་དུས་སོ་སོས་གང་ཤེས་པའི་ལག་ཤེས་དེར་བརྟེན་ནས་རང་ཉིད་ཀྱི་འཚོ་བ་བཙལ་དགོས་ཀྱིན་ཡོད་པ་རེད། དེ་མ་གཏོགས་བོད་གཞུང་ལ་སྙན་ཞུ་ཞུས་ནས་ཡོང་སྒོ་བསླང་ན་ཆོག་གི་ཡོད་པ་རེད་དེ། ག་དུས་བར་དུ་ང་ཚོས་གཞུང་ལ་བསླང་ནས་སྐྱོབ་གསོ་ཟས་ནས་འདུག་དགོས་པ་རེད། གཞུང་ལའང་དཀའ་ངལ་ཆེན་པོ་ཡོད་སྟབས། རང་ཉིད་ཀྱིས་རང་གི་འཚོ་གནས་ཐག་གཅོད་བྱེད་ཐུབ་ན་གཞུང་གི་དཀའ་ངལ་དེའང་རང་བཞིན་གྱིས་སེལ་འགྲོ་གི་རེད། ངའི་བསམ་པར། བོད་པ་མང་བོ་ཞིག་གིས་ང་ཚོ་སྐྱབས་བཅོལ་བ་ཡིན་ཟེར་ནས་སྐྱོབ་གསོ་ལ་རེ་སྒུག་དང་རེ་བ་རྒྱག་རྒྱུར་དགའ་བོ་འདུག རང་ཉིད་ཀྱིས་དཀའ་ལས་རྒྱག་གི་མི་འདུག དེ་ང་ཚོའི་ནོར་འཁྲུལ་ཞིག་རེད་བསམ་ཡོད། ཕྱི་རྒྱལ་ཚོའི་ཀླད་པའི་ནང་ཡང༌། སྐྱབས་བཅོལ་བ་ཟེར་དུས་ལས་ཀ་མི་བྱ་བར་ཟས་ནས་ཉལ་ནས་འདུག་པའི་གནས་སྟངས་ཤིག་ཤར་ཡོད་ས་རེད། ལྟ་སྐོར་བ་ཁ་ཤས་འདིར་ཡོང་ནས་ང་ཚོའི་ལས་ཀ་བྱེད་སྟངས་ལ་བལྟས་ནས་ཧང་འདྲ་བོ་སང་གི་འདུག གང་ཡིན་ཟེར་ན། ཁོང་ཚོའི་ཀླད་པའི་ནང་གི་སྐྱབས་བཅོལ་བ་དེས་མི་གཞན་གྱིས་དཀའ་ལས་བརྒྱབས་པ་ཟས་ནས་ཉལ་ནས་བསྡད་ཡོད་སྟབས། འདིར་ཡོང་ནས་ང་ཚོའི་བཅའ་སྟངས་ལས་སྟངས་མཐོང་དུས། ལྷག་དོན་དུ་རྒན་རྒོན་ཚོས་ལས་ཀ་བྱེད་བཞིན་པ་མཐོང་ཚེ། ཁོང་ཚོ་ཡང་དགའ་སྣང་ཟེར་ན་མི་འདུག བསམ་བློ་གཉིས་པ་ཞིག་གཏོང་དགོས་ཀྱིན་འདུག་ཅེས་ལབ་མཁན་ཡང་འདུག ཡིན་ནའང༌། རྒན་རྒོན་ཚོ་འདི་ལྟར་རྫོགས་འགྲོ་གི་ཡོད་སྟབས། གཞོན་སྐྱེས་ཚོས་འདི་རྒྱུན་འཛིན་མ་བྱས་ན། ཆེ་ས་ནས་བོད་པའི་རིག་གཞུང་ཞིག་གི་འཐུས་ཤོར་དང༌། ཆུང་ས་ནས་བཟོ་གྲྭ་ཁོ་རང་ཉམས་རྒུད་དུ་འགྲོ་བའི་དཀའ་ངལ་མང་བོ་ཞིག་ཀྱང་འཕྲད་ཡོང་གིན་འདུག གཞོན་སྐྱེས་ཚོས་འདིར་ལས་ཀ་བྱེད་ཀྱིན་མི་འདུག གང་ཡིན་ཟེར་ན། གཞོན་སྐྱེས་དེ་ཚོའི་བསམ་བློའི་ནང་ལ་ཕོག་མང་བོ་ལེན་ས་ཡོད་པ་ཞིག་དང༌། ལས་ཀ་ལས་སླ་བོ་བྱེད་ས་ཡོད་པ་ཞིག་དྲན་བསྡད་ཡོད་སྟབས། ལག་ཤེས་ཞེས་པ་དེར་དཀའ་ངལ་དང་སྡུག་རུས་ཚང་མ་རྒྱག་དགོས་ཀྱིན་ཡོད་པ་རེད། བཟོ་གྲྭ་འདིའི་ལས་བྱེད་ཚང་མ་ཁྱིམ་ཚང་གཅིག་གི་མི་ནང་བཞིན་ཡོད་དུས། ལས་བྱེད་ཚང་མའི་ལས་ཤག་དང་ལྟོ་རྒྱབ། མཐའ་ན་སྨན་བཅོས་དང་བུ་ཕྲུག་གི་སློབ་ཡོན་སོགས་ཀྱང་བཟོ་གྲྭ་རང་ངོས་ནས་འབུལ་གྱིན་ཡོད་པ་རེད། དེར་བརྟེན། ཟླ་ཕོག་གི་ཕྱོགས་ནས་ཉུང་ངུ་རེ་མ་གཏོགས་ཡོད་པ་མ་རེད། ཟླ་བ་གཅིག་ལ་ཕོག་མཐོ་ཤོས་ཧིན་སྒོར་ཆིག་སྟོང་ལྔ་བརྒྱ་དང༌། དམའ་ཤོས་ཧིན་སྒོར་ལྔ་བརྒྱའི་བར་དེ་འདྲ་རྐྱང་རྐྱང་རེད།

དྲི་བ། གོ་ཐོས་ལ་བཟོ་གྲྭ་འདི་སྔོན་མ་ལས་ད་ལྟ་ཉམས་རྒུད་དུ་སོང་ཡོད་པའི་སྐད་ཆ་ཞིག་གོ་རྒྱུ་འདུག སྐུ་ཉིད་ཀྱི་དགོངས་ཚུལ་ལ། ཉམས་རྒུད་དེའི་རྐྱེན་གཙོ་བོ་གང་ཡིན་ནམ།

དྲིས་ལན། ཉམས་རྒུད་གཙོ་བོ་དེ་ལས་ཀ་བྱེད་མཁན་ཉུང་དུ་སོང་བ་དང༌། ལྷག་པར་དུ་རྒན་རྒོན་ཚོའི་ལག་ཤེས་དེ་རྒྱུན་འཛིན་བྱེད་མཁན་མེད་པར་སོང་བའི་རྐྱེན་གྱིས་ཉམས་རྒུད་དེ་རང་བཞིན་གྱིས་སླེབས་ཡོང་བ་རེད། གལ་སྲིད་གཞོན་སྐྱེས་མང་བོ་ཞིག་འདིར་འཛུལ་ཞུགས་བྱས་ནས་ལས་ཀ་རྒྱུན་འཛིན་བྱེད་པ་ཡིན་ན། ཉམས་རྒུད་དེ་སེལ་འགྲོ་གི་རེད། རྡོར་གླིང་འདི་ཡུལ་སྐོར་སྤྲོ་འཆམ་པ་མང་བོ་ཡོང་ས་ཞིག་རེད། ཁོང་ཚོ་འདིར་ཡོང་ནས་བལ་གདན་དང་སྣུམ་ཚོན་རི་མོ། དེ་བཞིན་བོད་ཀྱི་ཁྱད་ཆོས་ཐོན་པའི་ཐོན་རྫས་འདྲ་མིན་མང་བོ་མངགས་ཀྱིན་ཡོད་པ་རེད། ཡིན་ནའང༌། འདིར་ལས་ཀ་བྱེད་མཁན་ཉུང་བ་དང༌། ལྷག་པར་དུ་རྒན་རྒོན་ཚོས་ལས་ཀ་ལས་ཏེ། མངགས་ཉོ་བྱས་པའི་རྗེས་མ་ཆོད་པར་བརྟེན། དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱིན་འདུག ངའི་བསམ་པར། ལོ་དྲུག་གི་རྗེས་ནས་འདི་ལས་ཀྱང་དཀའ་ངལ་ཆེན་པོ་འཕྲད་ཀྱི་རེད་བསམ་གི། རྗེས་ཕྱོགས་གཞོན་སྐྱེས་ཚོས་བོད་པའི་རིག་གཞུང་ཞིག་ཉམས་རྒུད་དུ་འགྲོ་བཞིན་འདུག་བསམ་པའི་བསམ་བློ་ཞིག་ཁྱེར་ནས་འདིར་ལས་ཀ་བྱེད་དུ་ཡོང་ན་ཉམས་རྒུད་དེ་སེལ་ཐུབ་ཀྱི་རེད་བསམ་གི། མ་གཞི་ང་ཚོའི་མི་རིགས་འདིར་མི་འབོར་གྱི་ཆ་ནས་དཀའ་ངལ་འཕྲད་ཀྱིན་ཡོད་སྟབས་འདི་ལྟ་བུའི་འཐུས་ཤོར་མང་བོ་ལྷག་པ་རེད།

དྲི་བ།  མི་རིགས་དང་རྒྱལ་ཁབ་གང་ཞིག་ཡིན་ཡང༌། མི་རིགས་དེའི་རིག་གནས་ཀྱི་ཁྱད་ཆོས་ཐོན་པའི་ཐོན་རྫས་འདྲ་མིན་བཟོ་བསྐྲུན་བྱ་རྒྱུ་གལ་ཆེན་ཡིན་པར་བརྟེན། རྗེས་ཕྱོགས་དེའི་སྐོར་ནས་ལས་འཆར་འདྲ་ཡོད་དམ།
དྲིས་ལན།  ལས་འཆར་ཟེར་ན་འདྲ། བསམ་འཆར་ཟེར་ན་འདྲ། སློབ་གྲྭ་མཐར་འཁྱོལ་མེད་པའི་རིགས་དང༌། སྤྱི་ཚོགས་སྟེང་གི་ལས་མེད་རིགས་འདིར་ཡོང་ནས་རང་རང་ལག་ཤེས་གང་ལ་དགའ་བོ་ཡོད་ན་དེ་སྦྱང་གི་བཅུག་སྟེ། རྗེས་ཕྱོགས་ཁོང་ལྷ་བྲིས་མཁས་པ་རེད། ཁོང་སྣམ་བུ་འཐག་པར་མཁས་པ་རེད་ཟེར་བའི་ཆེད་ལས་མཁས་པ་རེ་ཨེ་ཡོང་གི་རེ་བ་ཆེན་པོ་ཡོད། ཁ་སང་དེ་རིང་འདིར་ཡོད་བཞིན་པའི་ལག་ཤེས་པ་ཁ་ཤས་དངོས་གནས་ལག་རྩལ་མཁས་པ་ཡོད་པ་རེད། ཁོང་ཚོའི་ལག་ཤེས་དེ་ཚོ་མེད་པ་ཆགས་ན་ཧང་སང་བའི་བློ་ཕམ་པོ་རེད། གཞོན་སྐྱེས་མང་ཤོས་ཤིག་གིས་ལས་ཀར་དཀའ་ལས་དེ་འདྲ་རྒྱག་གི་མི་འདུག དངུལ་གཅིག་པོ་རེག་ན་འགྲིག་ཡོད་པའི་སྲོལ་འདྲ་བོ་ཞིག ང་ཚོ་དེས་འགྲིག་གི་ཡོད་པ་མ་རེད། བོད་ཟེར་བ་དེ་དགོས་ཀྱི་ཡོད་ན། བོད་པའི་རིག་གཞུང་དེ་དགོས་ཀྱིན་ཡོད་པ་རེད། རིག་གཞུང་དེ་གཙོ་བོ་ཤ་ཞེན་གྱིས་བདག་གཉེར་བྱ་དགོས་ཀྱིན་ཡོད་པ་རེད་བསམ་གི། འདི་ངའི་རྒྱལ་ཁབ་ཡིན། ང་མི་རིགས་འདིའི་ཡིན། ངའི་རིག་གཞུང་འདི་ཡིན་བསམ་པའི་ཤ་ཞེན་དེ་ཡོད་ན་རིག་གཞུང་དེ་གཅེས་འཛིན་བྱ་ཐུབ་རྒྱུ་རེད་བསམ་ཡོད།

དྲི་བ།  གལ་སྲིད་བཟོ་གྲྭ་འདིའི་ནང་འཛུལ་ཞུགས་བྱ་འདོད་ཡོད་ན། ཆ་རྐྱེན་གང་གང་དགོས་གི་རེད་དམ།

དྲིས་ལན།  ཆ་རྐྱེན་ལ། ལས་ཀ་འདི་བཟོ་གྲྭ་ཞིག་གི་ལས་ཀ་ཡིན་པའི་ཆ་ནས། གཟུགས་པོ་ཐང་ཐང་དང༌། བོད་པ་སྐྱབས་བཅོལ་བ་ཡིན་པའི་ལག་འཁྱེར་ཡོད་ན་འགྲིག་གི་ཡོད་པ་རེད། རང་ཉིད་ཀྱིས་ལག་ཤེས་གང་ཡང་མ་ཤེས་ཀྱང་འདིར་སླེབས་ནས་སྦྱང་ན་འགྲིག་གི་ཡོད་པ་རེད། གལ་སྲིད་བཟོ་གྲྭ་འདིར་འཛུལ་ཞུགས་བྱ་འདོད་ཡོད་མཁན་རྣམས་འདིར་ཕེབས་པར་དགའ་བསུ་དང༌། འབྲེལ་བ་གནང་ཆོག་ཆོག་ཡིན་ཅེས་ཞུ་འདོད་བྱུང་། ང་ཚོའི་ཁ་བྱང་ནི་གཤམ་གསལ་ལྟར་ཡིན། (འབྲེལ་བ་གནང་སའི་གློག་འཕྲིན་ཁ་བྱང་། thondup@cal.vsnl.net.in)
 
བཅར་འདྲི་བྱེད་མཁན། འབྲོག་རུ་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༥ རྒྱལ་སྤྱིའི་ཞི་བདེའི་གཟེངས་རྟགས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། ཡི་ཤུའི་ཆོས་དཔོན་ཕོབ་ལིའོ་བཅུ་བཞི་པ་མཆོག མཱ་ལ་ལ་ལགས། གཅེར་བུ་བའི་བླ་ཆེན་ཨཱ་ཅརྱ་ལོ་ཀེ་ཤེ་མུ་ཌི་མཆོག་བཅས་ལ་དབུལ་གཏན་འཁེལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱལ་སྤྱིའི་ཁྲིམས་ལུགས་པའི་ཞི་བདེའི་གཟེངས་རྟགས་དབུལ་གཏན་ཁེལ།

ཆུ་ཚོད་ ༦ སྔོན་ལ།
File image of Liu Jianchao, director of the International Liaison Department of the Central Committee of the Communist Party of China. (Photo by Ichiro Ohara / Yomiuri / The Yomiuri Shimbun via AFP)
Mobile App

རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ཁང་གི་དཔོན་རིགས་ཤིག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༨ སྔོན་ལ།
Mobile App

ད་ལོར་བོད་ནས་ཤར་ཏུར་ཀི་སི་ཐན་བར་གྱི་མེ་འཁོར་ལྕགས་ལམ་གསར་རྒྱག་གི་ལས་གཞི་མགོ་འཛུགས་རྒྱུ་ཡིན་འདུག  

ཆུ་ཚོད་ ༩ སྔོན་ལ།
བོད་རྒྱལ་ཡོངས་སྐྱེས་པའི་རྐང་སྤོལ་རུ་ཁག པར་ Football Forever Kalimpong  ངོ་དེབ་ནས་བླངས།
Mobile App

བོད་རྒྱལ་ཡོངས་སྐྱེས་པའི་རྐང་སྤོལ་རུ་ཁག་རྒྱ་གར་རང་བཙན་རྐང་སྤོལ་རྩེད་འགྲན་ནང་ཐེངས་དང་པོ་ཞུགས།

༢༠༢༥/༠༨/༡༡
Front Slider

དབྱར་དུས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཟབ་ཁྲིད་ཀྱི་སློབ་ཕྲུག་ཁག་ཅིག་ལ་བཅར་འདྲི་ཞུས།

༢༠༢༥/༠༨/༠༩
Gareth Ward walks through waiting media as arrives at the Darlinghurst Courthouse in Sydney, Wednesday, July 30, 2025. (Dan Himbrechts/AAP Image via AP)
Mobile App

གྲོས་ཚོགས་འཐུས་མི་ཞིག་གི་བཙན་གཡེམ་གྱི་ནག་ཉེས་ལྷང་ལ་བུད།

༢༠༢༥/༠༨/༠༨

མཆན། 7

  1. གངས་ཕྲུག says:
    ལོ་ 16 སྔོན།

    ལས་ཡུན། རེས་གཟའ་ཟླ་བ་ནས་སྤེན་པ། སྔ་དྲོའི་ཆུ་ཚོད་༦:༣༠་ནས་༡༡:༠༠ བར་དང་། ཁ་ལག་བར་གསེང་ཚོུད་ཕྱེད་ཀ ཚོུད་༡༡:༣༠ ནས་༢:༠༠ ཇ་ཡུན་སྐར་མ་༡༥ ཡང་ཚོུད་༢:༡༥ ནས་ཕྱི་དྲོའི་ཚོུད་༥:༠༠ བར་བཅས་རེད།

    Reply
  2. འབྲོག་གཡག says:
    ལོ་ 16 སྔོན།

    བཟོ་གྲྭ་འདིའི་སྐོར་ནས་ད་དུང་ཤེས་འདོད་པ་མང་བོ་ཞིག་ཡོད་སྟབས།
    རྗེས་ཕྱོགས་འདིའི་སྐོར་འགོད་རོགས་གནོང་།

    Reply
  3. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    རྡོར་གླིང་རང་འཚོའི་བཟོ་གྲྭ་ཆགས་ཡུལ་འདིར་སྔོན་མ་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་བཞུགས་མྱོང་བར་བཤད་པ་འདིར་དཔྱད་དགོས་པར་མཐོང་། བཤད་སྲོལ་དེ་འདྲ་ཞིག་ཡོད་པ་དངོས་གནས་རེད།

    རྡོར་གླིང་རང་འཚོའི་བཟོ་གྲྭ་བཙུགས་ཏེ་ལོ་བདུན་འཁོར་བའི་རྟེན་འབྲེལ་མཛད་སྒོའི་ཡིག་ཆའི་ནང་། བཟོ་གྲྭ་དེའི་དྲུང་ཆེ་ལྷ་དབང་ལགས་ཀྱི་གསུང་བཤད་ཡོད་ཅིང་། གསུང་བཤད་དེའི་ནང་༼ལོ་བདུན་སྔོན་གྱི་དེ་རིང་གི་ཉིན་མོ་བོད་མི་ཉམ་ཐག་བཞི་ས་གནས་འདིར་འབྱོར་སྐབས་བ་ཕྱུགས་སྡོད་ཁང་ལུག་རོ་ཞིག་ལས་ཡོད་པ་མ་རེད་༽ཅེས་གསུངས་འདུག དེ་བཞིན་ས་དེ་སན་འཇོ་སིའི་ཡིན་པ་དང་། སན་འཇོའི་སིའི་ཆོས་དཔོན་གྱིས་ཁེ་སང་མ་བླངས་པར་ས་ཆ་དེ་བོད་མིར་སྤྲད་པ་དང་། ༡༩༦༤ ལོར་ས་གནས་དེ་བོད་མིར་སྤུས་བསྒྱུར་གནང་སོང་གསུངས་འདུག དེ་བཞིན་མཛད་སྒོ་དེ་ཚུགས་སྐབས་བཟོ་གྲྭ་དེར་མི་ ༤༥༠ ཡོད་པའི་ནང་ལས་འཕེར་ ༢༥༠ ཡོད་པ་ཕུད་གཞན་རྣམས་རྒན་བྱིས་ད་ཕྲུག་ཡིན་པར་བཤད། དེ་བཞིན་དེའི་གོང་མི་གྲངས་ ༢༠༠ བརྒལ་བ་རང་མགོ་ཐོན་ཏེ་བཟོ་གྲྭ་ནས་སོང་ལུགས་བཀོད་འདུག
    སྐབས་དེར་བཟོ་གྲྭ་དེ་རྡོར་གླིང་ཁུལ་སྐད་གྲགས་ཡོད་པ་ཞིག་དང་། ཕྱི་མི་ཡུལ་སྐོར་བ་ཚོས་ཀྱང་ལྟ་སྐོར་དུ་འགྲོ་ས་ཞིག་ཆགས་ཤིང་། ཕྱི་ལོ་ ༡༩༦༦ ལོར་རྒྱ་གར་ནང་བཙོང་པའི་དངོས་ཟོག་ཕུད་ཕྱི་རྒྱལ་རྒྱལ་ཁབ་ཁག་ ༡༦ ལ་ཐོན་རྫས་བཙོང་པ་ཁོ་ནས་རྒྱ་གར་གཞུང་ལ་དངུལ་བརྗེས་སྒོར་འབུམ་བརྒལ་བ་བྱུང་ཡོད་འདུག
    བཟོ་གྲྭ་དེ་ནས་བོད་ཕྲུག་འགའ་ཤས་ཨ་རི་དང་འཇར་མ་ནི། ཉི་ཧོང་། དབྱིན་ཡུལ། སུད་སི་བཅས་ལ་བཏང་བར་མ་ཟད། ༡༩༦༥ ལོར་ཕྲུ་གུ་ལྔ་ཉི་ཧོང་དུ་སློབ་སྦྱོང་ལ་བཏང་འདུག
    བཟོ་གྲྭ་འདི་ཉམས་རྒུད་དུ་སོང་བར་རྒྱུ་མཚན་མང་པོ་ཡོད། ངས་འདིར་གསུམ་ཞུས་ཆོག
    དང་པོ། འཛིན་སྐྱོང་གི་དཀའ་ངལ་རེད། སྔོན་མ་བཟོ་གྲྭའི་འགན་འཛིན་གྱི་ཁོངས་སུ་བོད་གཞུང་གི་ལས་བྱེད་ཅིག་ཀྱང་གཏོང་སྲོལ་ཡོད། འོན་ཀྱང་དོན་ངོ་མའི་དབང་ཆ་མེད། དབང་ཆ་ཆ་ཚང་མི་ཚང་གཅིག་གིས་བཟུང་སྟབས་ཐ་མ་བོད་གཞུང་གིས་འགན་འཛིན་གཏོང་རྒྱུ་མཚམས་བཞག་པ་རེད། རྒྱ་ལོ་དོན་གྲུབ་ལགས་ཀྱི་ལྷ་ལྕམ་དེ་ཚོང་གི་འདུ་ཤེས་ཡོད་པ་ཞིག་རེད། ཁོང་གིས་བརྒྱ་ཁ་གཅིག་གཅོད་གནང་གི་ཡོད་ནའང་ཚོང་ལས་ཡག་པོ་བྱུང་ཡོད། ཁོང་འདས་རྗེས་ཚོང་ལས་འཇོན་ཐུབ་པའི་འགན་འཛིན་ཞིག་བྱུང་མེད་ལ་འཛིན་སྐྱོང་བྱེད་སྟངས་ནི་རང་སྣང་གང་ཤར་རེད།
    གཉིས་པ། དུས་དང་མཐུན་པའི་འགྱུར་བ་གཏོང་ཐུབ་མེད། དྲུག་ཅུ་བདུན་ཅུའི་ནང་ཁ་གདན་འཐག་མཁན་རེད་ཟེར་ན་བོད་མིའི་སྤྱི་ཚོགས་ནང་གནས་བབ་ཡོད་པ་ཞིག་ཆགས་ཀྱི་རེད། དེང་སྐབས་ཁ་གདན་འཐག་མཁན་རེད་ཟེར་ན་སློབ་སྦྱོང་མེད་པ་ཞིག་ལ་བརྩི་སྲོལ་ཡོད། བཟོ་གྲྭའི་ཚོང་ལས་ནི་སྔོན་མའི་དེ་ག་རང་མ་གཏོགས་གསར་གཏོད་ཐུབ་མེད། ད་ཆ་སེ་ལ་ཀུལ་བོད་ཁྱིམ་སོགས་སུ་དེང་རབས་དང་མཐུན་པའི་ལག་ཤེས་སྦྱོང་ས་ཡོད་དུས་རྒན་རྒོན་ཚོའི་མཉམ་དུ་ལག་ཤེས་སྦྱངས་ནས་སྡོད་འདོད་བྱེད་མཁན་སུ་ཡོང་གི་རེད།
    གསུམ་པ། བཟོ་གྲྭའི་ལས་མི་ཚོར་མཐུན་རྐྱེན་ཞན་པ་དེ་རེད། མཐུན་རྐྱེན་ཞན་པར་བརྟེན་གཤོག་པ་ཡོད་པ་ཚོ་སྡོད་ཐུབ་ཀི་མེད། མཐུན་རྐྱེན་ཞན་པར་བརྟེན་གཞོན་པ་ཚོ་ཡོང་གི་མེད། ལྷག་པར་རྒན་རྒོའི་ཚོའི་ཚེ་མཇུག་གི་གནས་སྟངས་དེ་མཐོང་དུས་རང་ཉིད་ཀྱང་ལམ་དེ་འདྲ་ཞིག་ལ་ཞུགས་འདོད་ཡོང་གི་མེད་པ་རེད།

    Reply
  4. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    གནས་ཚུལ་འདི་ནི་ྐློག་སྤྲོ་བ་ཞིག་འདུག ངེད་ཀྱིས་ཏན་ཏན་ཞིག་དྲན་གྱི་མི་འདུག ཕལ་ཆེར་ལོ་སྔོན་མ་ཡིན་བསམ། ཀུན་གླེང་གི་སྒང་ནས་བཟོ་གྲ་འདིའི་སྐོར་ཅིག་བསྟན་སོང་།
    དུས་དེ་ནས་བཟུང་བཟོ་གྲ་འདིའི་སྐོར་ལ་དོ་སྣང་བྱུང་། དེ་རིང་འབྲོག་རུ་ཆོས་གྲགས་ལགས་ཀྱིས་བཅར་འདྲིའི་ལམ་ནས་བཟོ་གྲའི་སྐོར་གྱི་གནས་ཚུལ་འགའ་འཁྱེར་ཡོང་བ་ལ་རྗེས་སུ་ཡི་རངས་དང་བཀའ་དྲིན་ཆེ་ཞུ་བཞིན་ཡོད། ངེད་ཀྱི་རེ་བར། བོད་རིགས་རྩོམ་འབྲི་བ་ཚོས་འགྲུལ་བཞུད་དང་མཉམ་དུ་གནས་ཚུལ་མ་འདྲ་བར་རྒྱུས་ལོན་བྱས། གནས་སྟངས་མ་འདྲ་བར་ཞིབ་འཇུག་བྱས། དེ་ནས་སོ་སོའི་བསམ་ཚུལ་སྤེལ། བསམ་ཚུལ་དེ་ཡང་རབ་རིབ་ཅན་མིན་པར་ཞིབ་ཅིང་ཕྲ་བ་སྤེལ་ཐུབ་པ་ཡིན་ན། དབྱངས་གསལ་སོ་བཞིའི་ལམ་ནས་བོད་ཀྱི་སྤྱི་ཚོགས་ལ་ཞབས་འདེགས་ཆེན་པོ་བསྒྲུབ་ཐུབ་ཀྱི་འདུག་སྙམ།
    འདིར་བཟོ་གྲའི་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས་ཀྱི་དྲི་ལན་རྣམས་དང་འབྲེལ་ནས་ངེད་ཀྱིས་རྨོངས་འཆར་འགའ་གླེང་འདོད་བྱུང་།
    ངེད་ཀྱིས་བསམ་ན། ལས་བྱེད་ཉུང་དུ་ཕྱིན་པ་དེ་གཞུང་གིས་བོད་མི་མང་པོ་ཞིག་ཕྱི་རྒྱལ་ལ་བཏང་བ་དེ་ཡིན་པའི་དབང་དུ་བཏང་རུང་། རྒྱུ་རྐྱེན་དངོས་གནས་བ་དེེ་མ་རེད་བསམ།
    ལས་བྱེད་ཉུང་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཁག་ནི།
    ད་ཕན་བཟོ་གྲ་འདི་སྒེར་བདག་ཡིན་པར་མ་ཟད་མིགཅིག་ཁྱིམ་གཅིག་ལྟ་བུའི་བཟོ་གྲ་ཡིན་པ་དེ་རེད། མི་གཅིག་ཁྱིམ་གཅིག་ལྟ་བུའི་བཟོ་གྲ་ཡིན་པ་ལ་བརྟེན་ནས། འདི་ལ་མ་བཤེར་བདག་པོ་གཅིག་ལས་མེད་པ་དང་མ་རྩ་འཇོག་མཁན་ཡང་མང་པོ་མ་བྱུང་བ་དེ་རེད། ད་ཕན་བཟོ་གྲ་འདིས་རང་འཚོ་ཐུབ་ཙམ་དང་རྒན་རྒོན་ཚོའི་ལྟོ་རྒྱབ་ཕུད་ཙམ་གྱི་དམིགས་ཡུལ་ལས་བཟོ་གྲའི་ཐོན་སྐྱེད་ཡར་རྒྱས་བཏང་སྟེ་ཁྲོམ་རའི་མ་དངུལ་ཆེ་རུ་གཏོང་བ་དང་ཁྲོམ་རའི་རྒྱ་ཁྱོན་ཆེ་རུ་གཏོང་བ། མ་བཤེར་བདག་པོ་མང་ཙམ་འཚོལ་བ། ཁྲོམ་ར་གསར་འཛུགས་ཀྱི་ལས་གཞི་སོགས་མ་བསྐྲུན་པ་དེ་རྐྱེན་གཙོ་བོ་ཆགས་ཡོད། གོང་གི་ལས་གཞི་འདི་དག་མ་བཙུགས་པ་ཡིན་ཙང་། ཁྲོམ་རའི་རྒྱ་ཆུང་བ་དང་ཐོན་སྐྱེད་ཀྱི་གྲངས་ཉུང་བ། ཁེ་ཕོགས་ཀྱི་འབོར་ཆུང་བ་བཅས་བྱུང་བ་རེད། རྒྱུ་རྐྱེན་འདི་དག་ལ་བརྟེན་ནས་རང་བཞིན་གྱིས་ལས་བྱེད་ཉུང་དུ་ཕྱིན་པ་རེད།

    དེ་ནས་བཟོ་གྲའི་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས་ཀྱིས། རྒན་རྒོན་ཚོ་འདི་ལྟར་རྫོགས་འགྲོ་གི་ཡོད་སྟབས། གཞོན་སྐྱེས་ཚོས་རྒྱུད་འཛིན་མ་བྱས་ན། ཆེ་ས་ནས་བོད་པའི་རིག་གཞུང་ཞིག་གི་འཐུས་ཤོར་དང་། ཆུང་ས་ནས་བཟོ་གྲ་ཁོ་རང་ཉམས་རྒུད་དུ་འགྲོ་བའི་དཀའ་ངལ་མང་པོ་ཞིག་ཀྱང་འཕྲད་ཡོང་གི་འདུག་གསུངས་བའི་ཐད། རྒྱུན་འཛིན་ཟེར་བ་འདིའི་ཐད་ངེད་ལ་བསམ་ཚུལ་འགའ་ཡོད། བཟོ་གྲ་འདི་རྒྱ་ཆེ་ན་ཆུང་ན་དཔལ་འབྱོར་ཁེ་གཉེར་གྱི་ལས་རིགས་ཤིག་རེད་མ་གཏོགས་ཁེ་མེད་ཚོགས་པ་ལྟ་བུ་ཞིག་མ་རེད།་ ཁེ་གཉེར་ལས་རིགས་ཤིག་ཡིན་པའི་རྗེས་ལ། རྒྱུན་འཛིན་གལ་ཆེན་མ་རེད་ཞེས་ཞུ་མི་ཐུབ་ཀྱང་། གཙོ་བོ་གསར་གཏོད་དང་བཟོ་ཚོང་གི་ཐོན་སྐྱེད་ཀྱི་སྤུས་ཀ་ཡར་རྒྱས་གཏོང་དགོས། གསར་གཏོད་དང་བཟོ་ཚོང་གི་སྤུས་ཀ་ཡར་རྒྱས་གཏོང་བ་ལ་ལས་བཟོ་བ་རྣམས་ཀྱི་ལག་རྩལ་ཡར་རྒྱས་གཏོང་དགོས། བཟོ་ལས་ཀྱི་སྒྲོམ་དེ་བོད་ཀྱི་སྲོལ་རྒྱུན་བཟོ་རིགས་ཡིན་པ་གང་ཞིག་ལ། ལས་བཟོ་བ་རྣམས་ཀྱིས་དེང་རབས་བཟོ་བསྐྲུན་གྱི་ཐབས་རྩལ་རྣམས་བེད་སྤྱོད་གཏོང་ཐུབ་དགོས་། ལས་བཟོ་བའི་ལག་རྩལ་ཡར་རྒྱས་སུ་ཕྱིན་ན། ཐོན་དངོས་ཀྱི་སྤུས་ཚད་གོང་མཐོར་འགྲོ་ཐུབ་པ་མ་ཟད་ཅ་དངོས་ཀྱི་ཐོན་འབོར་ཡང་་མང་དུ་འགྲོ་གི་རེད། འདི་ལྟར་ཕྱིན་པ་ཡིན་ན་མངགས་ཉོའི་རྗེས་མ་ཟིན་པའི་དཀའ་ངལ་དེ་ཡང་རིན་བཞིན་སེལ་འགྲོ་གི་རེད།
    ཐོན་དངོས་ཀྱི་སྤུས་ཚད་གོང་མཐོར་སོང་བ་དང་བསྟུན་ནས་ཁྲོམ་རའི་ཐོག་རིན་གོང་སྤར་བ་་ཡིན་ན། ད་གཟོད་བཟོ་གྲ་འདི་རང་འཚོ་ཙམ་མ་ཡིན་པར་ཁེ་གཉེར་བཟོ་གྲ་ཡག་པོ་ཞིག་ཆགས་ཐུབ་ཀྱི་རེད་སྙམ།
    དེ་ནས། ངེད་ཀྱི་བསམ་པར་བཟོ་གྲ་འདི་རང་འཚོ་ཙམ་མ་ཡིན་པར་རྡོར་གླིང་བོད་མིའི་འཚོ་གནས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་བསྐྲུན་ཐུབ་མཁན་ཞིག་ཏུ་བསྒྱུར་རྒྱུ་ཧ་ཅང་ནས་གལ་ཆེན་ཆགས་འདུག
    དང་པོ། ལས་བཟོ་བ་རྒན་པ་རྣམས་ལས་འཁྱུར་ངལ་གསོ་བྱེད་འཇུག་དགོས་བ་མ་ཟད་གཞོན་སྐྱེས་ལས་བཟོ་བ་མང་ཙམ་བསྡུས་དེ་བཟོ་ཚོང་གི་སྤུས་ཀ་ཡར་རྒྱས་དང་ཁྲོམ་རའི་རྒྱ་ཁྱོན་ཆེ་རུ་གཏོང་དགོས། དེ་དང་དུས་མཚུངས་ལས་བཟོ་བའི་གླ་ཕོགས་ཀྱང་ཇེ་མཐོར་གཏོང་དགོས།
    གཉིས་པ། བཟོ་གྲར་འདི་མ་བཤེར་བདག་པོ་གཅིག་ལྟ་བུའི་དབང་འཛིན་གྱི་འོག་ལ་མ་ཕྱིན་པར་མ་རྩ་འཛུགས་མཁན་དང་མ་བཤེར་བདག་པོ་མང་དུ་གཏོང་དགོས།
    གསུམ་པ། བཟོ་གྲའི་ལོ་རེའི་ཡོང་སྒོ་ནས་ལས་བཟོ་བའི་གླ་ཕོགས་དང་ཐོན་སྐྱེད་ཀྱི་འགྲོ་སོང་སོགས་ཕར་ཕུལ་ཁེ་བཟང་ལྷག་མ་གང་བྱུང་བ་དེས་རྒན་རྒོན་རྣམས་ལ་ལྟོ་གོས་རིན་མེད་དུ་སྦྱོར་དགོས།
    བཞི། འདི་ལྟར་བྱུང་བ་ཡིན་ན། བཟོ་གྲ་འདིའི་ཐོག་མའི་དམིགས་ཡུལ་འགྲུབ་པ་མ་ཟད་དགུང་ལོ་དྲུག་ཅུ་བདུན་ཅུ་ལོན་པའི་རྒན་རྒོན་རྣམས་ཀྱིས་ཚེ་མཇུག་དེ་ཡང་བཟོ་གྲའི་ནང་དུ་སྐྱེལ་མ་དགོས་བར་དགེ་བའི་ཆོས་ལ་གཏོང་ཐུབ་བའི་རེ་བ་ཡོད། གཞོན་སྐྱེས་ལས་མེད་རྣམས་ཀྱི་དཀའ་ངལ་དེ་ཡང་ཞོར་ལ་སེལ་ཐུབ་ཀྱི་རེད།
    ལྔ་། བཟོ་གྲ་འདི་རང་འཚོ་ཡིན་ལབ་ནས་བོད་རིགས་རྒན་རྒོན་འགའ་་བེད་སྤྱད་དེ་བོད་པའི་ནང་མི་རེ་གཉིས་ཀྱི་ཁེ་བཟང་ལེན་ས་ཞིག་མི་བྱེད་རྒྱུ་ནི་ཧ་ཅང་ནས་གལ་ཆེ།

    ལྔ་། ལག་ཤེས་སློབ་ས་དང་བཟོ་གྲ་གཉིས་ལོགས་སུ་ཕྱེ་ཐུབ་ན་ཕུགས་ལ་ཕན། ལག་ཤེེས་སློབ་ཞོར་དང་བཟོ་ལས་བྱེད་ཞོར་བྱས་བ་ཡིན་ན་འཐུས་ཤོས་ཀྱི་ཆ་ཧ་ཅང་མང་པ་སྨྲས་མེད་ཡིན།
    གནས་སྐབས་ལ་དེ་ཙམ་ཞུ།

    Reply
  5. གངས་ཕྲུག says:
    ལོ་ 16 སྔོན།

    ང་ལ་བཟོ་གྲྭ་དེའི་གནས་སྟངས་གང་འཚམས་ཤིག་ཆ་རྒྱུས་ཡོད། ཚེ་བརྟན་རྡོ་རྗེ་ནི་བཟོ་གྲྭའི་ནང་རྒན་བདག་ལགས་ཞེས་འབོད་ཀྱིན་ཡོད། ཁོ་པ་ནི་སྲས་སྐུ་ཞབས་ལ་སྤྲེལ་ལད་འཁྲབ་མཁས་ཤིང་མི་མང་ཉམས་ཆུང་ལ་ཐུབ་ཚོད་གཏོང་མཁན་ཞིག་རེད། ངས་འདིར་གསལ་བཤད་བྱེད་དགོས་པ་ཞིག་ལ་ཁོ་པས་བཟོ་གྲྭ་དང་དེའི་མི་མང་ལ་བྱེད་སྟངས་འཐེར་འདོན་བྱས་པ་ལས་སྒེར་ནད་སྤྱི་སྤུངས་ཀྱིས་ཁོ་པ་སྒེར་དང་ཁོའི་ནང་མིའི་སྐྱོན་འདོན་གྱི་མེད།
    བུ་ཕྲུག་མང་བས་གསོ་རྒྱུ་དཀའ་ངལ་ཡོད་ན་བཟོ་གྲྭ་དེར་སྒྲིག་ཞུགས་བྱས་རྗེས་བུ་ཕྲུག་རྣམས་རྡོར་གླིང་བོད་གཞུང་གཏན་སློབ་ལ་བཏང་ན་སློབ་ཡོན་ཚང་མ་དེ་ནས་ནར་གཏོང་ཡིན་པས་ཁེ་ཕན་ཆེན་པོ་ཡོད།
    ཁོ་པས་བཤད་པ་ལྟར་བཟོ་གྲྭ་དེར་ལས་ཀ་བྱེད་མཁན་བརྒྱ་ཆ་ ༩༠ རྒན་རྒོན་ཡིན་ཞིང་དེ་ཡང་ཁོས་བཤད་པའི་ལོ་༦༠/༧༠ལས་ལྷག་པ་༧༠/༨༠ ནང་ཕེབས་པ་རྐྱང་ཡིན། ཁོང་རྣམས་ནི་ལོ་དུ་མར་བཟོ་གྲྭ་དེའི་ཆེད་ལྷག་བསམ་གཡོ་མེད་ངང་ཞོག་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་དཀའ་ངལ་ཁྱད་བཟོད་བྱས་དང་བྱེད་བཞིན་ཡོད། ཁོང་ཚོཁ་ཤས་ཀྱི་བཞུགས་ཁང་ནི་ཉལ་ཁང་དང་ཐབ་ཚང་གཅིག་ལྕོགས་ཡིན་པས་ཤིན་ཏུ་གུ་དོག་ལ་ད་དུང་གཉེན་ཉེ་ངོ་ཤེས་དང་བུ་ཚ་རྣམས་ཞག་གཉིས་ལས་མང་བ་ཞག་སྡོད་བྱེད་དགོས་ཚེ་ཁང་གླ་སྤྲོད་དགོས། སྔོན་མ་གློག་རིན་སྤྲོད་མི་དགོས་ཀྱང་དགོང་མོ་ཆུ་ཚོད་དགུ་བ་ནས་གློག་བསད་ཚར་བ་བྱེད་དགོས། དེང་སང་ཁང་པ་རེ་རེའི་སྒོ་འགྲམ་དུ་མི་ཊར་བཙུགས་ཏེ་གློག་རིན་སོ་སོས་འཇལ་དགོས་པ་བཟོས་འདུག
    ཁོང་ཚོའི་གླ་ཆ་དམའ་ཤོས་ལ་སྒོར་༥༠༠ ཡིན་ཟེར་བ་རྦད་དེ་སྐྱག་རྫུན་རེད། སྒོར་༥༠/༡༠༠-༢༠༠/༣༠༠ བླངས་མཁན་ཡང་ཡོད། འོན་ཀྱང་ཇ་དུས་གསུམ་དང་ཁ་ལག་སྐམ་ལྟོ་༼འབྲས་དང་གྲོ་ཞིབ་༽དུས་གཅིག་སྤྲད་ཀྱི་ཡོད།ཁོང་ཚོའི་ལྟོ་ཕོགས་ཆེ་ཆུང་ནི་ཁོང་ཚོའི་སྐུ་གཟུགས་བདེ་ཐང་ཡིན་མིན་ལ་རག་ལུས་ཡོད། བསྙུན་ནས་ལས་མ་ཐུབ་ན་གླ་ཆ་ཡང་མེད་པ་རེད། དེའི་རྐྱེན་གྱིས་རྒན་རྒོན་ལོ་ ༨༠ སོན་ན་ཡང་ལུས་འཁར་བ་ལ་བརྟེན་ནས་ལས་གྲྭར་ཕེབས་མཁན་མང་པོ་ཡོད།
    ད་དུང་ཁོང་རྣམས་གཉེན་ཉེ་བུ་ཚ་ཐུག་འཕྲད་ཆེད་དགུང་གསེང་དུ་ཕེབས་དགོས་ན་གླ་རེག་རྒྱུ་ཕར་ཟད། ཉིན་རེར་སྒོར་༡༠་རེ་ཆད་བསྒྲུབ་དགོས།
    དེར་མ་ཟད་ལས་འཕར་ཞེས་མཚམས་རེར་ས་རྡོ་དབོར་འདྲེན་དགོས་པ་དེ་དག་ལ་མ་ཞུགས་ཚེ་ཆད་སྒོར་༡༠་རེ་འཇལ་དགོས། བཟོ་གྲྭའི་ལོ་རེའི་ཡོང་འབབ་ཇི་ཙམ་ཡིན་པ་ལས་མི་ཚོས་ཤེས་ཀྱི་མེད་ནའང་ཡོང་འབབ་ཇི་བཞིན་ཐོབ་ཐང་མེད་པ་ཀུན་གྱིས་ཤེས་ཀྱི་ཡོད་པ་རེད། འོན་ཀྱང་ཁ་གྲགས་ན་ཕྱིར་བསྐྲད་དྭོགས་ཀྱིས་ཚང་མ་ཁ་བཙུམས་ནས་སྡོད་ཀྱི་ཡོད། ན་གཞོན་མེད་པའི་རྒྱུ་མཚན་གཅིག་དེ་རེད། ན་གཞོན་ཚོས་ཁ་ལན་སློག་ནས་རྒྱུགས་ཟེར་ན་ཐོན་འགྲོ་གི་ཡོད། འོན་ཀྱང་ན་རྒས་རྫི་བརྡིབས་པ་རྣམས་རྒྱུགས་ཟེར་ན་ག་པར་འགྲོ་དགོས་རེད། བཟོ་གྲྭ་དེར་ན་གཞོན་མ་ཡོང་བ་མ་རེད། དེར་ཕྱིན་ནས་ལས་ཀ་དང་ཡོང་སྒོ་མགོ་མི་མཐུན་ཞིང་རྒན་བདག་ལགས་ཀྱི་བརྙས་བཅོས་བཏང་དྲག་ནས་འདུག་མི་ཚུགས་པ་ཆགས་ཀྱི་ཡོད། དེ་འདྲའི་ཁོར་ཡུག་ཅིག་གི་ནང་ན་གཞོན་དཔུང་ཁག་འཚོ་བ་བསྐྱལ་ཁག་པོ་རེད། ད་དུང་མང་པོ་འབྲི་རྒྱུ་ཡོད་ཀྱང་ལབ་ཉོག་མང་ན་ནང་དོན་སྟོར་བའི་ཉེན་ཁ་འདུག་སྟབས་རེ་ཞིག་མཚམས་འཇོག་རྒྱུ་ཡིན། འབྲོག་རུ་ལགས་ནས་བཟོ་གྲྭ་དེར་ཕེབས་ནས་བཟོ་གྲྭའི་མི་མང་གི་འཚོ་བ་དངོས་དེ་ཇི་ཡིན་ཐུགས་ཞིབ་གནང་ནས་གནས་ཚུལ་ཞིག་སྤེལ་བའི་རེ་བ་ཞུ་རྒྱུ་ཡིན།
    གོང་འཁོད་རྣམས་ “རྡོར་གླིང་བོད་མིའི་རང་འཚོ་བཟོ་གྲྭ་གླེང་བ།”ཞེས་པ་བཀླགས་རྗེས་རང་གི་བློ་ལ་གང་དྲན་གང་ཤར་དངོས་ཡོད་གནས་ཚུལ་རྣམས་ཤར་མར་བྲིས་པ་ལས་ཚིག་གི་སྦྱོར་སྡེབ་དང་གནས་ཚུལ་གོ་རིམ་ལ་རྩོལ་བ་བསྟེན་མེད་པས་ནོངས་པ་མཆིས་ཚེ་ཀློག་པ་པོ་རྣམས་ལ་དགོངས་འགལ་མེད་པ་ཞེས་ཞུ་རྒྱུ་ཡིན།

    Reply
  6. རྭ་ལོ། says:
    ལོ་ 16 སྔོན།

    འབྲོག་རུ་ཆོས་གྲགས་ལགས། བཟོ་གྲྭ་འདི་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཚང་གི་བཞུགས་ཤག་དང་ཆིབས་རྟ་འཇོག་ས་གཉིས་ཀ་རེད་དམ་དེའི་ནང་གི་གཅིག་རེད། སྤྱིར་བཏང་ཤེས་འདོད་ཙམ་གྱིས་དྲིས་པ་ཡིན་སྟབས་འདི་གསལ་བོ་ཞིག་བཟོ་རོགས་ཞེས་ཞུ་བ་ཞིག་འཐེན་དགོས་བྱུང་། གཉིས་ནས། བཟོ་གྲྭ་འདི་ད་སྐབས་མདོ་སྨད་སྤྱི་འཐུས་བསྟན་འཛིན་མཁས་གྲུབ་ལགས་ཀྱིས་འཇུས་ཡོད་པ་མ་རེད་དམ། ལོ་ཤས་གོང་ངའི་རོགས་པ་ཞིག་བོད་མིའི་གནས་བབ་གསར་ཤོག་གི་ལས་ཀ་བྱེད་པར་སྙན་ཞུ་བརྒྱབས་འདུག་ཀྱང་། བསྟན་འཛིན་མཁས་གྲུབ་ལགས་ཀྱིས་དམིགས་བསལ་གླ་ཆ་ ༡༥༠༠ ལས་སྤྲོད་ཐུབ་ཀྱི་མི་འདུག་ཅེས་ལབ་པར་བསྟེན་ཁོ་སོང་མི་འདུག རྗེས་ཕྱོགས་དཀའ་རྙོག་གི་སྐོར་ནས་གནས་ཚུལ་འགོད་རྒྱུ་ཡིན་ན་དེའི་རྒྱབ་ལྗོངས་ལ་སྔོན་ནས་ཏོག་ཙམ་དོ་སྣང་གནང་རོགས་ཞེས་རེ་སྐུལ་ཙམ་ཞུས་པ་ཡིན།

    Reply
  7. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    རྒད་པོའི་སེམས་ཀྱི་སྐད་ཆ་འབྲོག་རུ་ཆོས་གྲགས་ལགས་ཀྱིས་འདི་རུ་འཁུར་ནས་ཡོང་བ་དངོས་ནས་ཐུགས་རྗེ་ཆེ། སྐད་ཆ་དངོས་ནས་གནད་འགག་ཆེན་པོ་འདུག ཡིན་ཡང་། བཙན་བྱོལ་ནང་གི་གཞོན་སྐྱེས་དག་གིས་དཀའ་ལས་རྒྱག་འདོད་མེད་པ་ཡིན་ནམ། དཀའ་ལས་རྒྱག་ཤེས་ཀྱི་མེད་པ་ཡིན། ཡང་ན་ལས་ཀ་བྱེད་ས་ཞིག་མ་རེག་པ་རེད། རེག་ཀྱང་ལས་འདོད་མེད་པ་རེད་སོགས་བསམ་བློ་མང་བོ་ཞིག་འཁོར་ཏུ་བཅུགས་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese