མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་ཡོམ་ཁྲོད་མི་ ༧༦༠ བསད་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༥
Share on FacebookShare on TwitterShare on EmailShare on Whatsapp

སྐྱེ་རྒུ་མདོའི་ས་ཡོམ་གྱིས་མིི་ ༧༦༠ རྐྱེན་ལམ་དུ་བརྫངས་ཡོད་པ་དང་། དེའི་ཁྲོད་ད་ཕན་ཤེས་རྟོགས་ལྟར་ན་སློབ་ཕྲུག་ ༥༦ ཡོད་འདུག མི་ ༩༡༡༠ ལ་རྨས་སྐྱོན་ཕོགས་ཡོད་པར་མ་ཟད། ཤོར་ཉེན་ཡོད་པའི་གློག་འདོན་ཆུ་མཛོད་ཞིག་གིས་བོད་མི་ཚོར་དངངས་སྐྲག་འཕར་མ་ཞིག་སྤྲོད་ཀྱིན་ཡོད་འདུག་ཟེར།

ཕྱི་ཚེས་ ༡༤ ཉིན་གྱི་ཞོགས་པའི་ས་གནས་ཆུ་ཚོད་ ༧ དང་སྐར་མ་ ༤༩ སྟེང་མཚོ་སྔོན་ཡུལ་ཤུལ་སྐྱེ་རྒུ་མདོ་རུ་ས་ཡོམ་ཚད་རིམ་ ༧་༡ ཅན་ཞིག་བརྒྱབ་སྟེ་ཡུལ་དེའི་ཁང་ཁྱིམ་གྱི་བརྒྱ་ཆའི་ ༨༥ རྡིབ་བཤིག་ཏུ་གྱུར་ཏེ་མི་མང་པོ་རྐྱེན་ལམ་དུ་བཏང་ཡོད་པ་དང་། རྒྱ་ནག་ཤིན་ཧྭ་གསར་ཁང་གིས་དེ་རིང་གནས་ཚུལ་སྤེལ་བ་ལྟར་ན། མིའི་ཤི་གྲངས་  ༧༦༠ དང་། གར་སོང་ཆ་མེད་དུ་གྱུར་བ་ ༣༡༣། དུས་ཚོད་ ༢༤ རིང་བསྐྱབས་ཐུབ་པ་ ༩༠༠། རྨས་སྐྱོན་ཕོག་པའི་མི་གྲངས་ ༩༡༡༠   ལ་བུད་ཡོད་ལུགས་གསལ་བསྒྲགས་བྱས་འདུག

ཐེངས་འདིར་མྱུར་སྐྱོབ་པ་ ༥༠༠༠ དང་།  དེའི་ཁྲོད་དམག་མི་ ༧༠༠ ཡོད་འདུག མྱུར་སྐྱོབ་པ་མངཔོ་ཞིག་ད་དུང་ས་གནས་སུ་འབྱོར་ཡོད་མི་འདུག

ཡུལ་ཤུལ་ས་གནས་ནས་རེ་སྐུལ་ཞུས་པ་ལྟར་ན། རྒྱ་ནག་གཞུང་ངོས་ནས་གུར་ ༥༠༠༠ དང་། སྟོད་གོས་ ༥༠༠༠༠། ཉལ་ཆས་ ༥༠༠༠༠ བཏང་ཡོད་འདུག

ཚེ་རིང་འོད་ཟེར་ལགས་ཀྱི་དྲ་ཚིགས་སུ་གནས་ཚུལ་སྤེལ་བ་ལྟར་ན། ཐེངས་འདིའི་ས་ཡོམ་གྱིས་ཡུལ་ཤུལ་ཁུལ་གྱི་ཤང་གྲོང་ ༩ ལ་གནོད་འཚེ་ཐེབས་ཡོད་པ་དང་། ས་གནས་ཁག་གི་སློབ་གྲྭའི་ཁང་བ་བརྒྱ་ཆའི་ ༧༠ རྡིབ་བཤིག་ཏུ་གྱུར་ཡོད་པར་མ་ཟད། གནོད་འཚེ་ཐེབས་མཁན་གཙོ་བོ་སློབ་གྲྭ་ཁག་ཡིན་ཚུལ་བརྗོད་ཡོད།  སྐྱེ་རྒུ་མདོའི་ནུབ་ཕྱོགས་ཀྱི་སྤྱི་ལེ་ ༡༠༠ མཚམས་སུ་ཡོད་པའི་གྲོང་རྡལ་ཞིག་ཏུ་གནོད་འཚེ་ཐེབས་པ་ཚབས་ཆེ་བ་དང་། གཞན་ད་ལྟ་གནོད་འཚེ་ཐེབས་ཡུལ་ཁག་ཏུ་མྱུར་སྐྱོབ་སྨན་བཅོས་ཀྱི་མཐུན་རྐྱེན་མེད་པ་དང་། ནམ་ཟླ་ཧ་ཅང་འཁྱག་པའི་རྐྱེན་ཀྱིས་གྱོན་གོས་དང་སྡོད་ཁང་གི་དཀའ་ངལ་འཕྲད་ཀྱིན་ཡོད་པར་མ་ཟད། ད་ལྟའི་ཆར་ཡུལ་ཁུལ་དང་བར་ཐག་སྤྱི་ལེ་ ༨༠ མཚམས་སུ་དམག་མིས་ལྟ་རྟོག་འགག་སྒོ་བཙུགས་ཏེ་འབྲེལ་ཡོད་སྡེ་ཁག་གི་དཔང་ཡིག་མེད་མཁན་དག་ལ་འགོག་སྲུང་ནན་མོ་བྱེད་ཀྱིན་ཡོད་ཚུལ་བཀོད་འདུག

གནས་ཚུལ་འདིའི་ཐད་འདི་ག་གསར་ཁང་གིས་ཕ་ཡུལ་ཡུལ་ཤུལ་ནས་ཡིན་ཞིང་དེང་སྐབས་ངྷ་སར་གནས་སྡོད་དགེ་འདུན་ཆོས་འཕེལ་ལགས་སུ་བཀའ་འདྲི་ཞུས་པར། ཁོང་གིས། ང་རང་གིས་ཤེས་རྟོགས་བྱུང་བ་ལྟར་ན་སྐྱེ་རྒུ་མདོ་རུ་ཡོད་པའི་ཁང་པའི་བརྒྱ་ཆ་ ༨༠ ལྷག་ས་འོག་ཏུ་ཐིམ་ཡོད་འདུག་ལ། གསར་ལམ་ཁག་ཏུ་མི་ ༤༠༠ ལྷག་འདས་གྲོངས་སུ་ཕྱིན་ཡོད་ཚུལ་བརྗོད་ཡོད་ནའང་། ང་རང་ཤེས་རྟོགས་བྱུང་བར་གཞིགས་ན་ད་ལྟའི་ཆར་མི་ ༥༠༠༠ ལྷག་འདས་གྲོངས་སུ་ཕྱིན་ཡོད་པའི་ཚོད་དཔག་བྱེད་ཀྱིན་འདུག རྒྱ་ནག་གཞུང་གིས་གསར་ལམ་དུ་བཤད་པ་ལྟར་ན་ས་གནས་ས་ཐོག་ཏུ་དམག་མི་འབོར་ཆེན་བཏང་ཡོད་པའི་གནས་ཚུལ་བརྗོད་ཀྱིན་ཡོད་ཀྱང་། ང་རང་ཕ་ཡུལ་ནས་གནས་ཚུལ་འབྱོར་བ་ལྟར་ན་ས་ཡོམ་བྱུང་སྟེ་ཆུ་ཚོད་ ༨ ལྷག་འགོར་ནའང་མྱུར་སྐྱོབ་དམག་མི་གཅིག་ཀྱང་སླེབས་མེད་པར། བོད་མི་ཚོས་རང་ངོས་ནས་རྡིབ་བཤིག་ཏུ་གྱུར་པའི་ཁང་ཁྱིམ་དག་བསྔོགས་ཏེ་རང་གི་གཉེན་ཉེ་དང་གྲོང་པ་ཁྱིམ་འཚེས་བཙལ་བཞིན་ཡོད་ཚུལ་བརྗོད་བྱུང་ལ། སྐྱེ་རྒུ་དགོན་པའི་ནང་གྲྭ་པ་ཚོར་འདུ་ཁང་དུ་ཚོགས་འཚོགས་ཡོད་སྟབས། གྲྭ་པ་ཁག་ཅིག་འདས་གྲོངས་སུ་ཕྱིན་ཡོད་པར་མ་ཟད། དགོན་པའི་ཁང་པ་མང་པོ་ཞིག་གཏོར་བཤིག་བཏང་ཡོད་འདུག་ལ། ད་ལྟའི་ཆར་སྐྱེ་རྒུ་མདོའི་ནང་ཡོད་པའི་གློག་འདོན་ཆུ་མཛོད་ཞིག་ཡོད་པ་དེ་ཤོར་ཉེན་ཡོད་པའི་གནས་ཚུལ་ཡོད་སྟབས། བོད་མི་ཚོས་ས་ཡོམ་གྱི་གནོད་སྐྱོན་ལས་གཞན་པའི་དངས་སྐྲག་སྐྱེས་ཡུལ་འཕར་མ་ཞིག་ཆགས་ཡོད་འདུག་ཅེས་བརྗོད་བྱུང་།

ཕྱི་ཚེས་ ༡༤ ཉིན་འདི་གའི་གསར་འགོད་པ་ཤེས་རབ་དགའ་ཚལ་སློབ་གླིང་དུ་ཕྱིན་ཏེ། དེར་ཡོད་ཡུལ་ཤུལ་ཁུལ་གྱི་སློབ་མ་ཁག་ཅིག་ལ་ཁོང་ཚོའི་ནང་མིའི་གནས་ཚུལ་གང་འདྲ་ཆགས་ཡོད་མེད་སྐོར་རྒྱུས་ལོན་བྱས་པར། དེར་ཡོད་ཡུལ་ཤུལ་ཁུལ་གྱི་སློབ་མ་ ༢༠ ལྷག་གི་ཁྲོད། དོན་འགྲུབ་དཔལ་ལྡན་གྱི་གཉེན་ཉེ་གསུམ་ཐེངས་འདིའི་ས་ཡོམ་ཁྲོད་འདས་གྲོངས་སུ་ཕྱིན་ཡོད་འདུག་ལ། གཞན་མིང་བརྗོད་འདོད་མེད་པའི་གྲོགས་པོ་ཞིག་གི་སྤུན་མཆེད་གཅིག་བཅས་འདས་གྲོངས་སུ་ཕྱིན་ཡོད་ཚུལ་བརྗོད་བྱུང་ལ། བསོད་ནམས་མཁས་གྲུབ་དང་ཀུན་དགའ། གསེར་འོད། དགེ་ལེགས་བཅས་སློབ་མ་ཁག་ཅིག་གིས་ད་ལྟའི་ཆར་ཡང་ནང་མིར་འབྲེལ་བ་བྱེད་ཐུབ་ཀྱི་མེད་པར་སེམས་ཁྲལ་གྱི་གནས་སུ་ལྷག་འདུག གཞན་ཡང་ངྷ་སར་གནས་སྡོད་དགེ་འདུན་པ་ཞིག་གི་ཉེ་འབྲེལ་ ༢༡ ཐེངས་འདིའི་ས་ཡོམ་གྱི་གོད་ཆག་ཁྲོད་འདས་གྲོངས་སུ་ཕྱིན་ཚུལ་བརྗོད་བྱུང་།

ཐེངས་འདིའི་བོད་ཁུལ་གྱི་ས་ཡོམ་གྱི་གོད་ཆག་ཐད་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ཐུགས་གསོའི་འཚམས་ཕྲིན་དང་བསྔོ་སྨོན་མཛད་ཡོད་པ་དང་།  འཇར་མན་སྲིད་བློན་དང་། ཨུ་རུ་སུའི་སྲིད་འཛིན། པ་ཀི་སི་ཐན་གྱི་སྲིད་འཛིན་སོགས་ཀྱིས་ཐུགས་གསོ་མཛད་ཡོད། དེ་བཞིན་ཡུ་རོབ་མནའ་འབྲེལ་གྱི་ཚོགས་གཙོ་ཇོ་སི་མན་ནོལ་བྷ་ཝེལ་Jose Manuel Bavvoso ་དང་ཧྥ་རན་སི་ཕྱི་སྲིད་བློན་ཆེན་རྣམ་གཉིས་ནས་གལ་སྲིད་རྒྱ་ནག་གིས་རོགས་སྐྱོར་ལ་ངེས་ལེན་མོས་མཐུན་བྱས་པ་ཡིན་ན། ང་ཚོས་ངོས་ནས་གྲ་སྒྲིག་ཨང་གསར་ཡོད་སྐོར་བརྗོད་ཡོད་འདུག

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནི། མཚོ་སྔོན་ཞིང་ཆེན་གྱི་ལྷོ་ནུབ་ཀྱི་མཚམས་སུ་གནས་ཤིང་། ཁུལ་དེར་རྫོང་ཁག་ ༦ དང་ཤང་ ༤༧ ། གྲོང་སྡེ་ ༢༥༧ བཅས་ཡོད་ལ། བསྡོམས་མི་གྲངས་ཁྲི་༢༨་༣༡ ཡོད་པ་རེད།  ཐེངས་འདིའི་ས་ཡོམ་གྱི་ལྟེ་གནས་ནི་ཡུལ་ཤུལ་རྫོང་ར་སྟོད་ཤང་ཡིན་འདུག  གཞན་ཡང་། ཡུལ་ཤུལ་ཁུལ་ནི་རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ་ཡིན་པ་དང་། ཁུལ་དེར་རྒྱ་ནག་གིས་འཛུགས་བསྐྲུན་བྱས་པའི་ཆུའི་ཤོངས་ཚད་Kilowatt ཁྲི་ ༠་༤ ཅན་གྱི་ཆུ་གློག་ས་ཚུགས་ ༡༥ དང་། ཆུའི་ཤོངས་ཚད་ Kilowatt  ཁྲི་ ༠་༣༨༦ ཅན་གྱི་ཆུ་གློག་ས་ཚུགས་ ༢༦ གསར་འཛུགས་བྱས་ཡོད་པ་རེད།

ཚེ་རིང་འོད་ཟེར་ལགས་ཀྱིས་ཊི་ཝེ་ཊར་བརྒྱུད་ནས་བཤད་ན། ཡུལ་ཤུལ་སློབ་གྲྭ་ཞིག་ཏུ་དགེ་རྒན་རྣམས་ཀྱིས་སློབ་ཕྲུག་ ༦༡ སྐྱབས་འདུག་ཀྱང་། ད་དུང་སློབ་ཕྲུག་ ༢༠༠ ས་འོག་ཏུ་ལྷག་ཡོད་པར་བཤད།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༢༠ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 86

  1. སྐར་མདའ། says:
    ལོ་ 15 སྔོན།

    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ དཀོན་མཆོག་མཁྱེན།
    འདི་ལྟ་བུའི་གོད་ཆག་ཚབ་ཆེན་བྱུང་ཡང་། རྒྱ་གཞུང་གི་རོགས་རམ་བྱེད་ཀྱིན་མེད་པ་འདི་འཛམ་གླི་མདུན་སར་གསལ་པོ་ར་སྤྲོད་བྱེད་ཐུབ་དགོས་སྙམས། འདི་ནི་བོད་གཞུང་དང་ལྷག་པར་དུ་བོད་ཀྱི་གསར་འགོད་པ་ཁག་དང་། རླུངས་ཕྲིན་ཁང་སོགས་ནས་སྐད་རིགས་མང་པོ་དང་། ཡིག་རིགས་དུ་མའི་ཐོགས་དངོས་ཡོད་ཀྱི་གནས་ཚུལ་གསལ་བསྒྲགས་བྱེད་རོགས། །

    Reply
  2. བློ་བཟང་། says:
    ལོ་ 15 སྔོན།

    རེད། ཞལ་འདེབས་བསྡུ་མཁན་གྱི་ཚོགས་པ་ཞྀག་ཡོད་ན་ཡག་པོ་ཡོང་ས་རེད། འོན་ཀྱང་ལས་ཀ་འདི་འདྲ་ཚོགས་པ་ཆེན་པོ་ཞིག་གིས་མི་བྱེད་ན་མང་ཚོགས་སུ་ཡིད་ཆེ་དང་། འཇོན་ཡང་འཇོན་གྱི་མ་རེད།

    Reply
  3. རྭ་རྒྱ་བློ་དབང་། says:
    ལོ་ 15 སྔོན།

    ཧོས་ཅིན་ཐོ་ཡང་རྒྱལ་ཁབ་སྐོར་ཞིག་ལ་འགྲོ་རྒྱུ་རྗེས་སུ་བསྣུར་ཏེ། ཕྱིར་རྒྱ་ནག་ཏུ་ལོག་ཡོད་པ་དང་། དེ་ནི་སྐྱེ་དགུའི་ས་འགུལ་ལ་དམིགས་པ་ཡིན་པར་འགྲེལ་གྱིན་འདུག

    Reply
  4. མི་བུ། says:
    ལོ་ 15 སྔོན།

    ང་ཚོ་ཕྱི་ཕྱོགས་ལ་ཡོད་པ་རྣམས་ཀྱིས་གོད་ཆགས་བྱུང་བའི་ཤི་གསོན་རྣམས་ལ་བསྔོ་སྨོན་དང་ཞལ་འདེབས་སུ་དངུལ་ཏོག་ཙམ་བསྡུ་ནས་འབུལ་བ་ལས་ཡུལ་གྱིས་བསྐལ་བས་རོགས་གཞན་ཞུ་ཐབས་བྲལ། དེས་ན་རོགས་རམ་ཚོགས་ཆུང་ཞིག་གཙུགས་ན་གང་འདྲ་འདུག་གམ། དེའི་བསྐོར་ལ་དྲྭ་གྲོགས་རྣམས་པས་བསམ་འཆར་བརྗོད་རོག

    Reply
  5. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    བྱིས་པ་འདས་པོའི་ཚོའི་གཟུགས་ཕུང་མཐོང་དུས་སེམས་པར་ན་ཟུག་རྒྱག་གི་འདུག ངོ་མ་སེམས་པས་བཟོད་ཐབས་ཤིག་མི་འདུག

    Reply
  6. བློ་བཟང་། says:
    ལོ་ 15 སྔོན།

    འདི་དག་མཐོང་དུས་ང་རང་གི་མིག་ཆུ་རང་དབང་མེད་པར་ཤོར་གྱི་འདུག ད་འདི་འདྲ་སྐྱོ་བ་ལ།

    Reply
  7. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    པེ་ཅིན་དུ་ཡོད་པའི་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིགས་ཚོས་དོ་དགོང་མྱ་ངན་ཚོགས་འདུ་དང་སྨོན་ལམ་འདོན་གྱི་འདུག་ཟེར། བོད་རིགས་སྤུན་ཟླ་རྣམ་པ། ས་ཕྱོགས་གང་དུ་ཡོད་རུང་ཚང་མའི་སེམས་པ་གཅིག་ཏུ་སྦྲེལ་འདུག ངོ་མས་ཡིད་འགུལ་ཐེབས་པ་ཞིག་རེད།

    Reply
  8. སྙེ་བྲག་བསྟན་ཆོས། says:
    ལོ་ 15 སྔོན།

    གོད་ཆག་ནི་མང་ཞིང་འཕེལ་རྒྱས་ནི་ཇི་ཉུང་དུ་འགྲོ་བའི་ང་ཚོའི་མི་རྒྱུད་དང་མི་རབ་འདི་འདྲའི་སྐྱོ་སྣང་ཞིག །ང་ཚོ་ཚང་མས་ཁུར་དུ་བབས་པའི་ང་ཚོའི་མི་རྒྱུད་ལ་གཅེས་སྤྲས་གནང་རྒྱུའི་འབུལ་སྐུལ་ཞུ།

    Reply
  9. རྒྱལ་བསྟན། says:
    ལོ་ 15 སྔོན།

    གནོད་སྐྱོན་བྱུང་སར་བྱེས་སྡོད་བོད་མི་རྣམས་ནས་ཕན་ཐོགས་ངེས་ཤིག་བྱེད་དགོས་འདུག འོན་ཀྱང་གང་འདྲ་སེ་བྱེད་དགོས་ཀྱི་ཡོད་དམ། བཙལ་བྱོལ་བོད་མིས་ཞལ་འདེབས་བསྡུས་ནས་འབུལ་ཐུབ་ན་ཡག་པོ་ཡོང་ས་རེད། དེ་ལྟར་བྱུང་ན་གཞིས་བྱེས་ཀྱི་འབྲེལ་བ་སྔར་ལས་དམ་ཟབ་དུ་འགྲོ་ངེས་རེད། ད་ལྟ་དགོས་མཁོ་ཆེ་ཤོས་ནི་གནོད་འཚེ་ཕོག་ཡུལ་དུ་སྨན་བཅོས་ཀྱི་མཐུན་རྐྱེན་དང་མྱུར་སྐྱོབ་ལས་མི་ ཟས་གོས་སོགས་དགོས་ཀྱི་ཡོད་པས་ དེ་རྣམས་གང་མགྱོགས་ཐོབ་ཆེད་རྒྱ་གྲམ་དམར་པོའི་ཚོགས་པ་དང་དེ་དང་འདྲ་བའི་རྒྱལ་སྤྱིའི་ནུས་པ་ཐོན་ངེས་ཀྱི་ཚོགས་པ་ཁག་ལ་སྐྱབས་འཇུག་ཞུ་ཐུབ་ན་སམ། རྒྱ་མིས་གང་བྱས་ལ་བལྟས་ནས་བསྡད་ན་ཕན་ཐོགས་གངཡང་་མེད།

    Reply
  10. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    གོ་ཐོས་ལ་མདང་དགོང་། བུན་ཅ་པོ་གུད་ཆག་ཐེབས་ཡུལ་དུ་འོང་རྒྱུ་རེད་ཟེར་ཏེ། ལམ་འགྲམ་གཡས་གཡོན་དུ་དར་དམར་སྒྲེང་འཛུགས་ཀྱིས་གྲ་སྒྲིག་བྱེད་ཀྱིན་འདུག་ཟེར། ཚང་མས་ལྟོས་དང་། ཁོ་གནོད་སྐྱོབས་བྱེད་དུ་འོངས་པ་རེད་དམ། ཡང་ན་བརྗིད་ཉམས་བསྟན་དུ་འོང་བ་རེད། མི་ཚང་མ་གནོད་སྐྱོབ་ལ་མ་ཁོམ་པར་ཡོད་དུས་ཁོ་ལ་འདི་ལྟར་གྲ་སྒྲིག་བྱས་ཏེ་འགོར་འགྱངས་ཐེབས་འཇུག་པ་ཅིའི་ཕྱིར་རེད། མི་འདི་ཚོས་ངོ་མ་ཚེ་སྲོག་རྩེད་སྤྱད་བྱེད་ཀྱི་འདུག

    Reply
  11. བསམ་བསྟན། says:
    ལོ་ 15 སྔོན།

    སྐྱེས་རྒུ་མདོའི་ས་ཡོམ་འོག་ཏུ་འདས་གྲོངས་སུ་གྱུར་པའི་བོད་རིགས་སྤུན་ཟླ་དེ་རྣམས་ཀྱིས་གཙོས་སྐྱེ་འགྲོ་དེ་དག་གི་ཆེད་དུ་༢༠༡༠།༤།༡༥ཉིན་དཔལ་ཆེན་ཆོས་གླིང་དགོན་དུ་༧སྐྱབས་རྗེ་རྒྱལ་ཚབ་རིན་པོ་དབུས་པའི་དགེ་འདུན་རྣམས་ཀྱིས་གདུང་སེམས་མཉམ་བསྐྱེད་ཀྱི་ངང་སྤྱན་རས་གཟིགས་འཁོར་བ་དོང་སྤྲུངས་ཀྱི་ཆོ་གའི་སྒོ་ནས་ཐུགས་སྨོན་རྒྱ་ཆེ་གནང་སོང་ཟེར།

    Reply
  12. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    བསྡད་ཀྱིན་བསྡད་ཀྱིན་གུད་ཆག་ཐེབས་ཁུལ་གྱི་གནས་ཚུལ་ཛ་དྲག་རེད། ད་ལྟ་ནི་ང་ཚོ་ཚང་མས་གསོལ་བ་སྨོན་ལམ་ཁོ་ན་བཏབ་པའི་སྡོད་པའི་དུས་མ་རེད། ཁ་ཡོད་ལག་ཡོད་ཀྱི་རོགས་རམ་ཞིག་བྱ་དགོས་འདུག ཐ་ན་དངུལ་སྐར་གང་ལས་མེད་རུང་མ་ཆད་པ་གནང་རོགས།

    Reply
  13. མི་བུ། says:
    ལོ་ 15 སྔོན།

    གཞུང་དང་དགོན་སྡེ་སྒེར་སོགས་ནས་ཞལ་འདེབས་བསྡུ་ནས་ཏཱ་ལ་བླ་མ་དང་བཀའ་ཁྲི་གང་རུང་གི་མཚན་ཐོག་ནས་རོགས་སྐྱོར་གནང་ཐུབ་ན་དགེ་མཚན་ཆེ།

    Reply
  14. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    ངོ་དེབ་ནང་གནས་ཚུལ་ཐོན་གསལ་ལྟར་ན། ས་ཡོམ་གོད་ཆག་ཐེབས་སར་ཁ་སང་དགོང་མོར་མི་གྲངས་ཤི་ཚད་༢༠༠༠ལྷག་ཟིན་འདུག་ཟེར། ད་དུས་ཚོད་རེ་རེར་འཕར་གྱིན་འདུག ད་འཇིགས་སྐྲག་དང་ཤི་ཚད་མཚམས་ཆད་པར་ཚང་མས་གསོལ་བ་སྨོན་ལམ་དང་སྐྱབས་འཇུག་ཞུ་རོགས། ཤུལ་ལུས་མི་དམངས་རྣམས་ལ་རོགས་སྐྱོར་གྱི་ཞལ་འདེབས་གྲ་སྒྲིག་གནང་རོགས།

    Reply
  15. ཚྭ་སྒང་ཕོ་ཉ། says:
    ལོ་ 15 སྔོན།

    བོད་མི་འདས་པོ་དེ་དག་ཡི་ཆེད་དུ་བྱེས་སྡོད་བོད་མི་རྣམས་ཀྱིས་སྨོན་ལམ་ཙམ་ལས་གཞན་གང་ཡང་བྱེད་ཐོབ་ཐབ་འདྲ་མེད་དམ།
    ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔
    ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔།།

    Reply
  16. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཁང་གསར་ལགས་ཀྱིས་བཤད་པ་བཞིན། ཆེ་ཆུང་དང་མང་ཉུང་ལ་མ་ལྟོས་པའི་སྒོ་ནས་འདི་འདྲ་ཞིག་སྤེལ་རྒྱུ་གལ་ཆེན་པོ་རེད། སྔོན་ཆད་བཀའ་ཁྲི་མཆོག་གི་མཚན་ཐོག་ན་ངལ་སེལ་རོགས་དངུལ་བསྡུ་སྟངས་ཤིག་ཡོད་བསམ།

    Reply
  17. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    དྲྭ་རོགས་ཚོ། ང་ཚོ་བཙན་བྱོལ་བོད་མི་ཚོས། འདི་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཤིག་གནང་དགོས་གལ་ཆེ། དེ་ཡང་བཙན་བྱོལ་བོད་གཞུང་གིས་སྐུལ་སློང་གནང་སྟེ་བཙན་བྱོལ་བོད་མི་ཚང་མས་ངལ་སེལ་ཞལ་འདེབས་རྒྱ་མི་ཆུང་བ་ཞིག་འབུལ་དགོས། དངུལ་དེ་དག་ཕྱོགས་གཅིག་ཏུ་བསྡོམས་རྗེས་རྒྱ་གྲམ་དམར་པོ་ལྟ་བུའི་ཚོགས་པ་ཞིག་བརྒྱུད་དེ་ཐེངས་འདིའི་སྐྱེ་རྒུ་མདོའི་ས་གནས་ཀྱི་གནོད་འཚེ་ཕོག་པའི་མི་ཚོར་འབུལ་དགོས། འདི་ཧ་ཅང་གལ་ཆེ། རང་ཅག་ཚང་མས་རང་རང་གནས་ཡུལ་གྱི་ས་གནས་འགོ་འཛིན་དང་། སྐུ་ཚབ་དོན་གཅོད་སོགས་བརྒྱུད་བོད་གཞུང་ལ་ལས་འགུལ་འདི་འཕྲལ་དུ་སྤེལ་རོགས་ཞུ་དགོས།

    Reply
  18. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཝུན་ཇ་པོ་ངུ་བཞིན་དང་བོད་པ་ཚོར་ལག་པ་གཡུག་བཞིན་སྤྱི་སྤྱོད་རླངས་འཁོར་ཆུང་བ་ཞིག་གི་ནང་ནས་ཕྱིན་ཐལ་ཟེར། བོད་མི་ཚོས་ཁོང་མཇལ་བས་ཧ་ཅང་དགའ་བོ་བྱུང་ཞེས་བཤད་སོང་ཟེར། ཝུན་གྱི་སྐད་ཆ་རྣམས་བོད་སྐད་དུ་བསྒྱུར་ནས་བཤད་སོང་ཟེར། ཝུན་གྱིས་ས་གནས་འདིར་སྔར་ལས་ལྷག་པའི་འཛུགས་སྐྲུན་བྱ་རྒྱུར་ཁས་ལེན་ཡང་བྱས་སོང་ཟེར།

    Malcolm Moore གྱིས་ཊི་ཝེ་ཊར་བརྒྱུད་ནས་བཤད།

    Reply
  19. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    སྐར་མ་ ༧ གྱི་སྔོན་ལ་ Malcolm Moore གྱིས་ཊི་ཝེ་ཊར་བརྒྱུད་ནས་བཤད་དོན། ཁོ་རང་ཝུན་ཇ་པོ་ཡི་འཁྲིས་དེ་ག་རང་ན་ཡོད། ཝུན་ཇ་པོ་ཁོང་བདེ་འཇགས་མིན་པའི་ཁང་རལ་གྱི་སྟེང་ལ་འགོས་སོང་ཟེར། ད་དུང་ཁོང་ཁྲོས་འབར་བསྡད་པའི་བོད་རིགས་མང་ཚོགས་ཀྱི་དཀྱིལ་ནས་ཉེན་ཁ་ཡང་ཆེན་པོར་མཐོང་གི་འདུག་ཟེར།

    Reply
  20. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    Malcolm Moore གྱིས་ད་ལྟ་རང་ཊི་ཝེ་ཊར་བརྒྱུད་བཤད་དོན། དེ་རུ་གྲྭ་པ་མང་པོ་འདུག དམག་མི་མང་པོ་འདུག ཉེན་རྟོག་པ་མང་པོ་འདུག ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་རང་དབང་གིས་འགྲོ་སྐྱོད་ཆོག་གི་འདུག་ཟེར། ད་ཡིན་ན་གནས་ཚུལ་ཇེ་གསལ་ལ་ཡོང་རྒྱུའི་རེ་བ་ཡོད་སྲིད། རྒྱལ་སྤྱིའི་གསར་འགོད་པ་རྣམས་ས་གནས་ས་ཐོག་ལ་འབྱོར་ཐུབ་པ་ནི་སྟབས་ཡག་པ་རེད།

    Reply
  21. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོས། སྐྱེ་རྒུ་མདོའི་ཛ་དྲག་གི་གནས་སྟངས་སྐོར་གྱི་གནས་ཚུལ་གང་མང་མང་འདིར་འཇོག་རོགས།

    Reply
  22. འབྲི་འབྲོང་། says:
    ལོ་ 15 སྔོན།

    ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ཡེ། དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་ཀུན་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ འདྲེན་པ་མཉམ་མེད་ཐུབ་དབང་ཤཱཀྱའི་ཏོག །ཕྱོགས་བཅུའི་རྒྱལ་བ་རྒྱ་མཚོ་སྲས་དང་བཅས། །བཀའ་བརྒྱུད་བླ་མ་རྣམས་ཀྱི་མཆོད་སྤྲིན་དུ། །སྙིང་པོ་ཡི་གེ་དྲུག་མས་འབྱུང་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ འདས་པའི་སངས་རྒྱས་རྣམས་ཀྱི་དགོངས་རྫོགས་དང༌། །མ་འོངས་སངས་རྒྱས་རྣམས་ཀྱི་ཚོགས་གསག་དང༌། །ད་ལྟར་བཞགས་པ་རྣམས་ཀྱི་ཞབས་བརྟན་དུ། །སྙིང་པོ་ཡི་གེ་དྲུག་མས་འབྱུང་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ ལས་ཀྱིས་འབྲེལ་བའི་ཕ་མ་སློབ་དཔོན་དང༌། །གཉེན་འདུན་མཐུན་གྲོགས་རེ་ཞིང་ལྟོས་པ་རྣམས། །མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས། །དེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ དེ་ལ་བརྟེན་ནས་ཆགས་སྡང་རྨོངས་གསུམ་གྱི། །ནད་གདོན་དགྲ་བགེགས་ཚེ་ལེན་བདུད་སྡེ་རྣམས། །མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས། །དེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ མི་བརྗེད་ཞུས་པའི་སྦྱིན་བདག་དྲིན་ཅན་དང༌། །མ་བརྗེད་གསུངས་པའི་སྦྱིན་བདག་ཕོ་མོ་རྣམས། །མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས། །དེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ སྐུ་གསུང་ཐུགས་རྟེན་བླ་མ་དགེ་འདུན་དཀོར། །སྐུ་གླུད་དད་ཟས་བརྟེན་པའི་སེམས་ཅན་རྣམས། །མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས། །དེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ སྡིག་སྤྱོད་རྒྱལ་བློན་འབངས་དང་མི་ངན་གྱིས། །ཁྲེལ་མེད་གཡོ་སྒྱུའི་ངན་སེམས་འཆང་བ་རྣམས། །མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས། །དེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ མི་དགེ་བཅུ་དང་མཚམས་མེད་ལྔ་པོ་དང༌། །དེ་དང་ཉེ་ལྔ་སྤྱོད་པའི་ལས་ངན་རྣམས། །མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས། །དེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ བསྔོ་ཡིག་སྐྱ་མོ་ལག་ན་བྱིན་པ་དང༌། །གཤིན་པོའི་ཟས་སྐལ་བླངས་པའི་ཚེ་འདས་རྣམས། །མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས། །དེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ ཤི་བ་རྣ་བས་ཐོས་དང་མིག་གིས་མཐོང༌། །འཇིག་རྟེན་ཁམས་ཀྱི་ཚེ་འདས་མ་ལུས་པ། །མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས། །དེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ གྲི་ཤི་མུག་ཤི་ལ་རོ་ཆུ་རོ་སོགས། །དགེ་མེད་སྡིག་མེད་བར་དོ་འཁྱམས་པ་རྣམས། །མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས། །དེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ འོ་ཞོ་འཐུངས་པའི་མ་འབྲི་དྲིན་ཅན་དང༌། །ཤ་ཁྲག་ཟོས་པའི་སེམས་ཅན་མ་ལུས་པ། །མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས། །དེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ མི་ཁྱོག་ཁལ་བཀལ་བཞོན་པ་ཞོན་ཞིང་བརྡུང༌། །མི་འགྲོ་སྣ་ཕུག་རྨོས་སུ་རྨོས་པ་རྣམས། །མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས། །དེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ དབུས་གཙང་ཁམས་གསུམ་མངའ་རིས་འཛམ་བུ་གླིང༌། །དེ་བཞིན་གླིང་གསུམ་གླིང་ཕྲན་ཉི་འོག་རྣམས། །མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས། །དེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ འབྱུང་བ་ཆེན་པོ་ལྔ་ལ་གནས་བཅས་ཏེ། །གཟུགས་ཅན་གཟུགས་མེད་ཕྲ་རགས་སེམས་ཅན་རྣམས། །མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས། །དེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་མ་ཡིན། །ལྷ་མི་ལ་སོགས་ཁམས་གསུམ་སེམས་ཅན་རྣམས། །མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས། །དེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་མཐའ་ལས་འདས། །དེ་བཞིན་གཏུང་དཔག་དཀའ་བའི་སེམས་ཅན་རྣམས། །མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས། །དེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱི༔
    གང་མང་གསོག་རོགས་གནང༌།

    Reply
  23. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཡུལ་ཤུལ་སློབ་གྲྭ་ཞིག་ཏུ་དགེ་རྒན་རྣམས་ཀྱིས་སློབ་ཕྲུག་ ༦༡ སྐྱབས་འདུག དགེ་རྒན་དག་གིས་བཤད་ན་སློབ་ཕྲུག་ ༢༠༠ ད་དུང་ས་འོག་ལ་ལྷག་འདུག་ཟེར། སྐར་མ་ ༣༠ སྔོན་ལ་ཚེ་རིང་འོད་ལགས་ཀྱིས་ཊི་ཝེ་ཊར་བརྒྱུད་ནས་བཤད།

    Reply
  24. མི་བུ། says:
    ལོ་ 15 སྔོན།

    ད་སྐབས་གསར་ལམ་ཁག་ནས་ས་ཡོམ་གྱིས་གནོད་མཚེ་ཕོགས་པ་རྣམས་ལ་རོགས་སྐྱོར་གཞི་རྒྱ་ཆེ་བ་བྱེད་ཀྱི་ཡོད་ཚུལ་བཤད་ཀྱི་འདུག་ཀྱང་ངས་དངོས་སུ་ས་གནས་དེར་ཡོད་པའི་ནང་མི་དང་སྤུན་ཉེ་ངོ་ཤེས་རྣམས་ལ་འབྲེལ་བ་བྱས་པ་ཡིན་པས་དེ་འདྲའི་རོགས་སྐྱོར་བྱེད་མཁན་གང་ཡང་མི་འདུག་བཤད་བྱུང་། དེ་ལུགས་ང་ཚོས་ཐབས་ཤེས་གང་དྲག་བྱེད་དགོས་ཀྱི་འདུག

    Reply
  25. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    སྐྱེ་རྒུ་མདོའི་ཁྲ་མགུ་དགོན་པ་བརྡིབ་ཚིག་རེད་ཟེར་ལ། དགེ་འདུན་པ་ ༡༢ བསད་འདུག་ཟེར།

    Reply
  26. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ད་ནངས་ཞོགས་པར་ daily Telegraph ཡི་གསར་འགོད་པ་ Malcolm Moore གྱིས་ཕྱི་རྒྱལ་གྱི་གསར་འགོད་པ་འགོག་གིན་འདུག་ཅེས་ཊི་ཝེ་ཊར་བརྒྱུད་ནས་བཤད་སོང་།

    ད་ལྟ་བཤད་ན་ སི་ཨིན་ཨིན་དང་ཕྱི་རྒྱལ་གྱི་གསར་ཁང་ཞིག་སྐྱེ་རྒུ་མདོ་རུ་བསླེབས་འདུག་ཟེར།

    Malcolm Moore གྱིས་དུས་ཚོད་གཅིག་གི་སྔོན་ལ་་ཊི་ཝེ་ཊར་གཏོང་སྐབས་སྐྱེ་རྒུ་མདོ་ལ་ཀེ་ལོ་མི་ཊར་ ༤༧ ཡོད་ཟེར། ད་ནི་ཁོང་སྐྱེ་རྒུ་མདོ་ལ་འབྱོར་ཡོད་ཚོད་ཡིན།

    Reply
  27. migyur says:
    ལོ་ 15 སྔོན།

    དངོས་གནས་ཁ་སང་གི་ཉིན་མོ་དེ་སེམས་སྡུག་དང་ཕམ་ཁའི་ཉིན་མོ་ཞིག་རེད་ཡ། ངའི་མི་རིགས་དང༌། གཉེན་ཉེ་དག་གསོན་དོང་དུ་བཅུག་སྟེ། ངའི་ཡུལ་ལུང་དེ་ཐལ་རྡུལ་དང༌། ངུ་སྐད་ཀྱིས་ཁེངས་སོང༌། ད་དུང་མ་འོངས་པའི་བོད་ཀྱི་སོན་རྩ་ཤེས་རིག་གི་འདབ་གཤོག་རྒྱས་བཞིན་པའི་གཞོན་སྐྱེས་མང་པོ་གྱང་ཞིག་གི་གསེང་འོག་ཏུ་བརྫངས་སོང༌། ལྟད་མོར་ཕེབས་པའི་རྒྱ་རིགས་ཀྱི་དམག་མི་དག །ཕལ་ཆེ་བ་སེམས་གཏིང་ནས་སྐྱིད་པའི་གླུ་སྒྲ་འཕྱུར་བཞིན་ཡོད་ངེས། ཕྱི་དྲན་བྱེད་འདོད་མེད་པའི་ཉིན་ནག །ཁྱེད་ཀྱིས་དངོས་གནས་ལས་འབྲས་གོ་ལྡོག་བྱས་སོང་ཡ་་་་་་་་་་་་་་་་་ཨ་ཤུ་རེ།། །།

    Reply
  28. རྭ་རྒྱ་བློ་དབང་། says:
    ལོ་ 15 སྔོན།

    དེ་རིང་ཉིན་གང་བོར་བསྒྲགས་པའི་མཚོ་སྔོན་བོད་སྐད་ཀྱི་གསར་འགྱུར་ལས། མདང་དགུང་གི་ཆུ་ཚོད་གཉིས་པ་ཚུན་གྱི་འགྱུར་ལྡོག་མི་གསལ།

    Reply
  29. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    དུས་སྐབས་འདི་འདྲ་ཞིག་ལ་༧གོང་ས་མཆོག་ས་ཁུལ་དེར་ཇི་འདྲའི་ཕེབས་འདོད་ཅིག་མཆིས་ཨང་། སྐྱེ་རྒུ་མདོའི་དད་ལྡན་མང་ཚོགས་ཀྱིས་ཁོང་ལ་ཇི་འདྲའི་ཕེབས་སྒུག་ཅིག་བྱས་ཡོད་ཨང་།

    Reply
  30. རྭ་རྒྱ་བློ་དབང་། says:
    ལོ་ 15 སྔོན།

    མཚོ་སྔོན་དམར་ཕྱོགས་ཚོགས་གཙོ་ཆིང་བས་ཀྱིས་བརྗོད་དོན་ལྟར། གསར་འགྱུར་དྲང་ཕྱོགས་ནས་སྤེལ་དགོས་ཟེར་བར་ཡང་གོ་རྒྱུ་ཡོད་པ་འདྲ།

    Reply
  31. ལྷ་ཆབ་སྦྱིན་པ། says:
    ལོ་ 15 སྔོན།

    ཨ་ཨ། ཅི་འདྲའི་ལྟ་མི་བཟོད་པ་ཞིག་རེད་ཨང་།

    མགོ་ནག་སྐྱིད་སྡུག་གནམ་གྱི་ལག་ཅེས་པ་དེ་ཅི་འདྲའི་བདེན་པ་ལ།

    སེམས་དང་བསམ་པའི་སྟེང་ནས་རང་རེའི་མ་འོངས་པའི་སོན་རྩ་དག་འདི་ལྟར་བཞུད་པ་ལ་མྱ་ངན་གུས་འདུད་ཞུ།

    Reply
  32. རྭ་རྒྱ་བློ་དབང་། says:
    ལོ་ 15 སྔོན།

    འདིར་མངོན་པའི་འདྲ་པར་ནི་དོན་དངོས་ལ་ཕྱོགས་པ་ཞིག་རེད། གནས་ཚུལ་ཁུངས་ལྡན་ལྟར་ན་ས་གནས་མང་ཚོགས་རྨས་ཚབ་མི་ཆེ་བ་དང་། གྲྭ་བས་ཉེན་སྐྱོབ་ཤུགས་ཆེན་བྱས་སོངཟེར། འོན་ཀྱང་རྒྱ་ནག་གཞུང་ཕྱོགས་ནས་དོན་དངོས་དེ་ཅི་ཐུབ་ཀྱིས་སྦས་སྐུང་བྱེད་ཀྱི་འདུག

    Reply
  33. བློ་བཟང་། says:
    ལོ་ 15 སྔོན།

    བོད་དུ་ངོ་རྒོལ་སྐད་འབོད་སྐབས་སུ་རྒྱ་ནག་གིས་དམག་མི་སྟོང་ཕྲག་མང་པོ་ལམ་སེང་བཏང་གི་ཡོད། འདི་ཤི་སྐྱོན་ངན་པ་ཐེབས་དུས་ཁ་ཤས་ལས་མེད་པ་གང་ཡིན་ནམ། རྒྱ་ནག་གྲོང་ཁྱེར་ཁྲོན་ཏུར་ས་ཡོམ་རྒྱབ་སྐབས་སུ་རྒྱ་ནག་སྲིད་འཛིན་ཕེབས་ཏེ་ངུ་ཡོད། ད་རེ་གོ་རྒྱུ་གང་ཡང་མི་འདུག་གང་ཡིན་ནམ།

    Reply
  34. migyur says:
    ལོ་ 15 སྔོན།

    དགོངས་དག་གུས་པས་གོང་གི་ཁ་བྱང་དེ་ནོར་འདུག །
    ཚེ་འདས་ཀྱི་མིང་ཐོ་འདིའི་ཐོག་གཏོང་རོགས་ཞུ། mainly882001@yahoo.co.in ཡང་ན་ druktsering2003@gmail.com རྡེ་ར་རྡུན་འབྲི་གུང་བཀའ་བརྒྱུད་ནས།

    Reply
  35. ལྡན་མ་ཐུབ་བསྟན་དངོས་གྲུབ། says:
    ལོ་ 15 སྔོན།

    ཐེང་འདིའི་ས་ཡོམ་གྱི་གོད་ཆག་ཁྲོད་ཤི་རྨས་བྱུང་བའི་གྲངས་འབོར་འཕར་བཞིན་འདུག། དེ་རིང་ཞོག་པ་ཁ་པར་གྱི་ལམ་ནས་སྒྱུས་ལོན་བྱས་དོན་ལ་ཤི་གྲངས་ལ་ ༡༠༠༠ ལས་བརྒལ་བ་དང་རྨས་གྲངས་ལ་༡༠༠༠༠ ལས་བརྒལ་འདུག་ཟེར། ཁ་སང་དེ་རིང་གི་རོགས་སྐྱོར་པ་ནི་རང་རིགས་ཀྱི་གྲྭ་པ་མང་ཤོས་ཡིན་པ་དང་ཉི་ཧོང་གི་རོགས་སྐྱོར་པ་མི་ཉུང་བ་ཞིག་འབྱོར་ཡོད་ཚོད་འདུག་རྒྱ་ནག་སྲིད་གཞུང་གིས་རོགས་སྐྱོར་པས་ནི་བལྟ་སྐོར་ཙམ་ལས་དངོས་སུ་ལག་ལྟར་བྱེད་ཀྱིད་མེད་སྐོར་བརྗོད་བྱུང་། ད་དུང་ཉིས་སྟོང་གསུམ་བཞིའི་སྐབས་སུ་འབྲོག་པ་རྒྱ་གྲོང་དུ་འགུག་ཐབས་ཀྱིས་ཁང་པ་ཕུན་ཆེར་ཞིག་གཞུང་གིས་གསར་བསྐྲུན་བྱས་པ་དེ་དག་དང་ཤོས་ཞིག་ཡོད་འདུག་ལ་མ་ཞིག་བ་གཅིག་ཀྱང་ལུས་མེད་ཚོད་འདུག།
    གོང་དུ་ཐེང་འདིའི་ས་ཡོམ་གྱི་ལྟེ་གནས་དེ་ར་སྟོད་ཤང་ཡིན་སྐོར་བྲིས་འདུག་དེ་ནི་ནོར་ཡོད་ས་རེད། ར་སྟོད་ཤང་ལ་གྲོང་པ་ཆུང་ཆུང་ལས་ཡོད་མ་རེད། དངོས་གནས་ས་ཡོམ་གྱི་ལྟེ་གནས་དེ་ཡུ་ཤུལ་ཁུལ་དང་རྫོང་གཉིས་མཉམ་དུ་ཡོད་སའི་སྐྱེ་རྒུའི་གྲོང་པ་རང་ལ་རེད་འདུག། དྲ་གྲོགས་རྣམས་པས་གཟིགས་འདོད་ཡོད་ན་དྲ་བྱང་འདི་རེད་འདུག yushu earth quake in tibet འདིའི་ཐོག་ནས་གཟིགས་ན་རྙན་པར་གསལ་པོ་མཐོང་ཐུབ་ཀྱིས་འདུག།

    Reply
  36. ཕུན་ཚོགས ། says:
    ལོ་ 15 སྔོན།

    ས་ཡོམ་གྱིས་རྐྱེན་འདས་སུ་སོང་བའི་ཡུལ་ཤུལ་མི་དམངས་རྣམས་ལ་གདུང་སེམས་དྲག་ པོས་མྱ་ངན་ཞུ། ང་ཚོས་ཁ་སང་གི་འཇིགས་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་ཏུ་ རྩིས་ནས་སང་ཉིན་གྱི་རྒྱལ་ཁ་དང་བདེ་སྐྱིད་ལ་བློ་ཐག་རྦད་ཆོད་ཀྱིས་ཧུར་བརྩོན་ བྱེད་དགོས།དེའི་ཕྱིར་ང་ཚོ་སྟོབས་ཤུགས་ཀྱིས་མུ་མཐུད་དུ་ཅིས་ཀྱང་གསོན་ དགོས། གོ་ཨེ་ཐལ་་་་་་་བདག་གི་སེམས་མཐིལ་ན་མྱ་ངན་གྱིས་འགུལ་བཞིན་པའི་ཡུལ་ ཤུལ་མི་དམངས།
    འོད་ ནག་ནས།

    Reply
  37. migyur says:
    ལོ་ 15 སྔོན།

    ཁམས་སྐྱེ་དགུ་མདོ་རུ་ཁ་སང་གི་གོད་ཆགས་འོག་ཏུ་འདས་གྲོངས་སོང་བའི་ཚེ་འདས་དང༌། རྨས་སྐྱོན་ཕོག་པ་རྣམས་ཀྱི་ཆེད་དུ་དྭགས་བརྒྱུད་བསྟན་པའི་བདག་པོ་༧འབྲི་གུང་སྐྱབས་མགོན་རིན་པོེ་ཆེ་མཆོག་དབུ་བཞུགས་ཐོག །འབྲི་གུང་བྱེས་ཀྱི་གདན་ས་བྱང་ཆུབ་གླིང་དུ། དགེ་འདུན་བླ་སྤྲུལ་བཙུན་མ་ཁྱོན་སུམ་བརྒྱ་སྐོར་གྱིས། སྤྱི་ཚེས་ ༡༤ ཉིན་རྒྱབ་ཕྱག་ཚོད་ ༥ པའི་ཐོག་འབྲི་གུང་འཕོ་བ་འཇག་ཚུགས་མ་དང༌། བསྔོ་སྨོན་རྒྱས་པ་དང་བཅས་གདུང་སེམས་མཉམ་བསྐྱེད་གནང་སོང༌། ད་དུང་སྤྱི་ཚེས་ ༢༡ ཉིན་ཚེ་ལས་འདས་པ་དང་འདས་མ་རྣམས་ཀྱི་ཆེད། གནས་འདྲེན་དང་བྱང་ངུ་གསུང་རྒྱུ་རེད་འདུག་པས། གཞི་བྱེས་ཀྱི་ལྷན་རྒྱས་རྣམ་པས་ཚེ་འདས་རྣམ་པའི་མིང་ཐོ་གང་བྱུང་བ་ཚེས་ ༢༡ གི་སྔོན་ཚུད་ཁ་བྱང་འདིའི་ཐོག་གཏང་གནང་རོགས་ཞུ།
    རྡེ་ར་རྡུན་འབྲི་གུང་བཀའ་བརྒྱད་ནས། mainly882001@yahoo.co.in ཡང་ན་ druktseging2003@gmail.com

    Reply
  38. གངས་ཁྲོད་ཀྱི་བྱིས་པ། says:
    ལོ་ 15 སྔོན།

    http://www.youtube.com/user/Zwilling2007#p/a/u/0/dERkbnMFmkA
    སྤྱི་ལོ་ ༢༠༡༠ ལོའི་ཟླ་བ ༤ ཚེས་ ༡༤ ཉིན་བོད་མདོ་ཁམས་ཡུལ་ཤུལ་ཁུལ་དུ་ས་ཡོམ་ཤུགས་ཚད་ ༦་༩ ཅན་རྒྱབ་ནས་མི་ཟོག་མང་པོར་ཤི་རྨས་བྱུང་བར་འབྲི་གུང་༧སྐྱབས་མགོན་ཆེ་ཚང་དཀོན་མཆོག་བསྟན་འཛིན་ཀུན་བཟང་འཕྲིན་ལས་ལྷུན་གྲུབ་དབུ་བཞུགས་ཐོག འཕགས་ཡུལ་བྱང་ཆུབ་གླིང་གི་འདུས་སྡེ་གྲྭ་ཚང་དང་། བཤད་གྲྭ། བཙུན་དགོན་ཐུན་མོང་ནས་འབྲི་གུང་འཕོ་བ་དང་སྨོན་ལབ་བསྐྱངས་གཟུགས་མཐོང་པར་རིས།

    Reply
  39. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་གཞན་པ་མང་པོ་ཞིག་གིས་ཀྲུང་གོ་རྒྱལ་ཁབ་དང་ཀྲུང་གོ་མི་དམངས་ལ་གདུང་སེམས་མཉམ་སྐྱེད་བྱེད་ཀྱིན་ཡོད་ཚུལ་བརྗོད་འདུག རྒྱ་ནག་གིས་ཀྱང་ཕྱིའི་རྒྱལ་ཁབ་མང་པོ་ཞིག་གིས་ཀྲུང་གོར་གདུང་སེམས་མཉམ་སྐྱེད་བྱས་སོང་ཞེས་ཞིན་ཧྭ་གསར་ཁང་གི་ངོས་སུ་བཀོད་འདུག

    ཆག་སྒོ་ཆེན་པོ་འདི་འདྲའི་སྐབས་སུའང་ཆབ་སྲིད་ཀྱི་སྐད་ཆ་ནི་གཡོལ་ཐབས་མེད་པའི་ཆག་སྒོ་གཞན་ཞིག་རེད་འདུག

    Reply
  40. རྭ་རྒྱ་བློ་དབང་། says:
    ལོ་ 15 སྔོན།

    ལོ་སྔོན་མའི་གསུམ་དུས་ཉིན་དམག་མི་༢༠༠༠༠ ལྷག་ཐད་ཀར་བཀྲམས་པ་རེད་ཟེར།

    Reply
  41. རྭ་རྒྱ་བློ་དབང་། says:
    ལོ་ 15 སྔོན།

    ད་ལྟ་སྐྱེ་དགུ་ས་ཆའི་གྲོགས་པོ་ཞིག་གིས་བརྗོད་དོན། ཁ་སང་སྟེ་ཚེས་༡༤་ཉིན་གྱི་མཚན་མོ་ཆུ་ཚོད་དྲུག་པ་ཙམ་ལ་གཞི་ནས་དམག་མི་༢༠༠་ཙམ་སླེབས་བྱུང་མོད། སྐབས་དེར་ཤི་རྒྱུ་ཤི་ཟིན་པ་རེད་ཟེར། ཞོགས་པ་ས་འགུལ་བྱུང་བ་ནས་བཟུང་ས་འགུལ་ཆུང་ཆུང་ཡང་ཡང་བྱུང་མོད། ཉེན་ཁར་མ་འཛེམས་པར་ས་གནས་མང་ཚོགས་རྨས་སྐྱོན་ཚབ་ཆེན་མ་ཐེབས་པ་རྣམས་དང་། དགོན་སྡེ་ཁག་གི་གྲྭ་བཙན་ཚོས་ཉིན་གང་རིང་མྱུར་སྐྱོབ་ཀྱི་བྱ་བ་སྒྲུབ་བཞིན་འདུག་མོད། ལག་ཆ་དང་ཉམས་མྱོང་གང་ཐད་ནས་ཧ་ཅང་དལ་འགོར་ཆེ་བ་རེད་ཟེར། ཕལ་ཆེར་ཚོད་དཔགས་བྱས་ནས་མི་ཤི་གྲངས་༡༠༠༠༠།འབུད་ངེས་རེད་ཟེར།

    Reply
  42. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    མཐིང་སྨུག་སྦྲ་ནང་དུ་ཡོད་ཚེ་འདི་ལྟ་བུའི་ཚེ་སྲོག་གི་ཆག་སྒོ་ཆེན་པོ་ཞིག་བྱུང་མེད་ཚོད་ཡིན།

    སྐྱེས་ཁམས་ཁོར་ཡུག་དང་མཐུན་པའི་ (Eco-friendly) འཚོ་བའི་ལམ་ལུགས་ ཤིག་ལ་བསྟེན་ཡོད་ན་འདི་ལྟའི་རང་བྱུང་གི་གོད་ཆག་ཅིག་ཡོང་དོན་མེད།

    འབྲོག་པ་ཚོ་གྲོང་ཁྱེར་ཅན་དུ་བསྒྱུར། གྲོང་ཁྱེར་རྣམས་དུར་ཁྲོད་དུ་བསྒྱུར།

    ཉེ་ལམ་ཁོར་ཡུག་གི་ཆེད་ལས་མཁས་པ་ཞིག་གིས་ཚན་རིག་པ་གྲགས་ཅན་མང་པོ་ཞིག་ལ་བཅར་འདྲི་ཞུས་པའི་དཔེ་དེབ། ༼ས་གཞིར་ཉན་པ་༽ཞེས་པ་ཞིག་བཀླགས་པ་ཡིན། དེ་དུས་གཞི་ནས་རྒྱ་ནག་གིས་བོད་ནང་འཛུགས་སྐྲུན་བྱེད་བཞིན་པའི་ཡ་ང་བའི་མདུན་ལམ་དང་ཉེན་ཁ་དེ་དག་ཚོར་བྱུང་།

    Reply
  43. གངས་སྨྱུག says:
    ལོ་ 15 སྔོན།

    ཤེས་རྟོགས་བྱུང་བ་ལྟར་ན། ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱིས་གོ་ཆགས་ཤུགས་ཆེན་པོ་ཕོག་མ་ཐག རྡེ་ར་རྡུན་དུ་དཔལ་འབྲི་གུང་བཀའ་བརྒྱུད་ཀྱི་གདན་ས་བྱང་ཆུབ་གླིང་དུ། འབྲི་གུང་བཀའ་བརྒྱུད་བཙུག་ལག་སློབ་གཉརེར་ཁང་དང༌། བཀའ་བརྒྱུད་ནང་བསྟན་མཐོ་སློབ། བཙུན་དགོན་བསམ་གཏན་གླིང༌། སྲོང་བཙན་དཔེ་མཛོད་ཁང་སོགས་ཀྱི་ཚོགས་མང་ལས་བྱེད་ཡོངས་ཀྱི་དབུས། འབྲི་གུང་སྐྱབས་མགོན་རིན་པོ་ཆེ་མཆོག་ཆེད་ཕེབས་ཀྱིས་ཡོངས་སུ་གྲགས་པའི་འབྲི་གུང་འཕོ་བ་འཇག་ཚུགས་མ་བསྩལ་བ་དང་ཐུགས་སྨོན་རྒྱ་ཆེན་གནང་ཡོད་པའི་གནས་ཚུལ་འདུག

    Reply
  44. འབྲི་འབྲོང་། says:
    ལོ་ 15 སྔོན།

    བོད་ཀྱི་དུས་བབས་ཀྱི་གནས་ཚུལ་སྤེལ་གསལ་ལྟར་ན་མི་གྲངས་༦༡༧་ཤི་ཡོད་པ་དང་༡༠༠༠༠་རྨས་ཡོད་པའི་གནས་ཚུལ་སྤེལ་འདུག་ཀྱང༌། དོན་དངོས་དེ་ལས་མང་ཚེ་སྲོག་ཤོར་ཡོད་པ་དང༌། དཔེ་ཆ་བཞག་པ་ཡིན་ན་སློབ་ཁང་རེ་རེ་ལས་ཚེ་སྲོག་ཤོར་བའི་བམ་རོ་༦༠ནས་༧༠་ཡས་མིན་དོན་དང་དོན་བཞིན་པ་རེད་འདུག

    Reply
  45. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བཙན་བྱོལ་གཞུང་གིས་ས་ཡོམ་རྒྱག་པའི་རྒྱུ་རྐྱེན་གང་ཡིན་ཞིབ་འཇུག་བྱ་དགོས་ཀྱི་འདུག་པ་སེམས།

    Reply
  46. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ངའི་གོ་ཐོས་བཤད་ན་སུད་སི་ཚན་རིག་པའི་ལྟ་ན་བོད་ཀྱི་ས་ཐོག་ཏུ་མེ་འཁོར་ལྕགས་ལམ་རྒྱག་མི་ཐུབ་པར་བཤད་ཡོད་པར་རེད།
    རྒྱུ་མཚན་ནི། བོད་ཀྱི་སའི་འོག་ཨུ་ཁུང་མང་བ་དང་ས་སྲ་མོ་དེ་ཙམ་མི་འདུག་ཞེས་བཤད་མྱོང་ཡོད་པར་རེད།
    ས་ཡོམ་སྐོར་རུ་ཚན་རིག་པའི་བཤད་སྲོལ་ལྟ་ན་སའི་སྟེང་དུ་སྔར་མེད་ཀྱི་ལྕི་ཚད་གསར་དུ་སླེབས་ན་སའི་འོག་ཏུ་ཡོད་པའི་སའི་ཨུ་ཁུང་མར་རྡོལ་འགྲོ་དུས་ས་ཡོམ་རྒྱག་པར་བཤད།
    རྒྱུ་རྐྱེན་དེར་འདྲ་བརྟེན་ནས་ས་ཡོམ་རྒྱག་གིན་ཡོད་པར་ཡིན་ན། བོད་ཀྱི་གཙང་བོ་ཆེན་པོ་རྣམས་འགྲོ་སར་མ་གཏོང་བ་བཀག་ཡོད་པས་བོད་ཀྱི་ས་ཐོག་ཏུ་སྔར་མེད་ཀྱི་ལྕི་ཚོད་རྒྱ་མ་དུང་ཕྱུར་མང་པོ་གསར་དུ་སླེབས་པས་ས་ཡོམ་རྒྱག་པར་མིན་ནམ་སྙམ།

    Reply
  47. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    རྒྱ་ནག་གཞུང་གིས་ཆུ་མཛོད་རྒྱག་པས་རྐྱེན་གྱིས་ས་ཡོམ་རྒྱག་པར་ཡིན་མིན་རྒྱལ་སྤྱི་ཚན་རིག་པ་ཚོས་ཞིབ་འཇུག་བྱེད་རོགས་བྱེད་ན་ག་འདྲ་ཕན་པོ།

    ཆུ་བོ་ཆེན་པོ་རྣམས་ནམ་རྒྱུན་ལྟར་མི་འཇོག་པར་ཡར་བཀག་པ་ཡིན་དུས་ལྕི་ཚོད་རྒྱ་མ་དུང་ཕྱུར་མང་པོ་ཆགས་ཡོད་པར་མངོན་སུམ་རེད།

    Reply
  48. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིསཿ
    སྒྱུ་ལུས་གཡར་པོ་འཇིག་ལ་ཐུག་པའི་ཚེཿ
    ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབསཿ
    ཨོ་རྒྱན་འབྱུང་བ་བཞི་ཡི་ལྷ་མོར་བཅསཿ
    འབྱུང་བ་རང་སར་ཞི་བར་ཐེ་ཚོམ་མེདཿ
    ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབསཿ
    བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབསཿ

    Reply
  49. དགྲ་བཅོམ་པ་ཆོས་སྐྱབས། says:
    ལོ་ 15 སྔོན།

    ཆུ་མཛོད་ཆེན་པོ་དེ་གཏོར་ཚ་ཡོད་པའི་སྐད་ཆ་འདུག་ད་དུང་མི་མང་པོའི་ཚེ་སྲོག་ཤོར་ཡོད་པའི་གནས་ཚུལ་འདུག་བློ་ཕམ་པོ་རེད།

    Reply
  50. གནམ་ལྕགས། says:
    ལོ་ 15 སྔོན།

    རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ་འདི་ལ། འདི་འདྲའི་ས་ཡོམ་ཞིག་བརྒྱབ་པ་ནི་བློ་ཡུལ་དུ་མི་ཤོང་བ་གང་ཡང་མ་རེད་དེ། ཆུ་མཛོད་ཆེན་པོ་དེ་ཤོར་ན་ད་གཟོད་བློ་ཡུལ་དུ་མི་ཤོང་བའི་གནས་ཚུལ་འབྱུང་གི་རེད།

    ད་དུང་མིའི་ཤི་གྲངས་འཕར་ངེས་རེད།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese