མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་རི་སྒྲོལ་མ། “ང་བཀའ་བློན་ཁྲི་པའི་འོས་གཞིར་ལངས་པ་ཡིན”

བོད་ཀྱི་དུས་བབ།
༢༠༡༠/༠༨/༠༤
Share on FacebookShare on TwitterShare on EmailShare on Whatsapp

ངས་བཀའ་བློན་ཁྲི་པའི་འགན་འཁུར་བ་ཡིན་ན། དང་པོ་བོད་ཀྱི་རྩ་དོན་ཐོག་ད་བར་ལས་ཀ་བྱེད་བསྡད་པ་དེ་མཇུག་སྐྱོང་གི་ནུས་པ་ཞིག་འདོན་ཐུབ་གི་རེད་བསམ་པ་དང་། གཉིས་པ་རྒྱ་གར་དབུས་དང་ས་གནས་ཀྱི་མགོ་ཁྲིད་རྣམ་པ་ཚོར་བཙན་བྱོལ་གཞུང་གིས་ད་བར་འབྲེལ་བ་ཞིག་འཛིན་ཐུབ་ཡོད། བོད་པ་བཙན་བྱོལ་བའི་གནས་བབ་ཐོག་ག་རེ་གནང་དགོས་པ་ཡིན་ཡང་། ༧གོང་ས་མཆོག་སྐུ་འཚོ་བཞུགས་རིང་གནང་མ་ཐུབ་ན། རྗེས་མ་ཕྱི་དྲགས་པ་རེད་བསམས་ཏེ་སོ་སོ་མདུན་ལ་ཐོན་པ་ཡིན་ཟེར།

དེ་རིང་སྔ་དྲོ་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་མོ་རང་སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པའི་འོས་གཞིར་བཞེངས་རྒྱུ་ཡིན་པའི་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་སོང་། སྐབས་དེར་ཁོང་མོས་གསུངས་དོན། ཚང་མས་མཁྱེན་གསལ་ལྟར། ད་ཆར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྤྱི་འཐུས་སྐབས་བཅོ་ལྔ་བ་དང་། བཀའ་བློན་ཁྲི་པ་སྐབས་བཅུ་བཞི་བའི་སྐོར་ལ་ལས་རིམ་ཞིག་འགྲོ་བསྡད་ཡོད་པ་རེད། དུས་ཚོད་འདི་དང་བསྟུན་ཏེ། ངས་ང་རང་སྒེར་གྱི་མ་འོངས་པའི་ལས་དོན་བྱེད་ཕྱོགས་སྐོར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདོད་བྱུང་སོང་། ཕྱི་ལོ་ ༡༩༩༡ ལོར་ང་རང་ཐོག་མར་བོད་མི་མང་སྤྱི་འཐུས་ནང་འོས་འདེམས་བྱས་ཏེ། སྐབས་བཅུ་གཅིག་པ་ནས་ད་བར་བསྟུད་མུར་ཐེངས་བཞིོའི་རིང་སྤྱི་འཐུས་ལྷན་ཚོགས་ནང་འགན་འཁུར་མུས་རེད། འོན་ཀྱང་སྐབས་བཅོ་ལྔ་བའི་མདོ་སྟོད་སྤྱི་འཐུས་འོས་མིའི་ནང་མི་འདུག་རྒྱུའི་ཐག་གཅོད་བྱས་ཚར་བ་ཡིན། ང་སྤྱི་འཐུས་ནང་ཡོང་ཁུངས་དེ་མདོ་སྟོད་ཆགས་ཡོད་སྟབས། ལོ་ངོ་ ༢༠ ཉེ་བའི་རིང་ང་མི་མང་གི་འཐུས་མི་བྱས་ཏེ་ཞབས་ཞུ་བསྒྲུབ་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྦྲགས། ཡོང་ཁུངས་ག་འདྲ་ཞིག་ཡིན་རུང་། སྤྱི་འཐུས་ལྷན་ཚོགས་སུ་དམ་བཅའ་ཕུལ་བའི་རྗེས་ལ་སྤྱི་མི་ཞིག་གི་ངོས་ནས་ཕྱག་ལས་གནང་བསྡད་ཡོད། ལྷག་པར་དུ་ང་རང་ལ་མཚོན་ན་ཚོགས་གཙོ་གཞོན་པའི་ལས་ཀ་ལོ་བརྒྱད་བྱས་པའི་རིང་ལ། སྤྱི་མི་ཞིག་གི་ཐད་ནས་ལྷག་བསམ་བརྟན་པོའི་ཐོག་ནས་ཞབས་ཞུ་བསྒྲུབས་པ་ཡིན།

 

ད་ཆར་ང་རང་གིས་བསམ་བློ་མང་པོ་ཞིག་བཏང་སྟེ། སོ་སོར་མཚོན་ན། ༧གོང་ས་མཆོག་གི་དབུ་ཁྲིད་བཟང་པོའི་འོག བཙན་བྱོལ་དམངས་གཙོའི་སྒྲོམ་གཞི་ཞིག་གི་ནང་སྐྱེས་པ་རེད། རྒྱ་ནག་གིས་ཐད་ཀར་མནར་གཅོད་གཏོང་སར་སླེབས་ཡོད་པ་མ་རེད། འོན་ཀྱང་སློབ་གྲྭ་རིམ་པའི་སྐབས་དང་། ཚོགས་པ་སྒྲིག་འཛུགས་ཁག་ནང་ལས་ཀ་བྱས་སྐབས་གང་འདྲ་ཞིག་ཡིན་རུང་། རང་ཉིད་བུད་མེད་ཅིག་ཡིན་པའི་ངོས་ནས་ཐོབ་ཐང་ཐད་ཀར་དགོས་ཀྱི་འདུག་ཟེར་མ་མྱོང་ལ། བུད་མེད་ཅིག་ཡིན་པར་ཐུབ་ཚོད་གཏོང་མཁན་ཡང་བྱུང་མ་མྱོང་། འོན་ཀྱང་། རང་བཞིན་གྱིས་རང་ཉིད་བུད་མེད་ཅིག་ཡིན་སྟབས་མདུན་དུ་འཐོན་རྒྱུར་དཀའ་ངལ་ཕྲན་བུ་ཡོད་པ་འདྲ། ད་བར་མདུན་དུ་བུད་དེ་གསལ་བསྒྲགས་བྱ་མ་ཐུབ་པ་ཡང་གནས་སྟངས་དེའི་དབང་གིས་བྱུང་བ་རེད་བསམ་ཡོད། བཅའ་ཁྲིམས་རིན་པོ་ཆེ་དང་། ལྷག་པར་དུ་༧གོང་ས་མཆོག་གི་ལམ་སྟོན་བཟང་པོའི་འོག་ཕོ་མོ་འདྲ་མཉམ་ཡོད། གོ་སྐབས་དེ་ལེན་པའི་ཆེད་དུ་བུད་མེད་མདུན་དུ་འཐོན་དགོས་པ་གལ་ཆེན་པོ་རེད། ང་རང་ལོ་ ༡༤ ཙམ་ནས་འཐབ་རྩོད་པ་ཞིག་གི་ངོ་བོའི་ཐོག་ནས་འཚར་ལོངས་བྱུང་བ་རེད། གལ་སྲིད་ང་བུད་མེད་ཅིག་མིན་ན། ཐག་གཅོད་དེ་དུས་ཚོད་འདིའི་སྔོན་ལ་བྱས་ཐུབ་ཡོད་རྒྱུ་རེད་དྲན་ཡོད། བཀའ་བློན་ཁྲི་པའི་འགན་འཁུར་དེ་བོད་མིའི་ལྷ་དང་ཆོས་སྐྱོང་སྲུང་མ་གཙོས་པའི་བོད་མི་དམངས་ཀྱིས་ང་ལ་གོ་སྐབས་གནང་བ་ཡིན་ན། ལས་འགན་དེ་ང་རང་ལ་འཁུར་རྒྱུའི་འདོད་པ་ཡོད། སེམས་ཤུགས་ཡོད་ཅེས་ངས་དེ་རིང་གསལ་བསྒྲགས་ཞུ་རྒྱུའི་སྙིང་དོན་ཡིན། ཞེས་གསུངས་སོང་།

 

དེའི་རྗེས་དྲི་བ་དྲིས་ལན་མགོ་འཛུགས་བྱས་ཡོད་ཅིང་། གསར་འགོད་པས་ཁོང་མོར། ཁྱེད་རང་བཀའ་བློན་ཁྲི་པར་བཞེངས་འདོད་ཚེ་དམིགས་བསལ་གྱི་ཕྱག་ལས་གང་འདྲ་གནང་འཆར་ཡོད་མེད་དྲིས་པར་ཁོང་མོས། ད་ལྟའི་གཞུང་གི་སྲིད་བྱུས་ལ་བཀའ་ཁྲི་གསར་པ་ཕེབས་ཀྱང་འགྱུར་བ་འགྲོ་རྒྱུ་མིན་པ་གསལ་བོ་རེད། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་བཀའ་ཁྲིར་བཞུགས་ཏེ་ལོ་བཅུ་འགྲོ་བཞིན་ཡོད། ཁོང་བཀའ་ཁྲིར་མ་ཕེབས་གོང་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཏེ་གཏན་འབེབས་བྱས་ཡོད། ༢༠༠༢ ལོར་བོད་རྒྱའི་འབྲེལ་ལམ་སླར་གསོ་བྱུང་བ་རེད། དེ་བཞིན་བཙན་བྱོལ་གཞུང་གི་དགོས་འདུན་ཡིག་ཐོག་ལ་ཕབ་པ་དང་། དེ་ལ་འགྲེལ་བརྗོད་བཅས་ཡིག་ཐོག་ནས་རྒྱ་ནག་ལ་སྤྲོད་ཐུབ་པ་དེ་བཟང་ཕྱོགས་ཤིག་རེད། སྲིད་བྱུས་གཞན་གང་ལའང་འགྱུར་བ་ཕྱིན་ཡོད་པ་མ་རེད། ང་ལ་མཚོན་ན། དབུ་མའི་ལམ་གྱི་སྲིད་བྱུས་དེ་སྤྱི་འཐུས་ལྷན་ཚོགས་ནང་གཏན་འབེབས་མ་བྱས་གོང་ནས་དམ་བཅའ་ཕུལ་ཏེ་གྲོས་ཚོགས་ནང་ཡོད་མཁན་ཞིག་ཡིན། དེ་བཞིན་སྲིད་བྱུས་དེ་གྲོས་ཚོགས་ནང་དངོས་སུ་གཏན་འབེབས་བྱེད་སྐབས་ཀྱང་མགོ་རྔ་ཚང་མར་འབྲེལ་བ་ཡོད་མཁན་ཞིག་ཡིན། ང་རང་གི་བསམ་པར་ཆབ་སྲིད་ཀྱི་སྲིད་བྱུས་གང་འདྲ་ཞིག་ཡིན་རུང་། དུས་དང་དགོས་མཁོར་བསྟུན་ཏེ། འགྱུར་བ་འགྲོ་དགོས་པ་ཞིག་རེད་ལ། དབུ་མའི་ལམ་གྱི་སྲིད་བྱུས་ཀྱང་འགྱུར་བ་འགྲོ་མི་སྲིད་པ་མ་རེད། འོན་ཀྱང་ད་ལྟའི་ཆར་ང་ལ་དབུ་མའི་ལམ་དང་གཞུང་གི་སྲིད་བྱུས་འདིའི་ཐོག་ལ་འགྱུར་བ་གཏོང་དགོས་ཀྱི་འདུག་ཟེར་ནས་ཞུ་རྒྱུ་མེད་ཀྱང་། བཀའ་བློན་ཁྲི་པའི་འགན་འཁུར་མཁན་གྱི་གང་ཟག་ལ་འགྱུར་བ་ཕྱིན་ན། སྲིད་བྱུས་ལ་འགྱུར་བ་མེད་ཀྱང་ཕྱག་ལས་གནང་སྟངས་མང་པོ་ཞིག་ལ་རང་བཞིན་གྱིས་འགྱུར་བ་འགྲོ་གི་རེད། ཅེས་གསུངས་སོང་།

 

གལ་སྲིད་སྐུ་ཉིད་ལ་བཀའ་བློན་ཁྲི་པའི་འོས་ཤོག་ཐོབ་ཚེ་ལས་དོན་གང་དག་ལ་ནུས་པ་ཐོན་རྒྱུ་རེད་དྲན་ཡོད་དམ་ཞེས་དྲིས་པའི་ལན་དུ་ཁོང་མོས། སྤྱི་འཐུས་ལྷན་ཚོགས་ཀྱི་ཁྲིམས་བཟོའི་ལས་འགན་དེ་ཕྱོགས་གཅིག་རེད། དེ་བས་གལ་ཆེ་བ་དེ་རྟོག་ཞིབ་རེད། ང་ལ་མཚོན་ན་ལོ་བཅུ་དགུ་ལྷག་རིང་གཞུང་གི་ཕྱག་ལས་གནང་ཕྱོགས་དང་ས་གནས་ཁག་གི་གནས་སྟངས་ལ་རྟོག་ཞིབ་བྱས་པ་རེད། རང་ཉིད་ཀྱིས་ནུས་པ་འདོན་ཐུབ་ས་རེད་བསམ་ས་མང་པོ་ཞིག་འདུག བཀའ་ཁྲི་གསར་པ་སླེབས་པ་ཙམ་གྱིས་གཞུང་གི་སྔར་ཡོད་སྲིད་བྱུས་ལ་འགྱུར་བ་གཏོང་ཐུབ་གི་མ་རེད་དེ། སྲིད་བྱུས་གསར་པ་ཡོང་ཆོག་གི་རེད། དཔེ་མཚོན་ཙམ་ཞུས་ན། ཐོག་མ་བོད་ནས་རྒྱ་གར་ནང་འབྱོར་བ་ཚོར་རྒྱ་གར་གཞུང་གིས་གཞིས་ཆགས་གནང་ཡོད་པ་རེད། འོན་ཀྱང་རྗེས་སུ་བོད་ནས་འབྱོར་རིགས་ལ་བོད་གཞུང་གིས་གཟིགས་རྟོགས་གནང་གི་ཡོད་ཀྱང་། གཟིགས་རྟོགས་གནང་སྟངས་ཀྱི་སྲིད་བྱུས་ཀྱི་ནང་ལ་འགྱུར་བ་ཁ་ཤས་དགོས་པ་རེད་དྲན་ཡོད། དེ་བཞིན། ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་པ་ཚོ་ཡང་། ཐོག་མ་གཞུང་ངོས་ནས་གཞིས་ཆགས་སུ་བཏང་ཡོད་ཀྱང་། རྗེས་སུ་གནས་སྟངས་འདྲ་མིན་ཐོག་འགྲོ་མཁན་ཚོས་བོད་བསྟན་སྲིད་ལ་ནུས་པ་ཆེན་པོ་འཐོན་བཞིན་ཡོད། འོན་ཀྱང་ཁོང་ཚོ་ལའང་དཀའ་ངལ་གསར་པ་ཞིག་ཡོད་པ་རེད། དེ་བཞིན། གཞིས་ཆགས་སྲ་བརྟན། སིལ་ཚོང་རིགས། བལ་གོས་བཙོང་མཁན་བཅས་ལའང་སྲིད་བྱུས་ཤིག་ངེས་པར་དུ་བཟོ་དགོས་པ་རེད་དྲན་ཡོད། ཤེས་ཡོན་སྲིད་བྱུས་ལ་མཚོན་ན། སློབ་སྦྱོང་ཐོན་མཁན་ཡོངས་ལ་ང་ཚོས་ལས་ཀ་སྤྲོད་ཐུབ་ཀྱི་ཡོད་དམ། ལྷག་པར་དུ་བོད་ནས་ཡོང་མཁན་ཤེས་ཡོན་ཅན་མང་པོ་ཞིག་ལུས་སྲོག་ལོངས་སྤྱོད་དང་བཅས་པ་༧རྒྱལ་བ་རིན་པོ་ཆེ་ལ་ཕུལ་ཏེ་ཡོང་བ་རེད། ཁོང་ཚོ་སློབ་གྲྭ་ཁག་ནས་ཐོན་ཏེ་ངྷ་རམ་ས་ལར་ཡོང་སྐབས་གང་ལ་འགྲོ་དགོས་པ་རེད། འདི་དག་ལ་ཞིབ་ཚགས་ཀྱིས་གཟིགས་དགོས་པ་རེད་དྲན་ཡོད་ཟེར།

ཁོང་མོས་མུ་མཐུད་དོན། བཀའ་ཤག་དེ་བཀའ་བློན་ཁྲི་པའི་བཀའ་ཤག་ཡིན་ཡང་། མཉམ་འདུས་ཀྱི་འགན་ཡོད་པའི་བཀའ་ཤག་ཅིག་ངེས་པར་དུ་ཆགས་དགོས་པ་རེད། གལ་སྲིད་ང་བཀའ་བློན་ཁྲི་པར་འོས་བདམས་བྱུང་བ་ཡིན་ན། ངའི་བཀའ་ཤག་ནང་ “ ལགས་སོ” ཞུ་མཁན་ཙམ་མ་ཡིན་པར། མཉམ་རུབ་ཀྱིས་འགན་འཁུར་ཏེ་བགྲོ་གླེང་གི་ཐོག་ནས་ཐག་གཅོད་བྱ་མཁན་ཞིག་ལ་རེ་བ་རྒྱག་གི་ཡོད། ང་ཚོར་ཡོད་པ་དེ་མིའི་ནུས་པ་རེད། མ་འོངས་བོད་ཀྱི་སོན་རྩ་ཟེར་བ་དེ་ཡང་གཙོ་བོ་བོད་ནང་གཞི་རྩར་བཟུང་བའི་ཐོག་ནས་རྒྱ་གར་ནང་གི་སློབ་གྲྭ་ཙམ་མ་ཡིན་པར་དགོན་སྡེ་ཁག་ཀྱང་གལ་ཆེན་པོ་ཆགས་ཡོད། གལ་སྲིད་ང་བཀའ་བློན་ཁྲི་པ་ཆགས་ཚེ་གནད་དོན་འདི་དག་གལ་ཆེན་དུ་རྩི་བཞིན་ཡོད། ཅེས་གསུངས་སོང་།

 

མཐར་ཁོང་མོས་བོད་རང་བཙན་ཐད་སྲིད་བྱུས་གང་འདྲ་འཛིན་འདོད་ཡོད་སྐོར་གསུངས་དོན། ང་ཚོའི་རྩ་དོན་མྱུར་དུ་འགྲུབ་ཐུབ་པའི་ཐད། དབུ་མའི་ལམ་གྱི་སྲིད་བྱུས་ཡོད་པའི་ཐོག་ལ། ང་ཚོ་རང་གིས་ནུས་པ་ཇི་ལྟར་འདོན་དགོས་ཀྱི་འདུག་ཟེར་ན། དབུ་མའི་ལམ་ལ་ཡིད་ཆེས་བྱེད་པ་གཅིག་པུའི་དོན་མ་རེད་བོད་མི་ས་ཡ་དྲུག་གི་ཆེད་རེད། རང་བཙན་བཤད་མཁན་ཡང་མི་གཅིག་དང་ཚོགས་པ་གཅིག་གི་དོན་མ་རེད། ང་ལ་མཚོན་ན་ས་མཚམས་དང་དབྱེ་བ་ཞེ་དྲག་བཀར་རྒྱུའི་འདོད་པ་མེད། ང་ཚོར་ཡོད་བཞིན་པའི་ནུས་པ་མཉམ་སྤུངས་བྱ་རྒྱུ་དེ་ཡིན། གལ་སྲིད་ང་ཚོ་བཙན་བྱོལ་ནང་ཡུན་རིང་ལྷག་དགོས་བྱུང་ན། མ་འོངས་པའི་མི་རབས་ཚོར་མ་རྩ་ཞིག་ལྷག་དགོས་པ་གལ་ཆེན་པོ་རེད། ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པ་དང་། བཙན་བྱོལ་གཞུང་འདི་བོད་ཀྱི་ཁྲིམས་མཐུན་གྱི་གཞུང་ཡིན་པ། དེ་བཞིན། མཉམ་འབྲེལ་རྒྱལ་ཚོགས་ནང་དུའང་སླར་ཡང་འགྲོ་དགོས་དང་མི་དགོས་སོགས་ལ་བསམ་བློ་གཏོང་དགོས་པ་རེད་དྲན་ཡོད། རྒྱ་བལ་འབྲུག་གསུམ་བོད་མི་མང་ཤོས་ཆགས་ཡོད། ང་ཚོ་བཙན་བྱོལ་ནང་ཡུན་རུང་ལྷག་དགོས་བྱུང་ན། གཞིས་ཆགས་སྲ་བརྟན་དང་རྒྱུན་གནས་ཐུབ་ཐབས་ཀྱི་ཕྱག་ལས་གནང་རྒྱུ་གལ་ཆེན་པོ་རེད། ངས་བཀའ་བློན་ཁྲི་པའི་འགན་འཁུར་བ་ཡིན་ན། དང་པོ་བོད་ཀྱི་རྩ་དོན་ཐོག་ད་བར་ལས་ཀ་བྱེད་བསྡད་པ་དེ་མཇུག་སྐྱོང་གི་ནུས་པ་ཞིག་འདོན་ཐུབ་གི་རེད་བསམ་པ་དང་། གཉིས་པ་རྒྱ་གར་དབུས་དང་ས་གནས་ཀྱི་མགོ་ཁྲིད་རྣམ་པ་ཚོར་བཙན་བྱོལ་གཞུང་གིས་ད་བར་འབྲེལ་བ་ཞིག་འཛིན་ཐུབ་ཡོད། བོད་པ་བཙན་བྱོལ་བའི་གནས་བབ་ཐོག་ག་རེ་གནང་དགོས་པ་ཡིན་ཡང་། ༧གོང་ས་མཆོག་སྐུ་འཚོ་བཞུགས་རིང་གནང་མ་ཐུབ་ན། རྗེས་མ་ཕྱི་དྲགས་པ་རེད་བསམས་ཏེ་སོ་སོ་མདུན་ལ་ཐོན་པ་ཡིན། ཞེས་གསུངས་སོང་།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Front Slider

༧པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༣༠ འཁོར་བ་སྲུང་གཙི་ཞུས།

ཆུ་ཚོད་ ༣ སྔོན་ལ།
༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་མཛད་རྣམ་རྗེས་དྲན་གྱི་དབྱིན་ཡིག་ཐོག་ཡོད་པའི་ཕྱག་དེབ་ (Tibet's Stolen Child) ཅེས་པ་དབུ་འབྱེད་གནང་བ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

དྷ་ས་ཉེ་འཁོར་གྱི་བོད་སློབ་ནང་ཁུལ་དབར་ངག་རྩལ་འགྲན་བསྡུར་ཞིག་འཚོགས།

ཆུ་ཚོད་ ༤ སྔོན་ལ།
དྷ་ས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དང་འབྲེལ་ནས་ལས་འགུལ་སྤེལ་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༣༠ འཁོར་བའི་ཉིན་མོ་སྲུང་གཙི་ཞུས།

ཆུ་ཚོད་ ༤ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་དུ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་རྗེས་དྲན་བགྲོ་གླེང་ཞིག་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༦
Mobile App

མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་བཀྲོངས་པ་ཁ་གསལ་བཟོ་ངེས་ཡིན་པའི་བསྒྲགས་གཏམ་སྤེལ།

༢༠༢༥/༠༥/༡༦
Exile Tibetan Buddhist nuns carry placards during a protest march demanding the release of their religious leader Gedhun Choekyi Nyima, the 11th Panchen Lama, who was put under house arrest by the Chinese authorities this day in 1995 in Tibet, in Dharmsala, India, Wednesday, May 17, 2017. © 2017 AP Photo/Ashwini Bhatia
Mobile App

༧པཎ་ཆེན་རིན་པོ་ཆེ་ནང་མི་སྐུ་འཁོར་དང་བཅས་པ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་སྐུལ་མ་བྱས་འདུག

༢༠༢༥/༠༥/༡༦
གངས་་སྐྱིད་དུ་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༨ པ་སྲུང་གཙི་གནང་།  ༢༠༢༥།༠༥།༡༦ དུས་བབ་ཀྱི་པར།
Mobile App

བོད་ཀྱི་སྒྱུ་རྩལ་པས་སྒྱུ་རྩལ་བརྩམས་ཆོས་ཀྱི་ཐོག་ནས་བོད་དོན་འགྲེམས་སྟོན་བྱས།

༢༠༢༥/༠༥/༡༦

མཆན། 174

  1. ལྷག་པ། says:
    ལོ་ 15 སྔོན།

    ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་བློ་སྟོབས་ཆེན་པོས་བཀའ་བློན་ཁྲི་པའི་འོས་གཞིར་དང་བླངས་ཀྱིས་བཞེངས་པར་བསྟོད་བསྔགས་ཞུ། འོན་ཀྱང་། ད་ལྟའི་ཆར་ཁོང་མོ་བཀའ་བློན་ཁྲི་པར་བཞུགས་རྒྱུ་འོས་འཚམས་མ་རེད་བསམ་ཡོད། གང་ཡིན་ཟེར་ན། ད་བར་ཁོང་མོའི་ཕྱག་ལས་གནང་བའི་གོ་རིམ་ཁྲོད། མི་དམངས་ཉམ་ཐག་ལ་གཟིགས་རྟོགས་གནང་བ་དང་། བོད་ནས་གསར་དུ་ཕེབས་མཁན་ཚོའི་དཀའ་ངལ་ལ་ལྟ་བ། བོད་མི་ཕྱིར་རྒྱལ་དུ་གཏོང་རྒྱུར་འབད་བརྩོན་གནང་བ། རྒྱ་གར་གྱི་ས་གནས་རིམ་པའི་དཔོན་རིགས་ཚོར་འབྲེལ་འདྲིས་བྱས་ཏེ། རྒྱ་གར་ཡུལ་མི་དང་བོད་མི་སྐྱབས་བཅོལ་བའི་བར་གྱི་འབྲེལ་ལམ་ཡར་རྒྱས་སུ་བཏང་བ་སོགས་བཟང་ཕྱོགས་ཀྱི་ཁྱད་ཆོས་རེ་ཟུང་ཡོད་ཀྱང་། ཁོ་མོའི་སྐད་ཆ་བཤད་སྟངས་དང་། ཆོས་སྲིད་གཉིས་ལ་འཕྲལ་ཕུགས་རྒྱང་གསུམ་གྱི་མཁྱེན་ཡོན། ད་བར་གྱི་ལས་དོན་གནང་ཕྱོགས་ཀྱི་རྗིད་ཁོག། མཐོ་དམན་བར་མ་ཀུན་ལ་འབྲེལ་ལམ་འཛུགས་ཕྱོགས་སོགས་ལ་གཞིགས་ན་བཀའ་ཁྲིའི་ལས་འགན་འཐེགས་པ་ཁག་པོ་ཡིན་ལ། ལྷག་པར་དུ། མོ་རང་གི་སེམས་སྙོམ་དྲགས་པ་ཡིན་ནམ། ཡང་ན་ཆབ་སྲིད་ཀྱི་ཕྱག་ལས་གནང་མཁན་ཚོ་དག་གི་གཞན་ཡིད་འགུག་བྱེད་ཀྱི་ཐབས་ལམ་ཞིག་ཡིན་ཆ་མ་འཚལ་མོད། བཀའ་མོལ་གནང་སྐབས་དང་སྡིངས་ཆ་གལ་ཆེན་རིགས་ཀྱི་སྟེང་ནས་མིག་ཆུ་འདོན་པ་འདི་ཡང་། བཀའ་བློན་ཁྲི་པ་ཟེར་ཡང་མིང་འདོག་ཙམ་ལས་རྒྱལ་ཁབ་ཀྱི་སྲིད་འཛིན་ཞིག་གི་བཟི་རྗིད་ཤོར་བའི་རྣམ་པ་ཞིག་རེད། དེས་མཚོན་པའི་ལས་དོན་གལ་ཆེན་དང་ཛ་དྲག་གི་སྐབས་དག་ཏུ་སེམས་རྒྱས་མི་འདང་པའི་སྐྱོན་གནས་མང་པོ་ཞིག་ཡོང་ངེས་ཡིན་སྟབས། ཕྱོགས་མང་པོ་ཞིག་ལ་བསམ་བློ་བཏང་སྟེ་སླར་མོ་རང་གི་སྟེང་ལ་བབས་ཡོང་སྐབས་བཀའ་བློན་ཁྲི་པར་ད་དུང་བཞེངས་རྒྱུའི་འོས་མ་མཐོང་།

    Reply
  2. རྒྱལ་ཐང་ཡོན་ཏན says:
    ལོ་ 15 སྔོན།

    དྲ་གྲོགས་ཚོས་དགོངས་ཚུལ་ལྷུག་པོ་གནང་འདུག་པས་དགའ་བྱུང་། ང་ཚོས་ད་བར་ཕྱོགས་གང་ནས་བལྟས་ཀྱང་བློ་བཟང་སེངྒ་འོས་གཞི་རུ་བཏོན་རྐྱངས་གནང་ཡོད། འོན་ཀྱང་ཕལ་ཆེ་བས་གནས་ལུགས་རྒྱུ་མཚན་ངེས་ཡོད་མེད་དོགས་གཞི་ཡོད། ང་ཚོས་རང་ཉིད་ཀྱིས་འོས་གང་བླུག་པ་དེ་ཁྲལ་ཙམ་མ་ཡིན་པར། གོང་ནས་གནང་བའི་ཡང་དག་པའི་དམངས་ཚོགས་ཀྱི་རིན་ཐང་ཤེས་དགོས་ལ། དེའི་ཁེ་དབང་ལོངས་སུ་སྤྱོད་པ་ན་བྲོ་བ་ལྡན་པ་ཞིག་ཡོང་བར་རང་ཉིད་ཀྱིས་བཟོ་དགོས། དེས་ཕྱིར་ང་ཚོས་བཀའ་སྤྱི་གཙོས་ཆེས་མཐོ་དཔོན་རིགས་སུ་དང་སུ་འོས་འཕེན་སྐབས་རང་ཉིད་ཀྱིས་འཕེན་ཡུལ་འོས་གཞིའི་མི་སྣ་ལ་རྒྱུས་ལོན་དང་། གང་ཟག་དེས་སྤྱི་དམངས་ལ་ཕན་པའི་སྲིད་ཞུ་བསྒྲུབ་ནུས་མིན་དང་། རང་ཉིད་ཀྱང་འཐེན་ཁྱེར་ཕྱོགས་ལྷུང་གི་དྲི་མས་འགོས་ཡོད་མེད་བལྟ་ཞིབ་གནང་རྒྱུ་གལ་ཆེན་དུ་མཐོང་། དེ་ལྟར་བྱུང་ན་འཇུག་འབྲས་ང་ཚོར་རྒྱལ་ཁ་ཞིག་འཐོབ་རྒྱུའི་རེ་བ་ཡོད་ལ། དམངས་ཚོགས་ཀྱི་བྲོ་བ་ཞིག་ཀྱང་ད་གཟོད་མྱོང་ཡོད།

    Reply
  3. ཁམས་ཕྲུག་འཇིགས་མེད། says:
    ལོ་ 15 སྔོན།

    རྒྱ་རི་སྒྲོལ་མ་ལགས་དཔོན་ཉམས་ཆེན་པོ་འདུག

    Reply
  4. tenzintashi says:
    ལོ་ 15 སྔོན།

    ང་ཚོར་བུད་མེད་བཀའ་ཁྲི་ཞིག་ཡོད་ཆོག་ཀྱང་ད་ལྟའི་ཆར་རྒྱ་རི་སྒྲོལ་མ་དང་གངས་ལྷ་མོ་སོགས་ལ་བཀའ་ཁྲིའི་འཇོན་ནུས་ཡོད་པ་ཞིག་མ་མཐོང་ངོ་།

    Reply
  5. ཨ་འཇིགས says:
    ལོ་ 15 སྔོན།

    མི་སུ་ཡིན་ནའང་དག་སྣང་སྦྱང་ན་མ་གཏོགས་སྐྱོན་མེད་ས་ཞིག་
    ཡོད་ཚོད་མི་འདུག ལྷག་དོན་སྒེར་གྱི་འགལ་ཟླ་བྱས་ཚེ་དེ་ལ་བཟོད་སྒོམ་དང་བསྟུན་བྱ་མཁན་ནི་སྲིད་མཐའ་ཙམ་རེད། གནད་དོན་འདི་ལ་མི་མང་གིས་དབྱེ་ཞིབ་གནང་མི་ཐུབ་པའི་དཀའ་ངལ་འདི་ནི་འཛམ་གླིང་རང་བཞིན་གྱི་དཀའ་ངལ་ཞིག་ཆགས་ཡོད་རེད། འདི་ཅུང་ཙམ་ཆུང་དུ་གཏོང་ཐུབ་ལ་ཤེས་ཡོན་ཡར་རྒྱས་དང་དབྱེ་ཞིབ་ཀྱི་བསམ་བློ་ཡར་རྒྱས་གཏོང་རྒྱུ་ལས་ཐབས་ལམ་གཞན་དཀའ་མོ་རེད།

    Reply
  6. ཨ་འཇིགས says:
    ལོ་ 15 སྔོན།

    ངས་ཉེ་ཆར་སྤྱི་འཐུས་འོས་ཀྱི་ས་བོན་འཚོལ་ཞིབ་ཀྱི་ལས་དོན་་འགའ་ལ་མཉམ་ཞུགས་བྱེད་སྐབས་ཀྱང་ང་ཚོ་ལ་སྤྱི་མི་ཞིག་དགོས་པར་ཤུགས་ཆེན་བཤད་ཁུལ་ཡིན་མོད། ཡིན་ནའང་མི་མང་ལ་རྣམ་རྟོགས་འདི་ཅུང་མཐུག་པོ་བཞག་ཡོད་པའི་རྣམ་འགྱུར་མངོན་གྱིན་འདུག འདི་ནི་སྡེ་ཚན་གཅིག་དང་ཆོལ་ཁ་གཅིག་གི་ཞན་ཆ་མ་རེད།

    Reply
  7. ཨ་འཇིགས says:
    ལོ་ 15 སྔོན།

    བཀའ་ཁྲི་ལ་བཞུགས་ཀི་ཡིན་གསུངས་ཏེ་མདུན་ལ་པཕེབས་པ་འདི་ནི་ཧ་ཅང་ཡག་པོ་རེད། མ་ཟད་དེ་སྔ་བོད་ཀྱི་སྤྱི་ཞིག་གི་ངོ་བོར་བཞུགས་པའི་ལོ་རྒྱུས་ཡོད་ན་དེ་ལས་ཀྱང་གལ་ཆེན་རེད།

    Reply
  8. ཨ་འཇིགས says:
    ལོ་ 15 སྔོན།

    མདུན་དུ་ཐོན་ནས་ངས་བཀའ་ཁྲི་གནང་གི་ཡིན་ཀི་ཡུན་གསུངས་པ་འདི་ནི་ཧ་ཅང་གི་ཡག་པོ་འདུག གང་ལྟར་རེ་བ་ཆེན་པོ་ཞིག་ཡིད་ལ་བཟུང་སྟེ་ཕེབས་པ་རེད། འོས་དང་མི་འོས་བསམ་བློ་ཞིབ་མོ་གནང་རོགས། དེ་སྔ་ཡང་སྤྱི་མི་ཞིག་གི་
    ངོ་ནས་བཞུགས་ཐུབ་ཡོད་ན་འདི་ནི་ཡག་པོ་རེད་ང་ཚོ་ལ་སྤྱི་མི་དགོས་གལ་ཆེན་པོ་རེད། དེ་མིན་ཆོལ་ཁ་ལ་ཕྱག་ལས་ཆེན་པོ་བསྒྲུབ་རྒྱུ་ཡོད་པར་འཛིན་པའི་རྣམ་རྟོགས་འདིས་ང་ཚོ་བཙན་བྱོལ་གཞུང་གི་གཅིག་གྱུར་དང་ནུས་པ་ལ་གཏོར་སྐྱོན་ཆེན་པོ་བཏང་དང་གཏོང་མུས་རེད། ་འདི་ནི་མི་ཆེན་འགའ་རེ་ལ་དག་སྣང་བྱ་རྒྱུ་ཆེ་དྲག་པའི་རེད།

    Reply
  9. Lhamon says:
    ལོ་ 15 སྔོན།

    སྤྱིར་རྒྱ་རི་སྒྲོལ་མ་བུད་མེད་ཀྱི་ནང་ནས་འཇོན་ཐང་དང་སྤོབས་པ་ཆེན་པོ་རེད། ཁོང་ལ་རྒྱབ་སྐྱོར་ཡོད། འོན་ཀྱང་བཀའ་བློན་ཁྲི་པ་བྱེད་ཀྱི་ཡིན་ཟེར་བ་དེ་ལ་རྒྱབ་སྐྱོར་རྩ་བ་ཉིད་ནས་མེད། སྤྱིར་མོ་མགོ་བདེ་པོ་དང་འཁྲབ་མཁས་པོ་རེད། དྲ་གྲོགས་ཚོ་གཟིགས་དང་མོའི་ཁྱོ་ཀ་ལི་ཐང་ཨ་ཐར་དང་གྲའུ་དཔོན་རིན་ཆེན་ཚེ་རིང་ཞེས་བོད་སོག་ལས་ཁུངས་དང་མཉམ་དུ་གྲོས་ཆོད་འཇོག་མཁན་གཉིས་ཀྱི་ནང་ནས། གྲའུ་དཔོན་རིང་ཆེན་ཚེ་རིང་གི་བུ་མཁྱེན་རབ་ཀྱི་བཟའ་ཟླ་ཡིན་པ་དང་། རྒྱ་རི་སྒྲོལ་མ་གྲའུ་ཚང་གི་མནའ་མ་རེད། དེར་བརྟེན་ལྡི་ལི་ཆུ་སྒང་གི་ཕྱོགས་ནས་འོས་གཞིའི་ནང་རྒྱ་རི་སྒྲོལ་མ་བཀྲམ་ཡང་། དོན་གྱིས་མི་མང་ནང་འོས་ཤོག་བླུག་གི་ཡོད་པ་རེད།
    དྷ་སར་ཡོད་པའི་ཆུ་སྒང་ཟེར་བ་དེ་མོ་རང་གིས་དགོས་མཁོ་འགའ་ཞིག་གི་ཆེད་དུ་སྒོ་རྒྱག་མ་བཅུག་པས་དེའི་ཕྱོགས་ནས་ནུས་པ་ཡོད་ཚད་ཀྱིས་མོ་ལ་རྒྱབ་སྐྱོར་ཡོད་ཡོད་པ་རེད། ད་ལྟའི་ཆར་མོ་རང་དྷ་སའི་ཆུ་སྒང་གི་རྒྱུན་ལས་རེད། ཁྱོ་ག་དང་བཟའ་འཐོར་བྱས་ཟིན་པ་རེད། དེ་དག་ལ་རེ་རེ་བཞིན་རྒྱུ་མཚན་དང་རྒྱབ་ལྗོངས་རེ་ཡོད། སྔོན་མ་མདོ་སྟོད་ཀྱི་སྤྱི་འཐུས་བྱེད་པའི་སྐབས་གྲའུ་ཚང་གི་མནའ་མ་ཡིན་ན་མདོ་སྟོད་ཀྱི་འོས་ཤོག་རག་པར་ཁེ་ཕན་ཡོད་པས་ད་བར་དེ་ལྟར་བསྡད་པ་རེད། ད་ལོ་བཀའ་ཁྲིའི་འོས་མིར་ལངས་པའི་སྐབས་མདོ་སྟོད་ཀྱི་རྒྱབ་སྐྱོར་དེ་གལ་ཆེན་པོ་གང་ཡང་མིན་པ་དང་། གཙོ་ཆེ་བ་དེ་དབུས་གཙང་གི་རྒྱབ་སྐྱོར་དགོས་པས་ལྡི་ཆུ་སྒང་ལ་དབུས་གཙང་བ་ཚོ་མི་དགའ་བས། ལྡི་ལི་ཆུ་སྒང་གི་མི་སྣ་གཙོ་གྲས་སུ་གཏོགས་པ་ཁོང་གི་ཁྱོ་ཀ་དང་ཁ་ཁ་བྱས། དྷ་སའི་ཆུ་སྒང་དེ་ཁམས་པ་ནང་འཁྲུག་ཡོང་ཐབས་སུ་དབུས་གཙང་ལ་བེད་སྤྱོད་ཆེ་བ་ཡོད་པ་དང་དུས་རྒྱུན་རྒྱབ་སྐྱོར་ཆེན་པོ་ཡོད་པར་བརྟེན། མོ་རང་དྷ་སའི་ཆུ་སྒང་གི་རྒྱུན་ལས་པར་བསྡད་པ་རེད། རྒྱུ་མཚན་འདི་དག་གི་ཐོག་ནས་རྒྱ་རི་སྒྲོལ་མའི་གནས་སྟངས་དངོས་ཡོད་གནས་ཚུལ་མཐོང་ཐུབ་པ་ཞིག་མ་རེད་དམ།

    Reply
  10. སྟོང་བསྐོར་ཐུབ་བསྟན། says:
    ལོ་ 15 སྔོན།

    རྒྱ་རི་སྒྲོལ་མ་ལགས་ཀྱིས་སྤྱི་འཐུས་མི་ལོ་ཉི་ཤུའི་རིང་གནང་ཀྱང་སྲིད་བྱུས་འགྱུར་བ་གཏོང་མ་ཐུབ་པར། ད་བཀའ་ཁྲིའི་འོས་ཐོབ་ན་མང་པོ་ཞིག་འགྱུར་བ་གཏོང་གི་ཡིན་གསུངས་པ་འདིར་ལ་ཡིད་ཆེས་མི་འདུག།

    ཡང་ཁྱོད་ཀྱིས་མངོན་ལྐོག་གཉིས་ནས་ཁམས་པའི་ནང་ལོག་ལ་ཆུ་སྒང་གསར་རྙིང་ཟེར་བ་ཁག་ཁག་བཟོ་ཅི་ཐུབ་བྱེད་བཞིན་ཡོད་པས དེ་ཡང་དགའ་པོ་མིན།

    གཞན་ཡང་་ཁྱོད་ཀྱིས་ལོ་དེ་གས་ནང་བོད་གཅིག་གྱུར་བཟོ་ཡག་ཕར་ཙམ་བཞག་ཁམས་རིགས་རྣམས་ཀྱང་ཁ་བྲལ་དུ་བཏང་བ་ལས་གཅིག་གྱུར་བཟོས་མ་སོང་བའི་རྒྱབ་སྐྱོར་བྱ་ཐུབ་ས་མ་རེད།།

    Reply
  11. ཚོ་སྒོ་བ། says:
    ལོ་ 15 སྔོན།

    ཕུགས་དམིགས་དེ་བཀའ་ཁྲི་རང་ད་ཨེ་ཡིན། ཕལ་ཆེར་བཀའ་བློན་ཞིག་ལ་རེ་བ་རྒྱག་གི་ཡོད་པ་གསལ་བོ་རེད། བཀའ་ཁྲི་སུ་སླེབས་ནའང་ཁོ་མོ་བཀའ་བློན་ཞིག་ལ་དམིགས་འཛུགས་གནང་རྒྱུ་མ་བརྗེད་པ་དང་སྤྱི་ལྷན་ནས་ཀྱང་དེ་དོན་རྒྱབ་སྐྱོར་ཐོབ་པར་སྨོན།

    Reply
  12. བསེ་རུ། says:
    ལོ་ 15 སྔོན།

    སྔོན་འགྲོའི་འོས་གཞི་བླུག་པར་ད་དུང་ཉིན་དགུ་འདུག བཀའ་སྤྱི་གཉིས་ཀའི་འོས་མིར་ཐུགས་བསམ་ནན་ཏན་བཞེས་དགོས་འདུག ངའི་བསམ་པར་བཀའ་ཁྲིའི་འོས་མི་ཁག་པོ་ཡོང་ས་རེད་བསམ་བྱུང་ཡང་། ད་བཀའ་ཁྲིའི་འོས་མིར་དཀའ་ངལ་མི་འདུག
    ཉེན་ཁ་གཅིག་ནི་སྔོན་འགྲོའི་འོས་བླུག་མཁན་གྱི་གྲངས་ཚད་དང་། དངོས་གཞིའི་འོས་བླུག་མཁན་གྱི་གྲངས་ཚད་བར་ཡང་ཧེ་བག་ཆེན་པོ་ཞིག་ཤོར་གྱི་རེད་སྙམ་གྱི་འདུག
    དེར་ཚང་མས་ཕྱར་གྲུ་མཉམ་འདེགས་གནང་དགོས་འདུག

    Reply
  13. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བོད་ལ་བདེ་སྐྱིད་བྱུང་ན་རྒྱལ་པོ་ཨ་ནིས་བྱས་ནའང་བྱེད། ཅེས་པའི་གཏམ་དཔེ་ལ་སོམས།

    Reply
  14. ལྷ་ལུང་ says:
    ལོ་ 15 སྔོན།

    ག་པར་བཀའ་ཁྲི་མི་དགོས་ད་རེས་མདོ་སྟོད་སྤྱི་མཐུས་ཐོབ་ཁག་པོ་རེད

    Reply
  15. ལྷ་ལུང་ says:
    ལོ་ 15 སྔོན།

    རྒྱ་རི་སྒྲོལ་མ་ མོ་རང་བཀའ་ཁྲི་ཐོབ་ཡ་རེ་བ་མེད་། ད་རེས་བཀྲས་མཐོང་ཐོབ་ཆེད་བློ་བཟང་སེངྒེ་ལ་ཁ་གཏད་ལངས་པ་རེད་།

    Reply
  16. འབའ་པ་སྐལ་བཟང་འཕྲིན་ལས། says:
    ལོ་ 15 སྔོན།

    སྤྱི་འཐུས་སྐབས་སུ་ལས་གཞི་དེ་དག་འགྲུབ་པའི་སླད་ཞལ་ཅུང་ཙམ་གྲགས་མ་མྱོང་པར་བཀའ་བློན་ཁྲི་པ་ཆགས་ན་དེ་ནང་བཞིན་ཡིན་རྒྱུ་རེད།
    ཨ་ཅག་མཆོག་གིས་བློ་སྤོབས་ཆེ་པོའི་ངང་ནས་གསར་འགོད་བཟོ་པ་དེ་བཀའ་བློན་ཁྲི་པ་ཆགས་པའི་སླད་དུ་ཡིན་ནམ་།ཡང་ན་ཤེས་རིག་དྲིལ་བསྒྲགས་སོགས་ལྷན་ཁང་ཞིག་གི་བཀའ་བློན་གྱི་སླད་དུ་ཡིན་པ་ང་ཚོས་བརྟག་དགོས།
    འདི་འཁྲབ་སྟོན་ཡིན་ནམ་ དངོས་གནས་ཡིན་མིན་ཡང་སེམས་དགོས།

    Reply
  17. གཅེན་པོ། says:
    ལོ་ 15 སྔོན།

    འདི་ནི་ང་རང་བོད་རིགས་བུ་མོ་ཚོའི་སྙིང་སྟོབས་རེད།
    འདི་ནི་བོད་ཀྱི་བུ་མོ་ཚོས་འཛམ་གླིང་བུ་མོ་གཞན་དང་འདྲ་བར་མདུན་དུ་བསྐྱོད་ཐུབ་པའི་བཟང་ཕྱོགས་ཤིག་རེད།
    འདི་ནི་ལྷ་ལྕམ་རྒྱ་རི་སྒྲོལ་མ་ལགས་ཀྱི་སྤོབས་པ་ཞིག་རེད།
    འདི་ནི་ང་རྒྱལ་ཁྱོད་ཕམ་ཞིག་མ་ཡིན་པར་བོད་སྤྱི་པའི་ཞབས་འདེགས་ཤིག་རེད།
    ཕེབས་ཤོགས་རྒྱ་རི་སྒྲོལ་མ་ལགས་དང་འདྲ་པར་བོད་པའི་བུ་མོ་རྣམས།
    གངས་ཅན་པའི་མི་རིགས་ཆེད་དུ་བཀའ་ཁྲིའི་འོས་མི་ལ་ཕེབས་ཤོགས།
    ཁྱེད་རྣམས་གངས་ཅན་པའི་བདག་མོ་རེད་ལ།
    ཁྱེད་རྣམས་གངས་ཅན་པའི་མི་རིགས་ཀྱི་འབྱུང་གནས་རེད།
    ཁྱེད་ལ་བཀའ་ཁྲིའི་ལས་འགན་ཐོབ་པའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

    Reply
  18. བྱམས་རྒྱལ། says:
    ལོ་ 15 སྔོན།

    གྲོགས་ཅོ་རི་ལགས།
    ཁ་ན་རོགས་དང་རེད་དེ་ འཇམ་ཐིང་ངེར་གནས་པ་ལས་ གཡོ་འགུལ་ཏོག་ཙམ་ཞིག་ བྱུང་ན་སྙམ་པ་དེ་ཡིན།

    Reply
  19. བྱམས་རྒྱལ། says:
    ལོ་ 15 སྔོན།

    བསྟན་འཛིན་ལྷ་མོ་ལགས་།
    ཆང་ས་རྒྱག་མི་རྒྱག་དང་ ཁ་བྲལ་མི་བྲལ་ གྲྭ་ས་ཁག་ལ་འོས་ཤོག་ཐོབ་པས་ཆེད་དུ་བླ་རྒན་ཚོ་ལ་དངུལ་སྤྲོད་ཚར་ཡིན་པས་ཟེར་ཡ་འདི་ཚོ་གཞི་མེད་བསྐྱོནའཛུགས་རང་རེད་ མི་ལོ་མང་པོ་བཀའ་ལས་རྒྱག་མཁན་གྱི་མི་ལ་ཡག་བྱུང་ཟེར་ཡ་མེད་པ་ལ་དོན་མེད་ཚིག་མཚོན་འདེབས་ཡ་འདི་ང་ཚོའི་བཟང་སྤྱོད་རེད་པས།

    Reply
  20. tenzen lhamo says:
    ལོ་ 15 སྔོན།

    ཨ་ཅག་རྒྱ་སྒྲོལ་ལགས།
    ཁྱེད་ཀྱི་སྔོན་མ་ཆུང་དུས་ཀྱི་སྐད་ཆ་ཞིག་དྲན་བྱུང་བས་ཞུ་རྒྱུ་ཡིན།
    ཁྱེད་མོ་གསར་ཡིན་དུས། བོད་རང་བཙན་བརྩད་དུས། རྒྱ་གང་ཁྲན་དགྲ་ལ་བརྩི་དུས།
    ཁྱེད་ཀྱིས་བོད་རང་བཙན་མ་ཐོབ་བར་དུ་ཆང་ས་རྒྱག་གི་མིན་གསུངས་མྱོང་བ་དྲན་པ་འདུག་གམ། དེང་སང་ཆང་ས་རྒྱག་ཚར་བ་མ་ཟད་ཁ་ཡང་བྲལ་ཚར་བ་འདྲ།ཧ་ཧ་ཧ

    བོད་རང་བཙན་ག་པ་ཡོད་དམ། དགོད་སྤྲོ་བའི་གཏམ་རྒྱུད་འདིར་ཚར་གླེང་པ་ཡིན།

    Reply
  21. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    བློ་སྤོབས་ཆེ་བའི་རྒྱ་རིའི་ཨ་ཅག་ལས་དགའ་བསུ་དང་རྗེས་སུ་ཡི་རང་ཞུ་བཞིན་ཡོད།
    འདི་ནི་སྙིང་སྟོབས་རེད་ལ་ཤེས་ཡོན་ཡོད་པའི་རྟགས་ཀྱང་རེད་་་་་གང་ལྟར་ཞུམ་པ་མེད་པར་མདུན་སྐྱོད་བྱ་དགོས་པ་ཧ་ཅང་གལ་ཆེན་རེད།་

    Reply
  22. tenzen lhamo says:
    ལོ་ 15 སྔོན།

    ཨ་ཅག་རྒྱ་སྒྲོལ་ལགས།

    གྲྭ་ས་ཁག་ལ་འོས་ཤོག་ཐུབ་པས་ཆེད་དུ་བླ་རྒན་ཚོ་ལ་དངུལ་སྤྲོད་ཚར་ཡིན་པས། བླ་རྒན་རེ་རེ་ལ་དགེ་ཕྲུག་བཞི་ལྔ་བཅུ་ཡོད་མཁན་མང་པོ་རེད་ད། ཞུ་མ་དགོས་པར་ཁྱེད་ཀྱིས་མཁྱེན་གསལ་རེད། ལོ་མང་སྤྱི་འཐུས་འོས་ཐོབ་པ་ཡང་གཙོ་བོ་མདོ་སྟོད་མི་དམངས་མ་རེད་དངུལ་གྱིས་ཉོས་པའི་བླ་རྒན་འདི་ཚོས་བཟོས་པ་རེད་དོ།

    རྒྱ་རི་ཚང་ལ་དངུལ་ནི་ཡོད། བཙན་བྱོལ་སྤྱི་ཚོགས་ནང་དུ་དངུལ་གྱིས་ཉོ་མི་ཐུབ་པའི་མི་ནི་དཀོན་པོ་རེད། མ་འོང་བཀའ་ཁྲི་ཁྱེད་རང་མ་གཏོགས་སུ་ཡང་མེད།
    བོད་མིའི་ལས་དབང་གི་ཉི་མ་ཤར་བཅུག་མཁན་ཁྱེད་རང་ཚོ་སྐུ་ཚེ་བརྟན་པ་ཤོག
    རྒྱ་གང་ཁྲན་ཁྲི་ལོར་བརྟན་པར་ཤོག
    དངུལ་དར་ཡ་ཆར་པ་འབབ་ཤོག
    ཁྱེད་རྒྱ་སྒྲོལ་བཀའ་ཕེབས་པར་ཤོག
    མགྱོགས་མྱུར་དུ་རྒྱ་ལ་འགྱུར་བ་ཤོག

    Reply
  23. བསེ་རུ་ར། says:
    ལོ་ 15 སྔོན།

    “གོང་དུ་གྲོགས་པོ་རྟའུ་ཆོས་མཛད་ལགས་ཀྱིས་བཀའ་ཁྲིའི་འོས་གཞི་རུ་མི་གསུམ་བཞག་ འདུག དེ་དག་གི་ནང་ནས་གཉིས་ལ་མོས་མཐུན་མེད། བཀའ་ཁྲི་གསུམ་དགོས་ན་གཞན་གཉིས་ལ་བསམ་བློ་གཏོང་ས་རེད་དེ། གཅིག་མ་གཏོགས་ས་མིག་མེད་པས་གཅིག་རང་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན།

    དང་པོ་ཀརྨ་ཆོས་འཕེལ་ལ་མཚོན་ན་མི་དྲང་མོ་དང་སློབ་སྦྱོང་ཅན་ཞིག་ཡིན་པ་ཧ་ཅང་ གསལ་པོ་རེད་ལ། ཆབ་སྲིད་ཀྱི་ལངས་ཕྱོགས་ཀྱང་བརྟན་པོ་རེད། ཁོང་ལ་གུས་བཀུར་ཆེན་པོ་ཡོད། འོན་ཀྱང་ད་ལྟའི་དུས་ཚོད་འདིར་བཀའ་ཁྲི་གནང་རྒྱུའི་ཁོར་ཡུག་ཡོད་པ་མ་རེད་ལ། ནུས་པའང་ཡོད་པ་མ་རེད་བསམ་པ་ཞིག་དྲན་གྱི་འདུག དེར་བརྟེན་ཁོང་ལ་རྒྱབ་སྐྱོར་ཞུ་ཐུབ་ས་མ་རེད།

    གཉིས་པ་རྒྱ་རི་སྒྲོལ་མ་ རེད། འཇོན་པོ་རེད། ལྷག་པར་དུ་རྒྱ་གར་ལ་འབྲེལ་བ་ཆེན་པོ་རེད། བུད་མེད་ཀྱི་ནང་ནས་འཇོན་ཤོས་མོ་རང་རེད། དེ་དངོས་ཡོད་གནས་ཚུལ་རེད། འོན་ཀྱང་ཁོང་ལ་རྒྱབ་སྐྱོར་བྱེད་འདོད་མེད། དེ་ལ་རྒྱུ་མཚན་གཉིས་ཡོད། གཅིག་ཁོང་གིས་སྐྱབས་བཅོལ་གྱི་ཐོབ་ཐང་སྔོན་མ་ནས་དོར་ཏེ་རྒྱ་གར་གྱི་མི་སེར་ རེད། ངས་བལྟས་ནས་ད་ལྟའི་དུས་སུ་སྐྱབས་བཅོལ་བའི་མགོ་ཁྲིད་སྐྱབས་བཅོལ་བ་ཞིག་དགོས་ པ་གལ་ཆེན་པོ་རེད། ད་དུང་མོ་མགོ་བདེ་པོ་རེད། དེ་རིང་སྐད་ཆ་གཅིག་བཤད་ཀྱི་རེད། སང་ཉིན་གཞན་དག་ཅིག་བཤད་ཀྱི་རེད། དེ་ལྟ་བུ་ཞིག་གི་བཀའ་ཁྲི་གནང་ན་བཙན་བྱོལ་གཞུང་དེ་ཐུག་པ་དཀྲུག་དཀྲུག་བྱས་མི་ ཡོང་ངམ་བསམ་པའི་དངངས་སྐྲག་འདུག དེར་བརྟེན་ཁོང་སྤྱི་འཐུས་གནང་བར་ངས་རྒྱབ་སྐྱོར་ཡོད་ཀྱང་། བཀའ་ཁྲི་གནང་བར་རྒྱབ་སྐྱོར་མེད།

    གསུམ་པ་བློ་བཟང་སེང་གེ་ རེད། ཁོང་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད། དེ་ལ་རྒྱུ་མཚན་མང་པོ་ཡོད། གཙོ་བོ་ནི་ཁོང་ལ་ཤེས་ཡོན་ཚད་ལྡན་ཡོད་པས་ཡིན་ལ། དེ་བཞིན་བཙན་བྱོལ་ནང་འཚར་ལོང་བྱུང་བའི་མི་རབས་གསར་པའི་ནང་ནས་འཇོན་ཐང་ཆེ་ ཤོས་ཤིག་རེད། ད་དུང་དྲ་གྲོགས་རྣམས་ཀྱིས་ཤེས་དགོས་པ་ཞིག་ལ་ཁོང་ཨ་རིར་ཕེབས་ནས་ལོ་༡༥ ཙམ་སོང་ཟིན་ཀྱང་། ད་དུང་ཨ་རིའི་མི་སེར་གྱི་ཐོབ་ཐང་མ་བླངས་པར་རྒྱ་གར་གཞུང་གིས་སྐྱབས་བཅོལ་བོད་ མི་ལ་གནང་བའི་དེབ་སེར་པོ་ICཁོ་ ན་བེད་སྤྱོད་གནང་གི་ཡོད་པ་རེད། ངས་འདི་ཡང་གཟི་བརྗིད་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ད་དུང་རྒྱུ་མཚན་མང་པོ་ཡོད་ཀྱང་རིམ་པས་གླེང་ཆོག”

    འདི་ནི་ཉེ་སྔོན་མདོ་སྟོད་སྤྱི་འཐུས་དང་བོད་ཀྱི་བང་ཆེན་གྱི་གསར་ཤོག་རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་བཤད་པའི་སྐད་ཆ་ཞིག་འདིར་དྲང་པ་ཡིན།

    Reply
  24. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དྲ་གྲོགས་བྱམས་རྒྱལ་ལགས།

    ཕྱིར་འཐེན་བྱེད་རོགས་རེ་སྐུལ་གནང་བ་ཁ་ན་རོགས་རེད་སྙམ། ཕྱིར་འཐེན་བྱེད་ཀྱི་མ་རེད་ཡ
    འགྱུར་་བ་ཞིག་དགོས་གསུངས་པར་ལུས་བདེན་ཞུ་རྒྱུ་ཡིན།་ཧཧཧ

    Reply
  25. གཟུ་གནས་བློ་ལྡན། says:
    ལོ་ 15 སྔོན།

    བརྒྱ་ཆའི་བརྒྱ་རེ་བ་ཡོད། ངའི་འོས་ཤོག་གཅིག་པོ་ཁྱེད་རང་ལ་ཡིན།

    Reply
  26. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    མི་ལོ་ཉེ་ཤུའི་རིང་གི་སྤྱི་འཐུས་རྒྱ་རི་སྒྲོལ་མ་ལགས་ཀྱིས་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་ཚུལ་སྐྱོ་པོ་ཡོད་པར་སྣ་མང་ཞིག་ངོས་འཛིན་པའི་ཐོག་ནས་འགྱུར་བ་བཏོང་དགོས་ཚུལ་གསུངས་འདུག་པར་ཡག་པོ་རེད།
    རྒྱ་རི་སྒྲོལ་མས།
    1.《དཔེ་མཚོན་ཙམ་ཞུས་ན། ཐོག་མ་བོད་ནས་རྒྱ་གར་ནང་འབྱོར་བ་ཚོར་རྒྱ་གར་གཞུང་གིས་གཞིས་ཆགས་གནང་ཡོད་པ་རེད། འོན་ཀྱང་རྗེས་སུ་བོད་ནས་འབྱོར་རིགས་ལ་བོད་གཞུང་གིས་གཟིགས་རྟོགས་གནང་གི་ཡོད་ཀྱང་། གཟིགས་རྟོགས་གནང་སྟངས་ཀྱི་སྲིད་བྱུས་ཀྱི་ནང་ལ་འགྱུར་བ་ཁ་ཤས་དགོས་པ་རེད་དྲན་ཡོད། 》
    2.《དེ་བཞིན། ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་པ་ཚོ་ཡང་། ཐོག་མ་གཞུང་ངོས་ནས་གཞིས་ཆགས་སུ་བཏང་ཡོད་ཀྱང་། རྗེས་སུ་གནས་སྟངས་འདྲ་མིན་ཐོག་འགྲོ་མཁན་ཚོས་བོད་བསྟན་སྲིད་ལ་ནུས་པ་ཆེན་པོ་འཐོན་བཞིན་ཡོད། འོན་ཀྱང་ཁོང་ཚོ་ལའང་དཀའ་ངལ་གསར་པ་ཞིག་ཡོད་པ་རེད།》

    3.《 དེ་བཞིན། གཞིས་ཆགས་སྲ་བརྟན། སིལ་ཚོང་རིགས། བལ་གོས་བཙོང་མཁན་བཅས་ལའང་སྲིད་བྱུས་ཤིག་ངེས་པར་དུ་བཟོ་དགོས་པ་རེད་དྲན་ཡོད། 》

    4.《ཤེས་ཡོན་སྲིད་བྱུས་ལ་མཚོན་ན། སློབ་སྦྱོང་ཐོན་མཁན་ཡོངས་ལ་ང་ཚོས་ལས་ཀ་སྤྲོད་ཐུབ་ཀྱི་ཡོད་དམ། ལྷག་པར་དུ་བོད་ནས་ཡོང་མཁན་ཤེས་ཡོན་ཅན་མང་པོ་ཞིག་ལུས་སྲོག་ལོངས་སྤྱོད་དང་བཅས་པ་༧རྒྱལ་བ་རིན་པོ་ཆེ་ལ་ཕུལ་ཏེ་ཡོང་བ་རེད། ཁོང་ཚོ་སློབ་གྲྭ་ཁག་ནས་ཐོན་ཏེ་ངྷ་རམ་ས་ལར་ཡོང་སྐབས་གང་ལ་འགྲོ་དགོས་པ་རེད། འདི་དག་ལ་ཞིབ་ཚགས་ཀྱིས་གཟིགས་དགོས་པ་རེད་དྲན་ཡོད་ཟེར།》

    དང་པོར་བོད་ནས་བསླེབས་པའི་གསར་འབྱོར་བ་ལ་གཟིགས་རྟོགས་གནང་སྟངས་ཀྱི་སྲིད་བྱུས་ཀྱི་ནང་ལ་འགྱུར་བ་ཁ་ཤས་གཏོང་དགོས་དྲན་གྱི་ཡོད་ཞེས་པའི་འགྱུར་བ་གང་དང་གང་ཡིན་ནམ། བཟང་ཕྱོགས་ཤིག་ལ་འགྱུར་བ་ག་འདྲ་གཏོང་གི་ཡིན་ནམ། ཁ་གསལ་པོ་ཡོད་ན་ཡག་པོ་འདུག

    གཉིས་པ། འོན་ཀྱང་ཁོང་ཚོ་ལ་དཀར་ངལ་གསར་པ་གཅིག་ཡོད་རེད་ཞེས་པའི་དཀར་ངལ་དེ་གང་རེད་དམ། ཁོང་ཚོ་ལ་ཡོད་པའི་དཀའ་ངལ་དེ་མེད་པ་བཟོ་རྩིས་ཡིན་ནམ། བཀའ་ཁྲི་ཟམ་གདོང་གིས་ངོས་ནས་ཁོང་ཚོ་བོད་མི་རིགས་ཀྱི་མཚན་དང་ལ་རྒྱ་མེད་པ་བཟོ་མཁན་ཞིག་དང་༧གོང་ས་མཆོག་གི་ཞབས་ནས་མར་འཐེན་མཁན་རེད་ཞེས་ངོས་འཛིན་གནང་བ་མ་ཟད་ཨ་རི་རླུང་འཕྲིན་ཁང་གི་རྒྱུད་ནས་བོད་ཕྱི་ནང་གཉིས་ཀའི་གོ་ཐུབ་པ་བཟོས་ཡོད།

    གསུམ་པ། གཞི་ཆགས་སྲ་བརྟན་དང་བལ་གོས་ཚོང་ལས་ཀྱི་སྲིད་བྱུས་ག་འདྲ་གཅིག་བཟོ་རྩིས་ཡོད་དམ། མི་ལོ་ལྔ་བཅུའི་རིང་དུ་བལ་གོས་ཚོང་ལས་བྱས་པའི་བོད་མིའི་འཚོ་བ་ཡར་རྒྱས་འགྲོ་ཐུབ་ཀྱི་མེད་པར་གནད་ལུགས་ཀྱི་ངོས་ནས་ཁ་ཚུར་གྲགས་ཡོད། དེར་ཨུ་ཚུགས་ཀྱི་ཡར་རྒྱས་སྲིད་བྱུས་གང་ཡིན་ནམ།

    བཞི་པ། གསར་འབྱོར་བ་རྒྱ་གར་ནང་དུ་སློབ་གྲྭ་ནས་ཐོན་སྟེ་རྡ་ས་ལ་ཡོང་སྐབས་སུ་ག་པ་སྡོད་དགོས་རེད་དམ། ག་རེ་ལས་ཀ་བྱེད་ཀྱི་རེད་དམ། བཙན་བྱོལ་བོད་གཞུང་གི་ཚོང་ལས་བཟོ་ལས་མང་པོ་སྒོ་རྒྱག་ཚར་བ་རེད། ཁོང་ཚོ་དེང་རབས་ཉེར་གཅིག་ནང་གི་འཚོ་བ་ཨང་དང་པོ་ཞིག་ཡོང་མ་ཐུབ་ཀྱང་འཚོ་བ་དཀྱུས་མ་བ་ཞིག་ཡོང་ཐུབ་སའི་ས་ཆ་ཞིག་མེད་པས་ཅི་འདྲ་བྱ་བརྩི་ཡོད་དམ།

    དེ་མིན་གཞི་ཆགས་ཁག་གི་བུ་ཕྲུག་ཚོ་ཡང་མཐོ་སློབ་ནས་ཐོན་སྟེ་བལ་གོས་ཚོང་ལས་དང་ཞིང་ལས་བྱེད་པ་ལས་འཚོ་བའི་དམིགས་བརྟེན་མེད་པ་མཁྱེན་གསལ་རེད། རྒྱ་རི་སྒྲོལ་མ་ལགས་ཀྱིས་བཙན་བྱོལ་སྤྱི་ཚོགས་ནང་གི་ཐུར་ཤོར་དང་རྗེས་ལུས་ཡིན་པའི་གནད་ལུགས་མང་པོ་མཁྱེན་ཡོད་ངེས་རེད། ཡིན་ནའང་མི་ལོ་ཉི་ཤུའི་རིང་དུ་སྤྱི་འཐུས་དང་མི་ལོ་བཅུའི་རིང་དུ་སྤྱི་འཐུས་ཚོགས་གཞན་གྱི་འགན་ཁུར་ནས་བྱེད་མ་ཐུབ་པའི་ལས་ཀ་ཞིག་བཀའ་ཁྲིའི་འོས་ཐོབ་ན་བྱེད་ཐུབ་པའི་འགྱུར་བ་ག་འདྲ་རེད་དམ།

    བཙན་བྱོལ་སྤྱི་ཚོགས་ཀྱི་ཐུར་ཤོར་དང་རྗེས་ལུས་ཡིན་པའི་གནད་ལུགས་འདི་དག་སྤྱི་འཐུས་མི་ལོ་ཉི་ཤུའི་རིང་གནང་ཀྱང་སྲིད་བྱུས་འགྱུར་བ་གཏོང་མ་ཐུབ་པར་ད་ལྟ་བར་དུ་སྤྱི་ཚོགས་ནང་ལྷག་ཡོད་པ་རེད། ད་བཀའ་ཁྲིའི་འོས་ཐོབ་ན་བྱེད་ཀྱི་ཡིན་གསུངས་པ་འདིར་ཅུང་ཟད་ཡིད་ཆེས་དཀའ་བ་ཞིག་རེད།

    Reply
  27. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    ཨ་ཅེ་ལགས་ཁྱོད་རང་མོས་སྒོ་ནས་བཀའ་ཁྲི་འོས་གཞི་ཕེབས་པ་ཡག་པོ་རེད་དེ།ཁྱོད་ཀྱིས་མངོན་ལྐོག་གཉིས་ནས་ཁམས་པའི་ནང་ལོག་ལ་ཆུ་སྒང་གསར་རྙིང་ཟེར་བ་ཁག་ཁག་བཟོ་ཅི་ཐུབ་བྱེད་བཞིན་ཡོད་པའི་དེ་ཡག་པོ་མ་རེད།
    ཁྱོད་ཀྱིས༼ སྤྱི་མི་ཞིག་གི་ཐད་ནས་ལྷག་བསམ་བརྟན་པོའི་ཐོག་ནས་ཞབས་ཞུ་བསྒྲུབས་པ་ཡིན༽ཟེར་ནའང་ང་ཚོས་ཁྱོད་ཀྱིས་ལོ་དེ་གས་ནང་བོད་གཅིག་གྱུར་ཕར་ཙམ་བཞག་ཁམས་རིགས་རྣམས་ཀྱང་ཁ་བྲལ་དུ་བཏང་བ་ལས་གཅིག་གྱུར་བཟོས་མ་སོང་བའི་རྒྱབ་སྐྱོར་བྱ་ཐུབ་ས་མ་རེད།སྤྱི་ཚོགས་ཀྱི་ལས་ཀ་བྱེད་མཁན་ཞིག་ཡིན་ན་དང་པོ་སོ་སོའི་ཁོངས་སུ་འདུས་པའི་མི་རྣམས་འཆམ་མཐུན་དང་གཅིག་གྱུར་བཟོ་སྟེ་གཞི་ནས་སྤྱི་ཚོགས་སྐྱོང་དགོས་པ་རེད།ཡིན་ནའང་ཁྱོད་ཀྱིས་དེ་ལྟར་རྩ་ནས་བྱེད་ཀྱིན་མི་འདུག་ལ་།ད་དུང་ཁྱོད་ཀྱིས་༼ ང་སྤྱི་འཐུས་ནང་ཡོང་ཁུངས་དེ་མདོ་སྟོད་ཆགས་ཡོད་སྟབས། ལོ་ངོ་ ༢༠ ཉེ་བའི་རིང་ང་མི་མང་གི་འཐུས་མི་བྱས་ཏེ་ཞབས་ཞུ་བསྒྲུབ་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྦྲགས།༽ཞེས་གསུངས་འདུག།ཁྱོད་ཀྱིས་མདོ་སྟོད་མི་མང་བཀའ་དྲིན་ཆེ་པོ་ཡིན་པ་ཤེས་ན་མདོ་སྟོད་མི་མང་ལ་ཆང་ལན་ཆུ་སྤྲད་དགོས་དོན་ཅི་རེད།མདོ་སྟོད་མི་མང་གཅིག་གྱུར་ཡོང་བ་ལས་ཁ་བྲལ་དུ་བཏང་ན་ཁྱོད་རང་ལ་ཁེ་བཟང་ཆེ་བ་ཡོད་པ་ཤེས་བཞིན་དུ་ད་དུང་ཁ་ཡག་ངོ་དགའ་གྱིས་གཏམ་བཤད་དེ་འདྲ་ཕོད་པ་ངོ་ཡང་ཚ།

    Reply
  28. ད྄ྲང་བདེན་ says:
    ལོ་ 15 སྔོན།

    བཀུར་འོས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་ལ་དེ་ལྟ་བའི་མ་འོ ང་པའི་འཆར་གཞི་དང་སེམས་ཤུགས་སྤོབས་པ་ཡོད་པ་ནི་མི་དགའ་ཁྲག་དོག་གིས་ཟིན་ཀྱང་རང་བཞིན་གྱིས་དགའ་འོས་པའི་གནས་སུ་གྱུར།་རྒྱ་རི་སྒྲོལ་མ་ལགས་ལ་འོང་པའི་བཀའ་ཁྲིའི་འོས་ཆོས་ཚང་འདུག་མོད་སྟག་སྨྱོན་ཤེད་རྭ་ལྟ་བུའི་སྤྱི་འཐུས་གྲོས་ཚོགས་ཀྱི་རྭ་བ་རྙིང་པ་བཞིན་རོ་ལངས་རྒྱབ་ཚེ་འཇོན་ཐང་ནུས་མེད་དུ་སོང་བའི་ཉེས་ཁ་ཆེན་ཡོད་
    བཀྲས་མཐོང་ལྟ་བུ་ལ་མཚོན་ན་ཁྲིམས་ལུགས་དང་དམངས་གཙོའི་ལམ་སྲོལ་མ་མདོར་ན་ཆོས་དང་འཇིགས་རྟེན་གཉིས་གང་གིས་སྒོ་ནས་བལྟས་ཀྱང་མ་འོང་པའི་བཀའ་ཁྲའི་འོས་ཆོས་ཚང་མེད།
    1་བོད་གཞུང་གི་རྩ་ཁྲིམས་དང་འགལ་ཏེ་བཀྲས་མཐོང་ནི་བཀའ་ཁྲའི་ལས་དུས་མ་རྫོགས་བར་ལས་གནས་འཕོ་འགྱུར་བྱས་དགོས་བྱུང་བ་ཡིན།
    2དམངས་གཙོའི་ལམ་སྲོལ་དང་འགལ་ཏེ་གཞུང་ངུལ་སྒེར་ཟས་བྱས་པའི་ཉེས་པ་ཕོག་ཡོད་ཁྲིམས་ལུགས་ཀྱིས་ཐོག་ཉེས་པ་ཕོག་ཡོད་མེད་གསལ་ཁ་མེད་ཀྱང་མི་གམངས་ཁྲོད་དུ་ཉེས་པ་ཕོག་ཡོད་པ་མ་ཟད་སྒོར་མོ་ལྐོག་ཟ་བྱས་པའི་ཉེས་པ་ཐེངས་གསུམ་བྱུང་ཡོད་སྒོར་འབུམ་50་དང80།40་བཅས་ཀྱིས་ཉེས་པ་ཆེན་པོ་གསུམ་གྱི་རྒྱུས་བྱུང་ཡོད། དེ་ལྟ་བུའི་གནས་ཚུལ་བྱུང་ཡོད་པ་ནི་བཀའ་ཁྲིའི་འཇོན་ཐང་མེད་པའི་འབྲས་རྟགས་རེད་།
    3་་གནས་ཚུལ་དེ་དག་བྱུང་མ་ཐག་ནང་མི་ཨ་རིར་གནས་སྤོས་བྱས་པ་ནི་མ་དག་པའི་གནས་ཚུལ་ཞིག་ཡོད་པའི་འབྲས་རྟགས་རེད།བཀའ་ཁྲི་བྱས་རིང་བྱས་རྗེས་མེད་ཟད་རྙོགས་འཛིང་གི་ཁྲོད་དུ་ལྷུངས་བ་ཞིག་བསྐྱར་དུ་འོས་མིར་སྟོན་པ་ནི་ཕྱོགས་རིས་་ནད་ཀྱིས་ཟིན་པའི་མི་སྣ་རེ་ཟུང་གིས་ཚོགས་པ་ཁག་གི་མིང་པེད་སྤྱོད་བྱས་ནས་མི་དམངས་ཀྱིས་མངོན་འདོད་ཡིན་ཁུལ་བྱས་ཁོ་ན་རེ་ཨང་།

    Reply
  29. ལྡན་མ་་་་་་ཐུབ་བསྟན་དངོས་གྲུབ། says:
    ལོ་ 15 སྔོན།

    ཁྱེད་ཀྱི་སྙིང་སྟོབས་ལ་ཡིད་རང་དང་སྔགས་བརྗོད་ཞུ།
    ཡིན་ཡང་བཀའ་ཁྲིར་་་་་་་གང་ཤེས།

    Reply
  30. གནས་བ་ says:
    ལོ་ 15 སྔོན།

    རྒྱ་རིའི་གཤོག་རྩལ་ངོམ་རྒྱུའི་དུས་ལ་བབ་ཤག། བཀྲིས་བདེ་ལེགས་ཡོད་ད།

    Reply
  31. ཧེ་ར་བཀྲ་ཤིས། says:
    ལོ་ 15 སྔོན།

    བོད་ཀྱི་བུད་མེད་ཅིག་གིས་དེ་རིང་གློ་བུར་དུ་བོད་མི་རིགས་ཀྱི་འདུན་ལ་ཐོན་ནས་ངས་ཆེས་མཐོ་བའི་དབང་ཚད་བཀའ་བློན་ཁྲི་བའི་ལས་འགན་མོས་བཞེས་ཐུབ་པའི་དཔའ་སྟོབས་དངོས་སུ་བསྒྲགས་པ་མཐོང་དུས་ངའི་སེམས་ནང་སྨྲ་མི་ཤེས་པའི་དགའ་བ་ཞིག་ངང་གིས་འཁོར་སོང་། གང་ལྟར་ཁྱེད་ལ་འོས་ཤོག་ཐོབ་མིན་གནད་འགག་དེ་གཙོ་བོ་མིན་ཞིང་བུད་མེད་ཅིག་གིས་འདི་འདྲའི་དགའ་འོས་པའི་སྤོབ་པ་དངོས་སུ་བསྟན་པ་འདིས་ཆོག གང་ལྟར་ཁྱེད་ཀྱིས་ལས་འགན་ཡོངས་སུ་སྒྲུབ་འདུག་པས་ཚོགས་གཞོན་རྒྱ་རུ་སྒྲོལ་མ་ལགས་ཐུགས་རྗེ་ཆེ།

    Reply
  32. ལི་ཐང་ཕུན་ཚོགས་བཀྲ་ཤིས།། says:
    ལོ་ 15 སྔོན།

    བཀའ་བློན་ཁྲི་པ་དེ་བོད་མི་མང་གཅིག་སྒྲིལ་གྱིས་འགོ་ཁྲིད་མཁན་ཞིག་དགོས་པ་ལས། གཅིག་སྒྲིལ་ལ་གཏོར་བཤིག་བཏོང་མཁན་དང། རྒྱུ་དཔལ་འབྱོར་ཡོད་མཁན་ སྐུ་དྲགས་རིང་ལུགས་པའིབ་རྒྱུད་པ་བཅས་མི་དགོས་སོ།།

    Reply
  33. ས་ནག says:
    ལོ་ 15 སྔོན།

    སྒོར་མོར་མིག་གཅེར་འདྲེན་པའི་དེང་གསར་སྐུ་དྲག་དང་། །
    གནས་ལུགས་ཚུལ་བཞིན་མི་ཤེས་རུས་རྙིང་སྐུ་དྲག་འགའ། །
    གསར་རྙིང་བརྙས་རྡུང་བྱེད་པས་བྱེས་འབྱོར་བོད་པའི་ཚང་། །
    འུ་ཚང་གཞི་ལུས་བོད་པའི་བདེ་སྡུག་གོད་ཆགས་རེད། །

    ང་འཇོན་གཞན་ཞན་ཁྲག་རླུང་སྟོད་དུ་རྒྱས་པའི་སྐུ་དྲག་རྣམས། །
    དབུལ་ཕོང་དཀྱུས་མའི་ཚུལ་སྟོན་དྲང་བདེན་བོད་བཟང་འགར། །
    མགོ་བོ་གྱེན་དུ་བསྐྱོད་པའི་རང་དབང་སྨྲ་བསྐྱོད་ལས་འཕྲོག་ནས། །
    རང་སྒེར་གཅེས་པའི་བོད་པའི་སྐུ་དྲག་ཨར་ཡུལ་ཕྱོགས་སུ་བྲེལ། །

    རྣམ་དཔྱོད་དང་དྲང་བདེན་ལམ་ལ་བསྐྱོད་པའི་རང་རྒྱལ་གཅེས་པ་ལ། །
    རྒྱལ་བའི་བཀའ་འགལ་ཟེར་ནས་སྨྲ་འཆོལ་གཟེར་མའི་ངན་སྨད་བྱེད། །
    ད་དུང་ལ་རྒྱ་མི་འདུག་ཆོལ་གསུམ་ཡོངས་ལ་འབྲེལ་མེད་དགོས། །
    སྐུ་ངོར་རྣམས་ནས་འདྲེན་གཅིག་སྨྲ་བའི་བོད་མིའི་གོད་ཆགས་རེད།

    གཞི་ལུས་ཆོལ་གསུམ་བོད་མིའི་རྣམས་ཀྱིས་བསླུ་བ་མེད་པའི་སེམས་ངོས་སུ། །
    གཞི་བྱེས་ལྷན་འཛོམས་ཞིག་དང་མ་འོངས་བདེ་སྐྱིད་ལྡན་པར་མིག་གཅེར་འདྲེན། །
    བྱེས་འབྱོར་བོད་པའི་ཚང་ལ་གཞན་བོར་རང་སྒེར་ལམ་ལ་བསྐྱོད་ཆེ་ན། །
    ཆོལ་གསུམ་བདེ་སྡུག་སེལ་བར་ནམ་མཁར་མེ་ཏོག་མངོན་པ་ཇི་མི་མཚུངས། །

    ཕ་མེས་ཡང་མེས་བརྒྱུད་པའི་ཁ་བ་གངས་ལྗོངས་ཡུལ། །
    ཕྱི་མིག་ལེན་གཅིག་ལྟོས་དང་ཨ་རོགས་བོད་པའི་ཚང་། །
    གཞི་ལུས་བོད་པ་དམྱལ་ཁམས་དམར་པོའི་བཙན་འོག་ལུས། །
    གཞི་བྱེས་བོད་མའི་ལྷན་འཛོམས་ཉིན་མོའི་སྐར་མ་ཙམ། །

    ང་ནི་རྒྱལ་བའི་སྐུ་ཚབ་རྒྱལ་བའི་སྐུ་སྲུང་ཟེར་ནས་བྱེས་འབྱོར་བོད་པའི་ཚང་ལ་བསྒྲགས། །
    ཞིབ་པ་དཔྱོད་ན་ཆང་རག་དུག་རྫས་དཀྱིལ་ལ་བསྐྱོད་པའི་སྒོར་མོ་བག་མེད་སྤྲད་པ་ཨེ་མ་མཚར། །
    ལ་རྒྱལ་ཏིལ་འབྲུ་ཙམ་ཞིག་དབེན་པས་དེང་གསར་སྐུ་དྲག་སྤྱོད་ཚུལ་མཐོང་དུས་ཡིད་སེམས་སྐྱོ། །
    རྒྱལ་བར་དབུ་འཁོར་མ་གཏོང་དེང་རྙིང་སྐུ་དྲག་རྣམས་ལ་རེ་སྨོན་སྙིང་ཁྲག་དྲོན་མོར་ཕུལ། །

    Reply
  34. མཁས་ཚང་ཤེས་རབ་དབང་རྒྱལ། says:
    ལོ་ 15 སྔོན།

    རྒན་མོ་འདིའི་བོད་རང་བཙན་ལེན་ན་ཧ་གོ་ས་མི་འདུག

    Reply
  35. གངས་ཁྲོད་ཀྱི་བྱིས་པ། says:
    ལོ་ 15 སྔོན།

    ཁག་པོ་རེད།

    Reply
  36. རྨེ་རུ། says:
    ལོ་ 15 སྔོན།

    ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་ཀྱིས་མདུན་ལ་ཐོན་ནས་སྐད་བསང་མཐོན་
    པོས་བཀའ་ཁྲིར་བཞེངས་པ་འདི་ནི་བོད་ཀྱི་བུ་མེད་ཀྱི་གཟི་བརྗིད་དང་བཙན་
    བྱོལ་བོད་གཞུང་གི་མང་གཙོའི་ལམ་སྲོལ་དེ་མདུན་སྐྱོད་འགྲོ་བཞིན་པའི་སྔོན་
    རྟགས་ཤིག་ཡིན་པས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་ལ་སྙིང་དབུས་ནས་
    འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ།

    གུས་པའི་བསམ་ཚུལ་ལ་སྤྱིར་བཏང་ཁོང་ལ་ཆ་རྐྱེན་བཟང་པོ་འཛོམས་ཡོད་ཀྱང་བཀའ་ཁྲིར་ཅུང་ཟད་འོས་བབ་མི་འདུག་སྙམ། ལྷན་ཁང་གང་རུང་
    གཅིག་གི་བཀའ་བློན་ལ་ཕྱོགས་གང་གི་ཐད་ནས་འོས་བབ་ལེགས་པོ་ཡོད་སྙམ།

    དྲ་གྲོགས་འགའ་ཤས་ཀྱིས་ཁུངས་རྐྱེལ་ར་སྤྲོད་གང་ཡང་མེད་པར་སྐྱོན་གཙུགས་བྱེད་ཀྱིས་འདུག དེ་ནི་བོད་མི་རིགས་ཀྱི་བཟང་པོའི་གོམས་གཤིས་དང་
    འགལ་བ་མ་ཟད་༸གོང་ས་མཆོག་དང་བཙལ་བྱོལ་བོད་གཞུང་ལ་སྙིང་དབུས་ནས་དགའ་ཞེན་ཡོད་པའི་མི་སྣ་འདི་ཚོ་སེམས་ཤུགས་ཆག་པའི་རྒྱུ་ལས་གཞན་གྱི་དགོས་གལ་ཅི་ཡང་མི་འདུག་པའི་འདིའི་རིགས་མཚམས་འཇོག་བྱས་ན་ལེགས་སྙམ།

    Reply
  37. migyur says:
    ལོ་ 15 སྔོན།

    རྒྱ་རི་སྒྲོལ་མ་ལགས་མ་འོངས་པའི་བཀའ་ཁྲི་ཆགས་རྒྱུའི་ཡིད་ཆེས་དང༌། རེ་བ་མེད་ཀྱང་མོས་བཤད་པའི་ཚིག་ཁ་ཤས་དངོས་གནས་སྐབས་བབ་ཀྱི་རྒྱུ་མཚན་འདུག་སྙམ། མོས་བཤད་པ་དག་ལག་ལེན་དངོས་སུ་བསྟར་ཐུབ་ཚེ་བོད་ནས་སླེབས་པའི་ཤེས་ཡོན་ཅན་དང༌། གནད་ཡོད་མི་སྣ་མང་ཆེ་བ་ཞིག་ལ་ད་ལྟ་ནང་བཞིན་སྐུ་ངལ་ཡོང་ས་མ་རེད་བསམ་པའི་གདེངས་ཚོད་ཅིག་བྱུང་སོང༌། ད་དུང་ཚིག་ཁ་ཤས་འདིའི་ཞར་དུ་ཞུ་འདོད་ཀྱང༌། རྗེས་སུ་ངོ་མའི་བཀའ་ཁྲི་མཆོག་ལ་ཞུ་རྒྱུ་ཡིན་དེ་རིང་འདིར་བཞག་གོ།

    Reply
  38. རྐང་གསུམ། says:
    ལོ་ 15 སྔོན།

    དྲ་གྲོགས་ཐུབ་བསྟན་ལེགས་བཤད་ལགས། ཁ་རྩང་བཀུར་འོས་ཚོགས་གཞོན་སྒྲོལ་མ་ལགས་ནས་འུ་ཚང་གི་འདས་དང་ད་ལྟའི་ལོ་རྒྱུས་ཁྲོད་འགོད་དུ་རུང་བའི་ཤོག་ལེ་གསར་བ་ཞིག་གི་ཐོག་དབུ་ཤད་ཅིག་འབྲི་འདུན་གྱི་སྐད་ཆ་ཁྲོམ་བསྒྲགས་བྱས་ནས་ཡུན་རིང་མ་འགོར་གོང་ཁྱེད་ལ་འདི་འདྲའི་སྙིང་ནད་ཚབ་ཆེན་ཞིག་ཕོག་དགོས་པའི་རྒྱུ་རྐྱེན་ཅི་ཞིག་ཡིན་མིན་སྐོར་ལ་ངས་དཔྱད་ཞིབ་ཅིག་བྱས་ནས་དེ་རིང་ཁྱེད་ལ་ལན་འདི་འབུལ་འདོད་བྱུང།

    གྲོགས་པོ་ཁྱོད་ཀྱི་ན་ཚ་འདི་ཨེམ་ཆི་སུ་གང་ལ་མ་བསྟེན་མི་ཁྱེད་ཉིད་འཆི་རྒྱུ་ཡིན་པ་ཁ་རྩང་ཨེམ་ཆི་ཡིས་ཁྲོམ་སྲང་བར་ན་སྦྱར་ཡིག་གང་མང་ཞིག་སྦྱར་སོང་ཚར་ཐ། དེ་མིན་ཁྱོད་ཀྱི་ན་ཚ་དང་ཀ་ཤོད་པ་ཆོས་རྒྱལ་ཉི་མིའི་ན་ཚ་གཉིས་གཅིག་མཚུངས་ཡིན་པ་ཡང་ཨེམ་ཆི་ནས་གསལ་བཤད་བྱས་བྱུང། ཀ་ཤོད་པ་ཆོས་རྒྱལ་ཉི་མའི་སེམས་ནད་ཧ་ཅང་ཚབ་ཆེན་ཡིན་པར་བརྟེན་འུ་ཚང་གི་སྐྱེས་ཆེན་དམ་པ་གཉིས་ཀྱི་ཚེ་སྲོག་ཁོའི་ལག་ནས་ཤོར་ཚར་སོང་བ་རེད། སྐྱེས་ཆེན་དེ་གཉིས་ཀྱི་མཚན་ཞིག་བརྗོད་ན་དུས་རབས་དང་རིག་པའི་དབའ་བོ་ལུང་ཤར་རྡོ་རྗེ་ཚེ་རྒྱལ་དང་དཔྱོད་ཤེས་ཀྱི་རིག་པ་སྨྲ་བ་མཁས་དབང་དགེ་འདུན་ཆོས་འཕེལ་གཉིས་ཀ་ཤོད་པའི་འཆི་ལམ་དུ་དེད་པ་རེད། ན་ཚ་འདིའི་རིགས་ཀྱིས་དེང་གི་སྐབས་འདིར་ཡང་ང་ཚོའི་སྤྱི་ཚོགས་ཁྲོད་ཧ་ཅང་གི་དཀའ་ངལ་ཆེན་པོ་བཟོ་བཞིན་ཡོད་པ་མ་ཟད། ཁ་རྩང་ཡང་ན་ཚ་འདི་དྲ་གྲོགས་ཁྱེད་ལ་ཕོག་ཡོད་པ་དུས་བབ་དྲ་ཐོག་ནས་ཕྲན་གྱིས་མཐོང་ཐོས་བྱུང་ནས་བློ་མ་བདེ། གྲོགས་པོ་ན་ཚ་འདིའི་རིགས་ལ་དྲང་བདེ་དང་གནས་ལུགས་ཀྱི་སྐད་ཆ་འཚོལ་ཐུབ་ན་ན་ཚ་འདིས་ཁྱེད་ལ་གནོད་པ་ཐེབ་མི་ཐུབ་པ་ཡང་ཨེམ་ཆི་ནས་གསུང་གི་འདུག་ལགས། རྗེས་ཕྱོགས་ཨེམ་ཆི་ནས་གསུང་བ་ཇི་བཞིན་ཁྱོད་ཀྱིས་སྒྲུབ་ཐུབ་ན་ཁྱེད་ཉིད་ཀ་ཤོད་པ་ཆོས་རྒྱལ་ཉི་མིའི་རྗེས་སུ་འགྲོ་ས་མ་རེད།

    དེ་མིན་ཁྱོད་ཀྱི་དེང་སྐབས་ཀྱི་སྐད་ཆ་ཤོད་སྟངས་དང་ལས་ཀ་ལས་སྟངས་ལ་འགྱུར་བ་མ་བཏང་ན་ཀ་ཤོད་པ་ཆོས་རྒྱལ་ཉི་མ་ཇི་བཞིན་ཁྱེད་ཉིད་ཀྱང་ལོ་རྒྱུས་ཁྲོད་ཀྱི་ནག་ཉེས་ཅད་དུ་འགྱུར་ངེས་ཡིན་པ་སུ་གང་གིས་བཤད་མི་དགོས་པ་ཞིག་རེད། གྲོགས་དེ་བས་རྗེས་ཕྱོགས་ཁྱོད་ཀྱི་བྱ་སྤྱོད་ལ་འཛེམས་རོགས་ཞུ། ང་ཚོའི་ལོ་རྒྱུས་ཁྲོད་ཡང་བསྐྱར་ཀ་ཤོད་པ་ལྟ་བུའི་མི་ངན་རིགས་ཡོང་ན་མི་འདོད་གི།

    Reply
  39. མཁས་ཚང་ཤེས་རབ་དབང་རྒྱལ། says:
    ལོ་ 15 སྔོན།

    བཀའ་བློན་ཁྲི་པ་་ཟེར་ཡ་སྟེ་ང་ཚོ་བོད་མི་མང་ཡོངས་རྫོགས་ཀྱི་ཡིད་ཆེད་དང་བློ་དད་བྱེད་ས་ཞིག་ཡིན་དུས་དེ་ལ་ཚང་མའི་བརྩི་བཀུར་བྱེད་དགོས་པ་གལ་ཆེར།

    Reply
  40. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    ངས་བྱེད་རྒྱུ་ཡིན་ཞེས་མདུན་ལ་ཐོན་པ་དེ་ལ་སྙིང་ནས་གུས་འདུད་ཞུ། ཡིན་ནའང་། བཀའ་ཁྲིར་བཞེངས་པར་རྒྱབ་སྐྱོར་ཞུ་མི་ཕོད་མོད། བཀའ་བློན་ལ་ངེས་པར་དུ་ཕེབས་འོས་ཀྱི་མི་རེད་སྙམ་གྱིན་འདུག

    Reply
  41. གནམ་ལྕགས། says:
    ལོ་ 15 སྔོན།

    རྒྱ་རི་སྒྲོལ་མ་ནི་རང་རེའི་སྤྱི་ཚོགས་ཁྲོད་ཀྱི་བུད་མེད་འཇོན་ཤོས་དེ་རེད། ངས་སྐུ་དྲག་མི་དྲག་གི་གནས་ཚུལ་ཅང་མི་ཤེས། དེར་བསམ་ཚུལ་ཡང་མེད། ཡིན་ནའང་ད་རེར་ཁོང་མོ་བཀའ་ཁྲིར་ལངས་པ་ནི་དགའ་འོས་པ་ཞིག་རེད། ཁོང་མོར་རྒྱལ་ཁ་ཐོབ་མིན་གང་ལྟར་ཡང་། ལྷན་ཁང་བཀའ་བློན་ཞིག་ལ་ཤིན་ཏུ་འོས་པར་མཐོང་། དེ་མ་གཏོགས་དོན་མེད་དུ་ཟིང་ཆ་བསླངས་མཁན་གྱི་དྲ་གྲོགས་མི་ཉུང་བ་ཞིག་གིས་སྒྲོ་བསྐུར་ངན་དམོད་བྱེད་ཀྱི་འདུག འོན་ཀྱང་རང་རེའི་ད་ལྟའི་གནས་སྟངས་འདིའི་འོག་ནས་དེ་ལྟར་མ་བྱས་ན་ཡག ང་ཚོ་ལྷུང་ས་དེར་ལྷུང་ཡོད་སྐབས། རང་གི་མྱི་ལ་རེ་བ་བརྒྱབ་ནས་ལངས་ཐུབ་བྱེད་དགོས་དུས། ནང་ཁུལ་གྱི་རྙོག་དྲའི་རིགས་ཉུང་དུ་གཏོང་ཨེ་ཐུབ་ལ་འབད་དགོས། དེ་ནི་བདག་གི་བསམ་ཚུལ་ཡིན།

    Reply
  42. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    ང་ཚོའི་བཀའ་ཁྲིའི་ས་མིག་འདི་རྩེད་མཚར་ཙམ་དང་ཡང་ན་འཛམ་གླིང་ན་ཡོད་མེད་ཀྱི་གནས་ཚུལ་ཁྱད་མཚར་ཞིག་དེ་བས་ཀྱང་ཡིན་དགོས་དོན་མེད། རྡོག་རྡོག་པོ་དེ་བོད་མི་རིགས་ཀྱི་ད་ལྟའི་ལས་དབང་ལ་ཁ་ཕྱོགས་ནས་ལས་དོན་ནུས་ལྡན་ཞིག་སྒྲུབ་ནུས་པ། རྒྱ་ནག་གི་གནས་སྟངས་གསལ་པོ་མཁྱེན་མཁན། འཛམ་གླིང་ཐོག་བོད་ཀྱི་གནས་སྟངས་ལ་ངེས་འཛིན་གསར་པ་ཞིག་དང་འབུར་ཐོན་རང་བཞིན་གྱིས་རྒྱབ་སྐྱོར་འཚོལ་ཐུབ་པ། བཙན་བྱོལ་གཞུང་དམངས་གཉིས་ཀྱིས་བརྩི་བཀུར་ཐོབ་ཅིང་ཁ་འོག་ལག་འོག་ཏུ་བསྡུ་ཐུབ་མཁན། གཞུང་གི་སྒྲིག་འཛུགས་དང་དམངས་སེམས་བར་ཐག་ཉེ་བར་བཟོ་ཐུབ། ཆིག་སྒྲིལ་གྱི་གོང་བུ་གཅུག་བཟོ་ཐུབ། ཨ་ལ་ལ་ལ། ད་མང་གི་ཡ། འོན་ཀྱང་བཤད་འདོད་པའི་སྐད་ཆེ་གཅིག་རང་གཅིག་ནི། འཛམ་གླིང་རྒྱལ་ཁབ་མང་པོའི་ནང་དུ་བུད་མེད་ཀྱི་དབུ་ཁྲིད་ཡོད་མེད་དང་ང་ཚོར་ཡོད་ན་དེ་སྤོབས་པ་ཞིག་ཡིན་ཚུལ་གྱི་བསམ་བློ་འདི་གང་ཡིན་མ་ཤེས། ང་ཚོར་དགོས་པ་ནི་བོད་པའི་རང་དབང་གི་འཐབ་རྩོད་འདི་ལ་ནུས་པ་དམིགས་བསལ་བ་ཞིག་དང་འབུར་ཐོན་ཅན་ཞིག་སྒྲུབ་མཁན་ཟིག་ལས། ཨ་མཚར་དང་ཁྱད་མཚར་ལྟ་བུའི་ངོས་ནས་བཀའ་ཁྲིར་བསམ་བློ་གཏོང་བ་ནི་དངོས་ནོར་འཁྲུལ་ལམ་འགན་མ་འཁུར་བའི་སྐད་ཆ་རང་རེད་འདོད། དགོསང་པ་མ་འཚོམ།

    Reply
  43. ཉི་འབུམ། says:
    ལོ་ 15 སྔོན།

    མཆན་འཇོག་མཁན་མང་པོ་འདུག་དེ་ཡག་པོ་རེད། འོན་ཀྱང་བསམ་ཚུལ་གང་ཡོད་པ་དེ་མི་རིགས་དང་རྒྱལ་ཁབ་ལ་ཁ་ཕྱོགས་དེ་འབྲི་
    རྒྱུ་གལ་ཆེན་པོ་རེད། ལོ་ཉི་ཤུའི་ཉམས་མྱོང་གིས་གཞི་ཆགས་ཁག་གི་གནས་བབ་
    ལ་རྒྱུས་མངའ་ཟབ། དེ་བཞིན་བོད་པའི་ཆབ་སྲིད་ཀྱི་གནས་སྟངས་ལ་གཞིགས་
    ནའང་བཀའ་བློན་ཁྲི་བ་དང་བླངས་བྱས་ནས་ཐོན་པ་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་
    ནས་ཐེངས་དང་པོ་རེད། དེ་ཚོ་གང་ལ་བལྟས་ཀྱང་ཧ་ཅང་ཡག་པོ་རེད་རྒྱབ་
    སྐྱོར་བྱེད་ངེས་ཡིན། མོ་་ཁྱོ་ག་དང་ཁ་བྲལ་བ་དོན་དག་ཆུང་ཚག་རེད། སྐྱོན་གཏན་ནས་མེད་པའི་མི་ཞིག་རྙེད་ཐབས་བྲལ། འདི་གོ་བར་གྱིས།

    Reply
  44. ནགས་མེ། says:
    ལོ་ 15 སྔོན།

    རྒྱ་གར་བའི་རྨོ་བོ་རྒྱག་པ་འདི་བཀའ་ཁྲིའི་འོས་མིར་ལངས་པ་བློ་ཕམ་ཚད་མེད་ཡོད།

    Reply
  45. བཀྲ་ཤིས། says:
    ལོ་ 15 སྔོན།

    འཛམ་གླིང་རྒྱལ་ཁབ་ཉིས་བརྒྱ་ལྷག་གི་ནང་བུད་མེད་སྲིད་འཛིན་རེ་ཟུང་མ་གཏོགས་མཐོང་རྒྱུ་མེད། འདི་ལ་ཡང་རྒྱུ་མཙན་ཏན་ཏན་ཡོད་རེད།

    Reply
  46. བཀྲ་ཤིས། says:
    ལོ་ 15 སྔོན།

    མགར་རྟོགས་སད་ལགས་ཀྱིས་བཤད་པ་དེ་ག་རང་རེད། འཁྲུངས་སྐར་དུས་ཆེན་བུད་མེད་ཚོགས་པའི་ཚོད་ལྟའི་འོས་བསྡུ་དེ་ཡང་སུས་གཡོ་འཕྲུལ་ཡིན་མི་ཤེས། བཀྲ་མཐོང་ལ་གཞིས་ཆགས་ཁག་ནས་འོས་མི་བླུགས་པ་ཧ་་ཅང་གི་གསལ་བོ་རེད། དེ་རྗེས་རྒྱ་རི་སྒྲོལ་མའི་དམིགས་ཡུལ་གང་ཡིན་ཤོད་དཀའ་བ་ཞིག་རེད།
    བྱམ་རྒྱལ་ལགས། ངས་བུད་མེད་ལ་མཐོང་ཆུང་བྱས་པ་ངཏན་ནས་མི་སྐད་ཆ་དྲང་མོ་ཡིན།

    Reply
  47. ཐུབ་བསྟན་ལེགས་བཤད། says:
    ལོ་ 15 སྔོན།

    རྒྱ་རི་སྒྲོལ་མ་བཀའ་ཁྲི་བྱས་ན་རྙོག་གྲ་རྒྱུན་མི་ཆད་པ་ཡོང་རྒྱུ་ཐག་ཆོད་ཚར་བ་རེད། མོ་རང་གི་རྒྱུས་ང་ལ་ཡོད། ཕུ་རྒྱུགས་མདའ་རྒྱུགས་དང་། སྒེར་འཁོན་ཕྱོགས་འཐེན་བྱེད་དགོས་ན་མོ་ལས་སྡུག་བ་མེད་རེད། ཡིན་ནའང་འཇོན་ཐང་ཅུང་ཡོད་པའི་བཟོ་འདྲ་ཡོད་པ་དེ་ཚོ་རྒྱ་གར་རྒད་པོ་དེ་ཚོའི་འགྲམ་ལ་རེད། རྒྱ་གར་རྒད་པོ་དེ་ཚོའི་མཉམ་དུ་རྒྱུགས་རྒྱུགས་བྱས་ནས་ཁྱོ་ག་དང་ཁ་བྲལ་ཚར་བ་རེད། བཟའ་ཚང་ཁ་བྲལ་མ་ཐག་པའི་བཀའ་བློན་ཁྲི་པ་ཞིག་སླེབས་ཡོང་ན་ང་ཚོའི་མིང་ཆད་འགྲོ་རྒྱུ་མ་རེད་དམ། ཚང་མས་བསམ་བློ་གཏོང་དང་། རང་གི་བཟའ་ཚང་སྐྱོང་མི་ཐུབ་མཁན་ཞིག་གིས་བོད་མི་རིགས་སྐྱོང་ཐུབ་ཀྱི་རེད་དམ།
    ད་རུང་དེ་ཡིས་ག་ལ་ཚད།
    ཉི་མ་འགའ་ཡི་གོང་རོལ་དུ།
    ལྷོ་ཕྱོགས་གདན་ས་ཆེན་པོའི་ནང་།
    སྤྱི་དོན་ཁ་ལ་འཁྱེར་ཞོར་ནས།
    སྒེར་དོན་ཁོ་ནའི་ཆེད་དུ་རྒྱུགས།
    འབྲས་བསིལ་སུས་བཏང་ཚོགས་འདུ་ཚོགས།
    ཏྲེ་ཧོར་ཁམས་ཚན་ནང་དུ་རྒྱུགས།
    བསླབ་ལ་བརྩོན་པའི་གྲྭ་ཚོགས་རྣམས།
    རང་སེམས་རྣལ་དུ་ཕེབས་མེད་བཟོས།
    ཐེག་མཆོག་རྣམ་གྲོལ་གླིང་དུ་ཕྱིན།
    རྒྱ་རི་བུ་ཡི་རྒྱབ་རྩ་བཙལ།
    ཨེ་བདེན་མི་བདེན་ཉམས་ཞིབ་གྱིས།

    Reply
  48. མགར་རྟོགས་སད། says:
    ལོ་ 15 སྔོན།

    རྒྱ་རི་སྒྲོལ་མའི་དང་ལེན་གྱི་བཀའ་བློན་འདུག་གི་ཡིན་ཞེས་གསལ་བསྒྲགས་འདི།།
    དམིག་ཡུལ་ངེས་ཅན་ཞིག་ཡོད།། དེ་ནི་མཁས་པའི་དབང་པོ་བློ་བཟང་སེ་དྒེ་ལགས་ཀྱི་འོས་ཤོག་ཁ་འཐོར་ཏུ་གཏོང་རྒྱུའི་ཆེད་ཡིན།།
    བཀག་བཀོད་རྒྱུད་འཛིན་པ་འདི་ཚོ་གཡོ་རྒྱུ་ཆེས་ཀི་ཨ།།

    Reply
  49. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 15 སྔོན།

    བསྐུར་འོས་བོད་མི་དམངས་ཀྱི་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་མ་བསྐུལ་དང་བླངས་དང་ཆོད་སེམས་བརྟེན་པོའི་ཐོག་བཀའ་ཁྲིའི་འོས་གཞིར་བཞུགས་བགྱི་ཁས་བླང་བ་དེ་ཐུགས་རྗེ་ཆེ་ཞུ།། ཁྱེད་ལ་རྒྱལ་ཁ་ཐོབ་པར་ཤོག།།
    རྒྱ་རི་སྒྲོལ་མ་རྒྱ་གར་མི་སེར་ཡིན་མིན་མ་ཤེས་ཀྱང་ གལ་སྲིད་ཡིན་པའི་དབང་དུ་བཏང་ན་འང་བོད་མིའི་དབུ་ཁྲིད་མི་འོང་ཟེར་ན་ ༧ གོང་ས་མཆོག་གིས་ཀྱང་བོད་མིའི་དབུ་ཁྲིད་འོང་ས་མ་རེད་ད་ གང་ཡིན་ཟེར་ན་ ༧ གོང་ས་མཆོག་རྒྱལ་ཁབ་མང་པོ་ཞིག་གིས་མི་སེར་ཡིན་པ་ཚང་མའི་ཤེས་ནི་རེད།།

    Reply
  50. བྱམས་རྒྱལ། says:
    ལོ་ 15 སྔོན།

    ཨ་ཡ་ ར་ལོས་ སྤྲུལ་སྐུ་ རྙོག་དྲ་ཁྱེར་ཡོང་བ་དེ་དང་ བཀྲ་ཤིས་བུད་མེད་ལ་དམའ་ཕཕ་པ་ནི་མི་འོས། དེ་འདྲ་མ་གསུངས་དང་། ང་ཚོ་དེང་དུས་ཀྱི་མི་

    Reply
རྩོམ་ཡིག་སྔ་མ།
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese