མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་བཙན། བོད་མིའི་རྨི་ལམ། ༼༢༽

བོད་ཀྱི་དུས་བབ།
༢༠༠༩/༠༩/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཚོ་ཁྲང་ཆེན་གྱིས་བརྩམས། དོན་གོས་སྒྱུར།

ཅ༽རང་བཙན་དང་རང་ཐག་རང་གཅོད་ནི་འཛམ་གླིང་གི་འཕེལ་ཕྱོགས་ཤིག་རེད།
ལྗེའུ་མི་རིགས་ཀྱི་རྒྱལ་ཁབ་སླར་གསོ་བྱུང་བའི་བྱ་བཞག་དེ་དམིགས་བསལ་གྱི་དཔེ་མཚོན་ཅིག་རེད་ལ། ཁོང་ཚོ་ད་ལྟའི་བོད་མི་རིགས་ལྟར་རང་ཁྱིམ་ཡོད་པ་དེ་འདྲ་ཞིག་མིན་པར། ཁོང་ཚོ་འཛམ་གླིང་ཡུལ་གྲུ་གང་སར་འཁྱམས་ཤིང་གནས་དགོས་བྱུང་ཡོད་པ་རེད། ཡིན་ནའང་།  ཁོང་ཚོས་མི་ལོ་དུ་མའི་རིང་དུ་དུས་ནམ་ཡང་རང་ཉིད་ཀྱི་རྨི་ལམ་མངོན་འགྱུར་བྱ་ཆེད་འབད་བརྩོན་ལྷོད་མེད་བྱས་ཤིང། ལོ་ངོ་དུ་མའི་རིང་གི་དཀའ་སྤྱད་འབད་བརྩོན་དང་ཟུངས་ཁྲག་དང་འདྲེས་པའི་བློས་གཏོང་གི་འཐབ་རྩོད་ལས་མཐའ་མར་རྒྱལ་ཁབ་སླར་གསོ་བྱུང་བ་མ་ཟད། ཨི་སི་རིལ་རང་བཙན་གྱི་རྒྱལ་ཁབ་དེ་ཉིད་གསར་འཛུགས་བྱ་ཐུབ་ཡོད་པ་རེད། དེ་ལྟ་ནའང་། རྒྱལ་ཁབ་གསར་འཛུགས་ཀྱི་ཉིན་མོ་དེར་མཐའ་མཚམས་ཀྱི་ལེ་བྷེ་ཡ་རྒྱལ་ཁབ་ལྔའི་མཉམ་འབྲེལ་གྱིས་བཙན་འཛུལ་བྱས་ཏེ་ཁོང་ཚོའི་འཚོ་གནས་ལ་བར་ཆད་གང་མང་བཟོས་ཡོད་ལ།  སྐབས་དེའི་བཙན་འཛུལ་བྱེད་མཁན་གྱི་རྒྱལ་ཁབ་ལྔ་ལ་མི་གྲངས་ཁྲི་ ༤༠༠༠ ཡོད་པ་དང་ཨི་སི་རིལ་རྒྱལ་ཁབ་ལ་མི་གྲངས་ཁྲི་ ༦༠ ལས་མེད། སྐབས་དེར་ཁོང་ཚོའི་རྒྱལ་ཁབ་སླར་གསོ་ཁྱབ་བསྒྲགས་ཀྱི་ཉིན་མོ་ཡིན་པ་དང་ཚད་ལྡན་གྱི་དམག་མིའི་གྲ་སྒྲིག་ཅི་ཡང་མེད་པའི་དུས་སྐབས་དེར་ཉེན་ཁ་མིག་རྩར་སླེབས་པ་རེད།  འོན་ཀྱང། སྐབས་དེ་དུས་ཀྱང་ཨི་སི་རིལ་གྱི་མིས་རྒྱལ་ཁབ་གསར་འཛུགས་ཏེ་སྲིད་མི་སྲིད་པ་ཞིག་ཡིན་པའི་བསམ་བློ་འཁོར་མེད་པར། ཁོང་ཚོས་རྒྱལ་ཁབ་གསར་འཛུགས་ཏེ་བྱེད་འོས་དང་མི་འོས་ཀྱི་བསམ་བློ་བཏང་ཡོད་པ་དང་། མཇུག་མཐར་རང་ཉིད་ཀྱི་ཁྱིམ་གཞི་བརྟན་སྲུང་བྱ་རྒྱུའི་ལམ་ཁ་གདམ་གསེས་བྱས་ནས་འབངས་མི་ཡོངས་ཀྱི་དཀའ་བ་རྒྱབ་ཏུ་བསྐྱུར་ཏེ་བཙན་འཛུལ་རྒྱལ་ཁབ་དེ་དག་ལ་འཐབ་རྩོད་བྱས་མཐར་རང་ཉིད་ཀྱི་རྒྱལ་ཁབ་གསར་འཛུགས་བྱ་ཐུབ་ཡོད་པ་རེད།
དེ་བཞིན། ཉེ་བའི་དུས་སུ་རང་བཙན་ཐོབ་པའི་ཁྲེ་མོར་ལེའེ་སི Timor_leste རྒྱལ་ཁབ་ཀྱང་ནུབ་ཕྱོགས་ལུགས་ཀྱི་འོས་དང་མི་འོས་རྒྱུན་འཁྱོངས་བྱས་མཐར་རང་བཙན་ཐོབ་ཡོད་པ་རེད།  ཁྲེ་མོར་ལེའི་སི་རྒྱལ་ཁབ་ལ་མི་གྲངས་ཁྲི་ ༨༠ ཡོད་ལ། དེ་ཡང་ཨིན་ཌུ་་ནི་ཤེ་ཡའི་མི་གྲངས་ཀྱི་བརྒྱ་ཆའི་ ༠༌༥ མ་ཟིན་ཙམ་རེད། གལ་སྲིད། སོ་ཧཱ་ཁྲོར་དམག་དོན་སྲིད་དབང་ suhartor’s military  གི་སྒེར་གཅོད་ཀྱི་མི་ལོ་སུམ་ཅུའི་ཁྲོད་ཁོང་ཚོས་” སྲིད་དང་མི་སྲིད” ཀྱི་བསམ་བློའི་ཁ་ཕྱོགས་ལྟར་ཆས་ཡོད་ཚེ་ཁོང་ཚོར་རང་བཙན་ཐོབ་མི་སྲིད་ཀྱང་། མཐའ་མར་ཁོང་ཚོར་རང་བཙན་ཐོབ་ཡོད། དེ་ནི་ཁོང་ཚོའི་དབུ་ཁྲིད་དང་མི་མང་གིས་དུས་ནམ་ཡང་རང་ཉིད་ཀྱི་འདུ་ཤེས་དང་རྩ་དོན་རྒྱུན་འཁྱོངས་བྱས་པའི་འབྲས་བུ་ཉག་གཅིག་ལ་བརྟེན་ནས་བྱུང་བ་ལས། ཐབས་ཤེས་ཡོད་ཚད་ཐབས་དགུ་རྩལ་སྤྲུགས་དང་སྲེག་བཅད་བརྡར་གསུམ་གྱི་བཀོལ་སྤྱོད་ལས་བྱུང་བའི་འོས་དང་མི་འོས་པའི་འབྲས་བུ་ཞིག་གཏན་ནས་མ་རེད། དེ་མཚུངས་ཁོ་སོ་ཝོ་ kosovo ཡང་གཅིགས་མཚུངས་ཡིན་ལ། སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་གཅིག་དང་།  (དེ་སྔོན་གྱི་སེ་ཝེ་ཡཱ serbia འི་མངའ་སྡེ་ཞིག) མི་འབོར་ཁྲི་ ༢༠༠ ལས་མེད་ཅིང་སེ་ཝེ་ཡའི་ལྔ་ཆའི་གཅིག་མ་ཟིན་ཙམ་གྱི་མི་གྲངས་ལས་མེད་ནའང་། ལོ་ངོ་དུ་མའི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་རང་བཙན་ཐོབ་ཅིང་ཁོང་ཚོའི་རྨི་ལམ་མངོན་འགྱུར་བྱུང་ཡོད་ལ། ཟླ་སྔོན་མ་ནས་བཟུང་འཛམ་གླིང་རྒྱལ་ཁབ་ ༦༢ ཡིས་ཕྱི་འབྲེལ་ལ་ངོས་ལེན་བྱས་ཡོད་པ་རེད། ཆེས་ཐོག་མའི་དུས་སྐབས་དེར་ཁོང་ཚོས་ཀྱང་དཀའ་བ་གང་མང་ཞིག་མྱངས་ཡོད་པ་དང་མི་མང་པོ་ཞིག་གིས་དེ་ཡང་”མི་སྲིད་པ” ཞིག་ཡིན་པའི་བསམ་བློ་འཁོར་ཡོད།
མཉམ་འབྲེལ་རྒྱལ་ཚོགས་ཐོག་མའི་གསར་འཛུགས་ཀྱི་དུས་སྐབས་སུ། འཛམ་གླིང་གི་རྒྱལ་ཁབ་ ༥༠ ལས་མེད་ཀྱང་ད་ལྟ་རྒྱལ་ཁབ་ ༢༠༠ ཡོད་པ་དང་།  སྔོན་མ་ལས་ལྡབ་བཞིའི་འཕར་སྣོན་བྱུང་ཡོད་པ་རེད།   འདི་ལས་རང་བཙན་དང་ཁ་བྲལ། མི་རིགས་རང་ཐག་རང་གཅོད་ནི་འཛམ་གླིང་གི་འཕེལ་ཕྱོགས་ཤིག་ཡིན་པ་གསལ་བཤད་བྱས་ཡོད་ལ།  གཙོ་ཆེ་བ་ནི། མི་རིགས་དེ་དག་གི་འགྱུར་མེད་ཀྱི་བརྩོན་སེམས་དང་ཆོད་སེམས་ལ་རག་ལས་ཡོད་པ་མ་ཟད། དབུ་ཁྲིད་དེ་དག་རང་གི་རྒྱལ་ཁབ་ཀྱི་མདུན་ལམ་ལ་ངེས་ཤེས་གསལ་མིན་དང་ཆོད་སེམས་བརྟན་མིན་ལ་རག་ལས་ཡོད་པ་རེད།
ཆ༽བཙན་བྱོལ་པས་དེ་ནི་སྐྱེས་བུ་དམ་པའི་ནོར་འཁྲུལ་རེད་ཟེར།
ད་ལྟའི་དུས་འདིར་རྒྱ་གཞུང་ལ་དམངས་གཙོདང་མིང་དོན་མཚུངས་བའི་རང་སྐྱོང་གང་རུང་གི་དགོས་འདུན་འདོན་བཞིན་པ་དེ་དག་གི་རེ་འདོད་འགྲུབ་རྒྱུ་དེ་གཏན་ནས་མི་སྲིད་པ་ཞིག་རེད་ལ། རྒྱ་ནག་གི་ཁྲིམས་ལུགས་ཀྱི་ཐད་ལ་རེ་འདོད་དང་ཐབས་ཇུས་གང་ཡོད་བཏོན་ཡང་དེ་ལ་མཇུག་འབྲས་ཤིག་ཡོད་མི་སྲིད། རྒྱུ་མཚན་ནི། གུང་ཁྲན་ཏང་གིས་ད་ལྟའི་བར་རང་ཉིད་ཀྱི་རྩ་ཁྲིམས་གཞིར་བཞག་ཐོག་བྱ་བ་ལག་བསྟར་བྱས་མེད། རྩ་ཁྲིམས་ནི་མེ་ཏོག་གི་རྫ་བུམ་ལྟ་བུ་ཞིག་ཡིན་ནའང་། ཁྱེད་ཀྱིས་དེ་ལས་མེ་ཏོག་སྐྱེས་བའི་རེ་བ་བྱེད་བཞིན་པ་ནི་ཁྱེད་ཀྱི་་ནོར་འཁྲུལ་ཞིག་རེད།
ད་ལྟའི་དུས་འདིར་བཙན་བྱོལ་བོད་གཞུང་གིས་ངེས་པར་དུ་སྒྲུབ་དགོས་པ་ནི། དངོས་ཡོད་གསལ་རྟོགས་དང་བདེན་པར་བརྩི་བཀུར་བྱ་རྒྱུ་དེ་རེད། འདིའི་དངོས་ཡོད་ཅེས་པ་ནི། རྒྱ་ནག་གཞུང་གིས་གང་འདྲ་བྱས་ཀྱང་བོད་མི་མང་ལ་ཆེས་མཐོའི་རང་སྲིད་རང་སྐྱོང་སྤྲོད་མི་སྲིད་པ་དེ་རེད། དེ་ནི་སྒེར་གཅོད་པས་རང་གཤིས་ཐོག་ཐག་གཅོད་བྱས་ཟིན་སྟབས།  བོད་མི་མང་གིས་ཇི་ལྟར་བཟོད་སྒོམ་དང་མཐུན་ཐབས། མགོ་སྒུར་བ་དང་རེ་སྐུལ་ཞུས་པ་སོགས་ཅི་འདྲ་བྱས་ཀྱང་ཕན་འབྲས་ཅི་ཡང་མེད། དམིགས་བསལ་མ་ཡིན་པའི་དཔེ་མཚོན་ཞིག་ནི། ཏཱ་ལའི་བླ་མས་ལྷག་བསམ་རྣམ་དག་གིས་བོད་རང་བཙན་དོར་ཞིང་། ཁོང་རང་གིས་ཐེངས་བརྒྱ་ཕྲག་མང་པོར་ནུབ་ཕྱོགས་ནས་ཁོང་གི་དགོངས་ཚུལ་གསལ་བོར་འགྲེལ་བརྗོད་གནང་ཡོད་པ་མ་ཟད། ཁོང་གི་སྐུ་ཚབ་བརྒྱུད་ཐེངས་མང་པོར་ཐད་ཀར་པེ་ཅིན་གཞུང་ལ་འགྲེལ་བཤད་གསལ་བོར་གནང་ཡོད།  ཡིན་ནའང། རྒྱ་ནག་གཞུང་གིས། དུས་ནམ་ཡང་བོད་རང་བཙན་གྱི་ཞྭ་མོ་ཏཱ་ལའི་བླ་མའི་མགོར་གཡོགས་ཀྱིན་པ་མ་ཟད། བརྒྱུད་ལམ་ལ་སྟངས་འཛིན་བྱས་ཏེ་ཆེད་དུ་འདིའི་སྐོར་དྲིལ་བསྒྲགས་བྱས་ཤིང་། མི་གྲངས་དུང་ཕྱུར་བཅུ་གསུམ་ཡོད་པའི་རྒྱ་ནག་མི་མང་གི་སེམས་ངོར་ཏཱ་ལའི་བླ་མ་ནི་རྒྱལ་ཁབ་ཁ་བྲལ་གྱི་གཏེ་བོ་ཞིག་གི་སྣང་བརྙན་བསྐྲུན་ཏེ་ཁོང་ལ་ཁོང་ཁྲོ་དང་ན་ཟུག་བཟོ་བཞིན་ཡོད་པ་རེད། ཀྲུང་གུང་ལ་ཁ་གཏད་པའི་ཡུལ་གྱར་སྲིད་གཞུང་ལ་མཚོན་ན། ཁྱེད་ཀྱིས་ཁོང་ཚོ་སྐྱེས་བུ་དམ་པ་ཞིག་གི་ཚུལ་དུ་བཟུང་སྟེ་གནས་ལུགས་བརྗོད་པ་དེ་ཀྲུང་གོའི་ནོར་འཁྲུལ་མ་ཡིན་པར། ཁྱེད་རང་གི་ནོར་འཁྲུལ་རེད། ཁོང་ཚོས་གསལ་རྟོགས་ཡོད་པའི་སྒོ་ནས་སྒེར་གཅོད་པའི་རྩ་དོན་དང་གཞུང་ལུགས་ཐོག་ལག་ལེན་བྱེད་ཀྱིན་ཡོད་པ་རེད། ཡིན་ནའང་། ཁྱེད་ལ་རྩ་དོན་མེད་ཅིང་འདུ་ཤེས་ཀྱང་མི་གསལ་སྟབས། གཞན་དང་འཐབ་རྩོད་ལས་རྒྱལ་བ་ནི་མི་སྲིད་པ་ཞིག་རེད།
ཇ༽ བོད་ཀྱི་”དངོས་ཡོད་གནས་ཚུལ་གཉིས་” བརྒྱུད་སྒྲོག
ལོ་འདིར་ཏཱ་ལའི་བླ་མ་དགུང་ལོ་ ༧༤ ཡིན།  ཁོང་ཉིད་ཏཱ་ལའི་བླ་མའི་ལོ་རྒྱུས་ཐོག་སྐུ་ཚེ་ཆེས་རིང་ཞིང་།  (ཏཱ་ལའི་བླ་མའི་སྐུ་ཕྲེང་གཞན་མང་ཆེ་བ་དགུང་ལོ་ ༥༠ མ་སོན་པར་མྱ་ངན་ལས་འདས) མཛད་འཕྲིན་འཛམ་གླིང་ལ་རྒྱས་ཤིང་འཛམ་གླིང་མི་མང་གིས་ཆེས་དགའ་མོས་བྱེད་སའི་དབུ་ཁྲིད་ཅིག་ཏུ་གྱུར་ཡོད།  ཁོང་གིས་འདས་པའི་མི་ལོ་ ༢༠ རིང་ཀྲུང་གོའི་སྲིད་གཞུང་དང་འབྲེལ་མོལ་བྱས་པའི་”དབུ་མའི་ལམ་”ལ་གྲུབ་འབྲས་བྱུང་མེད་སྟབས། (མ་འོངས་པར་འབྱུང་མི་སྲིད་པ་ལྡོག་མེད་ཀྱི་ཆོས་ཉིད་ཅིག་རེད།) ངེས་པར་དུ་ཐབས་ཇུས་ལ་འགྱུར་བ་གཏོང་བའི་བྱ་བཞག་གཙོ་བོར་བཟུང་སྟེ། འཛམ་གླིང་མི་མང་ལ་བོད་འདི་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་དངོས་ཡོད་དང་། བོད་མི་མང་གི་མངོན་འདོད་རང་བཙན་ཡིན་པའི་དངོས་ཡོད་གཉིས་བརྒྱུད་སྒྲོག་བྱ་དགོས། དེ་ལྟ་བྱ་ཐུབ་ཚེ་འཛམ་གླིང་སྟེང་བོད་མི་མང་གི་དངོས་ཡོད་ལ་ལ་རྒྱབ་སྐྱོར་བྱ་མཁན་རིགས་ཀྱི་སྟོབས་ཤུགས་གསོག་འཇོག་བྱེད་ཐུབ་པ་མ་ཟད། བོད་ནང་ཁུལ་གྱི་བོད་མི་མང་པོ་ཞིག་ལ་སྐུལ་སློང་དང་རྟོགས་སད་འབྱུང་ཐུབ་རྒྱུ་རེད། རེ་བ་རྟོགས་སད་བྱུང་བའི་རང་གི་མི་རིགས་ཀྱི་སྟེང་ལ་བཅོལ་བ་ལས། རྒྱ་གཞུང་གི་སྲིད་དབང་སྒེར་གཅོད་དང་སྐྱབས་འོག་ཏུ་འཇུག་པའི་ཐད་ལ་རེ་བ་བཅོལ་མི་རུང། དེ་བཞིན། སྒེར་གཅོད་པའི་སྲིད་དབང་གི་འགྱུར་བ་ལ་རེ་བ་མི་བཅོལ་བར་མི་མང་གི་དངོས་ཡོད་རྟོགས་རྗེས་ཀྱི་སྟོབས་ཤུགས་ལ་ཡོད་ཚད་བཅོལ་དགོས།
ད་ལྟའི་དབུ་མའི་ལམ་གྱི་ལམ་ཁ་འདི་ལྟ་བུ་ལ་འགྲོ་ལམ་མེད་པ་གསལ་བོར་རྟོགས་འོང་གི་འདུག་ལ།  ངེས་པར་དུ་འཛམ་གླིང་མི་མང་ལ་བོད་ཀྱི་དངོས་ཡོད་ཀྱི་གནས་ཚུལ་བརྒྱུད་སྒྲོག་བྱས་ཏེ་ཕན་ནུས་ཐོན་པ་ཞིག་བཟོ་དགོས། དེ་ལྟར་བྱས་ཀྱང་མངོན་གསལ་གྱི་འབྲས་བུ་ཞིག་མ་བྱུང་བ་ཡིན་ན་དངོས་ཡོད་ཀྱི་ལམ་ཁ་ཞིག་ལ་བརྒྱུད་དགོས་པ་མ་ཡིན་ནམ། དངོས་ཡོད་ཀྱི་ལམ་ལ་ཞུགས་པ་ཡིན་ན་མངོན་གསལ་གྱི་གྲུབ་འབྲས་ཤིག་འབྱུང་གི་རེད། དེ་ལྟར་མིན་པར། རྒྱ་ནག་གི་འོས་མེད་འགྲིག་ཐབས་ཀྱི་སྲིད་བྱུས་འོག་རང་ཉིད་ལྷོད་གཡེང་དང་འཐབ་རྩོད་རྒྱ་ཡན། རྒྱ་ནག་སྒེར་གཅོད་པའི་ཁྲིམས་མཐུན་ཡིན་པའི་བློར་འཛིན་སྐྱོར་སྦྱོང་གི་སྣང་ཚུལ་ལ་བལྟས་ཏེ་བསྡད་པ་ཡིན་ན། བོད་ནང་ཁུལ་གྱི་བོད་མི་ཚོ་ཡང་གོ་ལོག་ཐེབས་སྲིད་ཀྱི་རེད་ལ། མ་འོངས་པའི་དུས་ཤིག་ལ་ཁོང་ཚོས་རང་གི་རྒྱལ་ཁབ་ཀྱི་ལོ་རྒྱུས་ཤེས་རྟོགས་དཀའ་བའི་གནས་སུ་གྱར་ཏེ། རང་བཙན་ལ་རེ་བ་མེད་པར་འཁོར་རྒྱུགས་ཀྱི་བསམ་ཡན་ཁྲོད་གནས་སྲིད་པ་དང་། ཁོང་ཚོའི་སེམས་སུ་བོད་ཕྱི་ནང་གཉིས་ཀྱི་བོད་མི་སུ་ཡིན་ཡང་མང་ཆེ་བས་རང་བཙན་རྩོད་ཀྱི་མིན་པར། རང་ཉིད་གཅིག་པུའི་བསམ་འདུན་བཞིན་ཡོད་ཚད་ལ་མགོ་འདོགས་དང་གཡུགས་སྲིད་པ་ཞིག་རེད།
ཉ༽ ཆེས་གལ་ཆེ་བ་ནི་བོད་མི་མང་”རྟོགས་སད་” བྱ་རྒྱུ་དེ་རེད།
ད་ལྟའི་བར་བོད་འདི་རྒྱ་ནག་གི་ཁོང་གཏོགས་ཤིག་ཡིན་ཅེས་བཤད་པ་ཡིན་ན། རྒྱ་རིགས་ཤེས་ལྡན་པའི་རྒྱབ་སྐྱོར་ཐོབ་སྲིད་ཞེས་པའི་གཏམ་དེ་དངོས་ཡོད་དང་གཏན་ནས་མི་མཐུན་པའི་བཤད་སྟངས་ཤིག་རེད། བོད་ཀྱི་གནད་དོན་ཐག་གཅོད་ཀྱི་གནད་འགག་གཙོ་བོ་ནི། བོད་མི་ས་ཡ་དྲུག་གི་རྟོགས་སད་ཀྱི་ཚད་གཞི་དང་འཐབ་རྩོད་ཀྱི་ནུས་སྟོབས་ལ་རག་ལས་ཡོད། ཨི་སི་རལ་གྱི་རྒྱལ་ཁབ་སླར་གསོ་དང་ཁྲེ་མོར་ལེའེ་སི Timor_leste རྒྱལ་ཁབ་ཀྱི་རང་བཙན། ཁོ་སོ་ཝོ་ཡི་རྒྱལ་ཁབ་གསར་འཛུགས། དེ་བཞིན་ཨ་རི་བ་དབྱིན་ཇིའི་མངའ་ཁོངས་ནས་རང་བཙན་ཐོབ་པའི་དཔེ་མཚོན་ཡོད་ཚད་ཀྱང་མི་རིགས་རང་ཉིད་ཀྱི་དཀའ་སྤྱད་སྡུག་རུས་ལ་བརྟེན་ནས་བྱུང་བ་ལས། མི་སེར་སྤེལ་ཡུལ་ནང་ཁུལ་གྱི་ཤེས་ལྡན་པའི་རྟོགས་སེལ་ལས་བྱུང་བ་ཞིག་གཏན་ནས་མིན། རང་ཉིད་དང་ཁ་གཏད་ཀྱི་མི་རིགས་དེའི་ཤེས་ལྡན་པ་དག་གི་སྙིང་རྗེ་དང་བསམ་ཤེས་ཀྱི་སྐད་སྒྲ་དེ་རྩ་ཆེན་ཡིན་ནའང་། དེ་ནི་གཙོ་བོ་ཞིག་ཏུ་འཛིན་མི་རུང་ལ་སྔོན་འགྲོའི་ཆ་རྐྱེན་ཞིག་ཏུ་དེ་བས་ཀྱང་འཛིན་མི་རུང།
ཏཱ་ལའི་བླ་མའི་མཚན་སྙན་འཛམ་གླིང་ཁྱོན་དུ་རྒྱས་པར་བོད་མི་རིགས་ཀྱི་”དངོས་ཡོད་ཀྱི་གནད་དོན་གཉིས”བརྒྱུད་སྒྲོག་བྱ་རྒྱུ་ནི་མེད་དུ་མི་རུང་བའི་གོ་སྐབས་ཤིག་ཏུ་གྱུར་ཡོད། ནམ་ཞིག་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་ཆེན་མོ་འདི་ཉིད་དགོངས་པ་གཞན་དོན་དུ་གཤེགས་པ་དང་། ཁོང་གི་ཡང་སྤྲུལ་བཙལ་ཡང་ཉུང་མཐར་མི་ལོ་ ༢༠ རྗེས་སུ་སྐུ་ན་གཞོན་པའི་ཏཱ་ལའི་བླ་མ་ཞིག་སླེབས་སྲིད་ཀྱི་རེད། གལ་སྲིད་སླེབས་པ་ཡིན་ཡང་ཁོང་ཉིད་བཞིན་འཛམ་གླིང་ནང་སྙན་གྲགས་ཤིག་ཡོང་ཁག་པོ་ཆགས་ཀྱི་རེད་ལ། ཡོང་མི་སྲིད་པ་ཞིག་རེད་ཅེས་བཤད་ཀྱང་ཆོག དེ་བས་ཏཱ་ལའི་བླ་མ་འདི་ཉིད་ཀྱི་ཁྱད་དུ་འཕགས་པའི་མཁྱེན་ཡངས་དང་རྣམ་དཔྱོད།  གཤིས་རྒྱུད། སྤྱོད་ཚུལ། མིའི་རྩིས་ཐང་། ཀུན་ཁྱབ་སེམས་ཁུར་སོགས་ནི་གཞན་མེད་ཀྱི་ཁྱད་ཆོས་ཤིག་ཡིན་ལ། སུ་ཞིག་གིས་ཀྱང་ལད་ཟློས་བྱ་མི་ཐུབ་པ་ཞིག་ཡིན། འདི་ལྟ་བུའི་འཛམ་གླིང་རང་བཞིན་གྱི་བརྩི་མཐོང་དང་སྙན་གྲགས་ཤིག་མ་འོངས་”ཏཱ་ལའི་བླ་མ” ཅེས་པའི་མཚན་སྙན་ཐོགས་མཁན་ཞིག་ཡོད་མི་སྲིད། འདི་ལྟ་བུའི་རིན་བྲལ་གྱི་རང་གི་ནུས་པ་”དབུ་མའི་ལམ” གྱི་སྟེང་དུ་བཀོལ་བ་ནི་ཧ་ཅང་བློ་ཕམ་གྱི་གནས་ཤིག་རེད།
ཏ༽ བོད་མིའི་སེམས་ཁོང་གི་འབོད་སྒྲ་”རང་བཙན”རེད།
ངས་དོགས་སློང་ཅི་ཡང་མེད་པའི་སྒོ་ནས་བོད་མི་མང་ཆེ་བའི་སེམས་ཁོང་གི་རྨི་ལམ་ངོ་མ་རང་བཙན་རེད་ཅེས་བཤད་ཕོད། ཁོང་ཚོས་རྒྱ་ནག་གཞུང་གི་བཙན་གནོན་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཡིན་པའི་ཏཱ་ལའི་བླ་མར་གོང་བཀུར་དང་ཁོང་གི་སྲིད་བྱུས་ལ་བརྩི་བཀུར་བྱེད་ཀྱིན་ཡོད་པ་ལས། དོན་ངོ་མར་བོད་མི་རེ་རེའི་སེམས་ཁོངས་སུ་རྒྱ་གཞུང་གི་དྲག་གནོན་ལ་རྒོལ་ལན་བཏང་སྟེ། རང་ཉིད་ཀྱི་ཁྱིམ་གཞི་སླར་གསོ་བྱ་རྒྱུ་སེམས་སུ་བཅངས་ཡོད། འདས་པའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་ནས་ད་ལྟའི་བར་འཛམ་གླིང་སྟེང་གི་མི་རིགས་གང་འདྲ་ཞིག་ཡིན་ཡང་རང་ཉིད་ཀྱི་ཟུངས་ཁྲག་གི་འཐབ་རྩོད་ལ་བརྟེན་ནས་རྒྱལ་ཁབ་སླར་གསོ་བྱས་པ་ལྟར། བོད་མི་རིགས་ཀྱང་དེ་ལས་འདའ་ཐབས་མེད་པ་ཞིག་རེད།
ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་མི་ཚོས་བོད་མི་མང་ཆེ་བའི་འདོད་བློ་ལ་མཐོང་ཆེན་བྱས་ཏེ། བོད་མི་མང་ཆེ་བའི་ནང་སེམས་ཀྱི་རེ་འདོད་ “བོད་རང་བཙན” གྱི་བདེན་པ་དང་དངོས་ཡོད་འཛམ་གླིང་ལ་བརྒྱུད་སྒྲོག་དང་གསལ་སྟོན་བྱ་རྒྱུ་གལ་ཆེན་དུ་མཐོང་གི་འདུག་ལ། དེ་ལས་ཀྱང་གལ་ཆེ་བ་ནི་བོད་མི་རེ་རེར་ཁེར་རྐྱང་གི་ཚོར་སྣང་མི་སྤྲོད་པར་ཁོང་ཚོས་སེམས་ཁོང་གི་རྨི་ལམ་མུ་མཐུད་མེ་ཕུང་བཞིན་སྤར་བ་ཡིན་ན། མེ་ཕུང་འདིས་ད་གཟོད་བོད་རང་བཙན་སླར་གསོ་ལ་དྲོད་ཁོལ་ལམ་ལམ་ཁ་ཞིག་སླར་གསོ་ཐུབ་ཀྱི་རེད།  ལམ་ཁ་འདིར་དཀའ་ཁག་ཇི་འདྲ་ཞིག་ཆེ་བ་དང་མི་རབས་ཇི་འདྲའི་མང་པོ་ཞིག་གི་རྒྱུན་མཐུད་བྱ་དགོས་རུང། ལམ་ཁ་འདི་ནི་སྔ་གཞུག་གང་ཡིན་ཡང་བརྒྱུད་དགོས་པ་ཞིག་ཆགས་ཡོད། དེ་ལྟ་ནའང་། བརྒྱུད་དགོས་པ་ཞིག་ཡིན་པ་ཤེས་བཞིན་དུ། ཅིའི་ཕྱིར་མགོ་མི་རྩོམ་པ་ཡིན་ནམ། མགོ་རྩོམ་པའི་དུས་སྐབས་དེར་ཧ་ཅང་མཉེན་པོ་ཞིག་དང་། དུས་ཡུན་རིང་མོའི་སླར་གསོའི་གོ་རིམ་ཁྲོད་བཤད་རིན་མེད་པའི་སྣང་ཚུལ་འབྱུང་སྲིད་ཀྱང་། མི་མང་པོའི་སེམས་ཁོང་གི་འབོད་སྒྲ་དང་རྨིི་ལམ་ལ་འབྲེལ་བའི་ལམ་བུ་ཞིག་དང་ཡང་དག་གི་ལམ་ཁ་ཞིག་ཡིན་ཕྱིན། ལམ་ནོར་བའི་ལམ་ཁ་རུ་རྨིས་ཁྲི་གཅིག་ལ་རྒྱུགས་པ་ལས་རྨི་ལམ་དང་ཡང་དག་ལ་འབྲེལ་བའི་ལམ་ཁ་དེར་ཁྲི་གང་རྒྱུགས་པ་བཟང་གི་རེད། མི་སུ་འདྲ་ཞིག་ཡིན་ཡང་རང་ཉིད་ཀྱི་རྨི་ལམ་མངོན་འགྱུར་བྱ་ཆེད་དཀའ་སྤྱད་དང་འབད་བརྩོན་བྱས་པ་ཡིན་ན། ནུས་པ་དང་སྟོབས་ཤུགས་ཤིག་ཡོང་གི་རེད་ལ། དེ་ནི་བདེན་པ་ཡིན་པའི་རྐྱེན་གྱིས་རེད། མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་གནའ་ནས་ད་བར་དུ་ཡོད་ཚད་ཀྱི་ལེགས་འགྲུབ་དང་རྒྱལ་ཁ་སོགས་ཡོད་ཚད་ཀྱི་ཡོད་ཚད་རང་ཉིད་ཀྱི་རྨི་ལམ་མངོོན་འགྱུར་གྱི་འབྲས་བུ་ཁོ་ན་ཡིན་སྟབས། བོད་མི་རིགས་ཀྱི་རྨི་ལམ་ཡང་མིའི་རིགས་ཀྱི་རྨི་ལམ་མངོན་གྱི་གྲུབ་ཆ་ཞིག་ཏུ་གྱུར་ཡོད།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༨ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༡༩ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

མཆན། 10

  1. འོས་ལངས། says:
    ལོ་ 17 སྔོན།

    ང་ཚོ་ལ་ཆབ་སྲིད་བསམ་བློའི་གོ་རྟོགས་ཧ་ཅང་མཐོ་བའི་མི་སྣ་འདི་འདྲ་དགོས་ཀྱི་འདུག དོན་དངོས་སུ་རྒྱ་གཞུང་གིས་བཤད་པ་ཇི་བཞིན་༼རང་བཙན། བོད་མིའི་རྨི་ལམ་༽ཡིན་པར་བོད་ཕྱོགས་ནས་ཀྱང་བསམས་ཤིང་བསྒྲགས་ཡོད། ད་ཆ་༼རང་བཙན། བོད་མིའི་རྨི་ལམ་༽དུ་གྱུར་པས་མ་ཚད། ས་གནས་རང་སྐྱོང་དུ་འབོད་པ་དེ་ཡང་བོད་མིའི་རྨི་ལམ་ཡིན་པ་གསལ་པོ་རེད། བཙན་བྱོལ་བོད་གཞུང་ལ་ཆབ་སྲིད་སློབ་སྟོན་པ་མེད་པའི་དབང་གིས། ཆབ་སྲིད་བསམ་བློའི་ནར་མ་སོན་པའི་བོད་ཀྱི་མཐོ་རིམ་དཔོན་རིགས་ཚོ་ལ་ཆོས་དོན་སྲིད་དོན་ནང་བསྲེས་ཤིང་། སྲིད་དོན་ཆོས་དོན་ཕྱིར་བེད་སྤྱོད་པའི་གོམས་གཤིས་ཡ་མ་ཟུང་འདི་འཇགས་པར་གྱུར་པ་ཡིན་ལ། དེའི་དབང་གིས་ད་ལྟའི་བོད་ཀྱི་གནས་སྟངས་ཉམ་ང་བ་འདི་བྱུང་བར་འདོད།

    Reply
  2. ཟླ་བ་གཞོན་ནུ། says:
    ལོ་ 17 སྔོན།

    སྒྲོལ་མ་ཚེ་རིང་ལགས། ཚའོ་ཁྲང་ཆིན་གྱི་དྲ་ཚིགས་ཁ་བྱང་ནི་www.caochangqing.com
    རེད།

    དོན་གོ་ལགས། ཁྱེད་ཀྱིས་དུས་ཐོག་གསལ་བཤད་བྱས་པ་བཟང་སོང་།
    དེ་མིན་ན། ངས་འབྲོག་རུ་ཆོས་གྲགས་ཀྱི་གཞན་འབྲས་རང་འཁུར་གྱི་བྱ་སྤྱོད་རེད་སྙམ་ནས་གཤེ་གཤེ་རོ་འདྲ་བ་ཞིག་གཏོང་དགོས་བསམས་སོང་།
    ད་དུང་ཁྱེད་ཀྱིས་འབྲོག་རུའི་གློག་ཀླད་སྤྱད་དེ་ང་ལ་གསལ་བཤད་བྱས་པ་ཡིན་ཟེར་མོད། ང་ལ་ད་དུང་ཧ་མི་གོ་བ་གཅིག་ཡོད་པ་ནི་འབྲོག་རུའི་གློག་ཀླད་སྤྱད་པ་ཙམ་གྱིས་འབྲོག་རུའི་མིང་ཆགས་དགོས་དོན་ཅི་ཡིན་ནམ་སྙམ་པ་དེ་རེད།

    Reply
  3. སྒྲོལ་མ་ཚེ་རིང says:
    ལོ་ 17 སྔོན།

    སྐུ་ཞབས་དོན་གོ་ལགས། ང་ཡང་རྩོམ་ཡིག་འདི་ཀློག་འདོད་ཧ་ཅང་ཆེ། ཚའོ་ཁྲང་ཆེན་གི་དྲ་ཚིགས་ཁ་བྱང་ཅིག་གསུངས་རོགས།

    Reply
  4. ཟླ་བ་གཞོན་ནུ། says:
    ལོ་ 17 སྔོན།

    ཨོ་ད་ཧ་གོ་སོང་།
    ངས་འབྲོག་རུས་ཅི་ཞིག་བཤད་ཀྱིན་ཡོད་ན་བསམས་སོང་།
    ཁོང་གི་གློག་ཀླད་བེད་སྤྱད་ནའང་མིང་ཁོང་གི་ཡིན་དགོས་དོན་དེ་ཅི་ཡིན་ནམ།
    ང་ནི་ཁྱེད་ཀྱི་གཅན་ཚའི་རྩེ་རོགས་ཤིག་ཡིན།
    ད་འགྲོ་དགོས་སོང་བས། རྗེས་མ་མཇལ་ཡོང་།

    Reply
  5. དོན་གོ says:
    ལོ་ 17 སྔོན།

    དགོངས་འགལ་མེད་པར་ཞུ། ཉིན་དེར་ང་བྲེལ་བ་ཧ་ཅང་ཆེ་སྟབས། འབྲོག་རུའི་ཀློག་ཀླད་སྤྱད་དེ་ཁྱེད་ལ་གསལ་བཤད་བྱས་པ་ཡིན། ང་དོན་གོ་ཡིན། ཕལ་ཆེར་ཁྱེད་ཀྱི་ང་ངོ་ཤེས་ཀྱིན་པ་འདྲ། གང་ལྟར། ངས་ཀྱང་ད་ལྟ་ལོ་ཙྰའི་ལས་ཀའི་ཕྱོགས་ལ་འབད་བརྩོན་བྱེད་ཀྱིན་ཡོད་སྟབས། དྲ་གྲོགས་རྣམ་པས་དུས་ནས་དུས་སུ་ངས་མོས་པའི་ཐད་ལ་དགོངས་འཆར་ལྷུག་སྩོལ་ཡོང་བའི་རེ་བ་ཡོད།

    Reply
  6. ཟླ་བ་གཞོན་ནུ། says:
    ལོ་ 17 སྔོན།

    དྲ་གྲོགས་ཟླ་བ་གཞོན་ནུ་ལགས། ང་རྩོམ་ཡིག་འདི་ཡིག་བསྒྱུར་བྱེད་མཁན་དོན་གོ་ཟེར་བ་དེ་ཡིན། གཅིག་བྱས་ན་ཁྱེད་རང་གོ་ནོར་ཐེབས་ཡོད་པ་འདྲ། ངས་བསྒྱུར་བཞིན་པའི་རྩོམ་ཡིག་གི་ཁ་བྱང་ལ་འགྱུར་བ་ཅི་ཡང་བྱུང་མེད། རང་བཙན། བོད་མིའི་རྨི་ལམ། ཞེས་བསྒྱུར་ཡོད། གལ་སྲིད། ཁྱེད་དང་དྲ་གྲོགས་ཡོངས་ཀྱི་བལྟ་འདོད་ན་ཚའོ་ཁྲང་ཆེན་གྱིས་ཁོང་གི་དྲ་ཚིགས་སྟེང་། ཟླ་ ༨ པའི་ཚེས་ ༢༥ ཉིན་རྩོམ་ཡིག་འདི་བཀོད་འདུག

    དྲ་གྲོགས་རྣམ་པའི་མ་ཡིག་ལ་བལྟས་རྗེས་ཡིག་བསྒྱུར་གྱི་ཐད་ལ་འཛུབ་སྟོན་དང་དགོངས་འཆར་གནང་རོགས། ཅེས་རེ་སྐུལ་ཞུས་པ་ཡིན།
    འབྲོག་རུ་ཆོས་གྲགས
    ༢༠༠༩/༠༩/༠༩ ཉིན་འདོན་སྤེལ་བྱས། རྩོམ་ཡིག་འདིའི་དུམ་མཚམས་རྗེས་མ་མི་འགྱངས་བར་དྲ་ཐོག་ཏུ་འགོད་རྒྱུ་ཡིན་པས། དྲ་གྲོགས་རྣམ་པས་དུས་ནས་དུས་སུ་གཟིགས་སྐྱོང་དང་དགོངས་འཆར་གནང་བའི་རེ་བ་ཡོད།

    དོན་གོ་ལགས།
    ཁྱེད་རང་འབྲོག་རུ་ཆོས་གྲགས་ཡིན་ནམ།

    Reply
  7. དོན་གོ says:
    ལོ་ 17 སྔོན།

    རྩོམ་པ་པོའི་མིང་ བཅོས་རོགས།

    Reply
  8. དོན་གོ says:
    ལོ་ 17 སྔོན།

    དྲ་གྲོགས་ཟླ་བ་གཞོན་ནུ་ལགས། ངས་ཁྱེད་རང་སུ་ཡིན་མི་ཤེས་མོད། ང་ལག་རྩེད་སྤོལ་ལོར་དགའ་བའི་དོན་གོ་ཟེར་བ་དེ་ཡིན་ལ། རྩོམ་ཡིག་འདི་ཡིག་སྒྱུར་བྱེད་མཁན་དོན་གོ་ཡང་ཡིན། ཁྱེད་ཀྱི་བཤད་པའི་རྩོམ་པ་པོ
    འི་མི་སྒྱུར་བའི་ཐད་ནས་ངས་ཁྱེད་ལ་ཁས་ལེན་བྱ་ཐུབ་ས་མ་རེད། རྒྱུ་མཚན་ནི། རྒྱ་ཡིག་གི་མིའི་མིང་དང་དབྱིན་ཡིག་གི་མིའི་མིང་སོགས་ང་ཚོ་ལ་ངེས་གཏན་དང་གཏན་འཁེལ། ཚད་འཛིན་ས་ཞིག་མེད་སྟབས། ང་ཚོས་མིང་དེ་དག་སྒྲ་བསྒྱུར་གྱི་ལམ་ནས་ཚུར་ལེན་བྱ་དགོས་པར་འདོད། ངས་ཀྱང་དེ་ལྟར་སྒྱུར་བ་ཡིན། འགྱུར་ཡིག་གི་ཐད་ལ་ནོར་འཁྲུལ་ཡོད་པ་ཡིན་ན། དེ་ནི་ངའི་ཆུ་ཚད་དམན་པའི་རྐྱེན་ཡིན་སྟབས། དུས་ནམ་ཡང་ཁྱེད་དང་ཀློག་མཁན་ཡོངས་ཀྱི་ འཛུབ་སྟོན་དང་དགོངས་ཆར་གནོངས་རོགས་ཞུ་རྒྱུ་ཡིན།

    Reply
  9. ཟླ་བ་གཞོན་ནུ། says:
    ལོ་ 17 སྔོན།

    ཁྱེད་ཀྱིས་ངའི་དྲི་བ་སྔོན་མ་དེ་ལ་ལན་རྒྱབ་མི་འདུག་པས། ངས་ཁྱེད་དོན་གོ་ཡིན་པར་ཇི་ལྟར་རློན། གསལ་བོ་ཞིག་བཟོ་བའི་རེ་བ་ཡོད།

    འགྱུར་ལ་བལྟས་ཡོང་དུས་སྒྱུར་མཁན་འདི་ངས་བཤད་པའི་དོན་གོ་དེ་མིན་པར་ཡང་མངོན།
    རྒྱུ་མཚན་ནི་རྩོམ་པ་པོ་དེའི་མིང་བསྒྱུར་བའང་འགྲིག་མི་འདུག་ལ།
    ངས་འགྱུར་དེའི་ཚན་པ་དང་བོ་དེ་མ་རྩོམ་དང་བསྡུར་ནས་བལྟ་དུས་ཀྱང་དེ་དོན་ཇི་བཞིན་ཡོང་མེད་པར་རང་བཟོ་བྱས་པ་མང་དུ་མཐོང་སོང་བས། ངས་ཤེས་པའི་སྤོ་ལོ་རྩེ་རོགས་དོན་གོ་དེ་མ་ཡིན་པར་
    རྒྱ་ཡིག་ལ་གོམས་འདྲིས་ཆེར་མེད་པ་ཞིག་ཡིན་པའི་སྣང་བའང་སྟེར་བས་སོ།།

    ཁྱེད་ཀྱིས་རྩོམ་ཡིག་འདིས་རྩོམ་པ་པོའི་མིང་ལ་ཚོ་ཁྲང་ཆེན་ཞེས་བྲིས་པ་དེ་སྒྲ་དག་གམ།
    ངས་ཁྱེད་ལ་བཤད་ཆོག
    སྤྱིར་ལྷ་ས་བ་ཡིན་ན་དེ་ལ་ཚོ་ཁྲང་ཆིང་ཞེས་འབྲི་ནི་རེད། ཨ་མདོ་བ་ཡིན་ན་ཚའོ་ཁྲང་ཆིན་ཞེས་འབྲི་ནི་རེད།
    མ་རེད་དམ།

    ཁྱེད་རང་གཉིས་ཀ་དང་མཐུན་གྱི་མི་འདུག
    དེ་ཅིའི་ཕྱིར་ཡིན་ནམ།

    Reply
  10. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    རྩོམ་ཡིག་སྒྱུར་མཁན་དོན་གོ་ལགས་ལ་བཀའ་དྲིན་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese