མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནད་པ་ཚོར་དྲ་ལམ་ནས་མཐུན་འགྱུར་ཞུ་རྒྱུའི་ལམ་ཁ་ཡོད།

བོད་ཀྱི་དུས་བབ།
༢༠༡༠/༡༠/༢༡
Share on FacebookShare on TwitterShare on EmailShare on Whatsapp

ད་ཆར་བོད་གཞུང་འཕྲོད་བསྟེན་ལྷན་ཁང་བརྒྱུད་དེ་  Tele medicine  ཞེས་པའི་འཆར་གཞི་གསར་པ་གཞི་བཟོས་ཡོད་ཅིང་། འཆར་གཞི་དེ་བཟོ་དགོས་དོན་གང་ཡིན་ཟེར་ན། གྲོང་གསེབ་ཁུལ་དུ་སྡོད་བཞིན་པའི་སྨན་པ་ཚོས་གནས་ཚུལ་གསར་པ་མ་ཤེས་པ་དང་། ནད་གཞི་ངོས་འཛིན་མ་ཐུབ་པ་དེ་ཚོ་དྲ་རྒྱ་བརྒྱུད་རོགས་རམ་གནང་ཆེད་རེད་ཟེར། 

དེ་རིང་ཕྱི་ཚེས་ ༢༡ ཉིན་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་གོ་སྒྲིག་འོག བོད་གཞུང་སྨན་རྩིས་མཐོ་སློབ་ཀྱི་ཚོགས་ཁང་དུ་ཉིན་གསུམ་རིང་གི་༼ གསོ་བ་རིག་པའི་ཤེས་ཡོན་གོང་འཕེལ་གྱི་ཟབ་སྦྱོང་༽ཞེས་པ་དེ་མགོ་འཛུགས་བྱས་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་གཞུང་འཕྲོད་བསྟེན་དྲུང་འཕར་སྟོབས་རྒྱལ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་སྨན་རྩིས་ཁང་གི་ངེས་སྟོན་པ་སྐུའི་བླ་སྨན་ཚེ་དབང་རྟ་མགྲིན་མཆོག བླ་སྨན་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་བཅས་ཕེབས་འདུག གཞན། ཝ་རཱ་ན་སི་དང་ལྕགས་པོ་རི་བཅས་ཕྱོགས་མཐའ་ཁག་ནས་ཕེབས་པའི་གསོ་རིག་དགེ་རྒན་དང་སློབ་ཕྲུག དེ་བཞིན་སྨན་རྩིས་ཁང་གི་དགེ་སློབ་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་ཕྲུག་བཅས་ཁྱོན་མི་ ༢༠༠ ཙམ་ཟབ་སྦྱོང་དེར་ཞུགས་འདུག  

ཐོག་མར་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་སྨན་རམས་པ་ཚེ་རིང་ཐག་གཅོད་དྲུང་འཚོ་ལགས་ཀྱིས་ཐེངས་འདིའི་ཟབ་སྦྱོང་སྐོར་ངོ་སྤྲོད་བྱས་དོན། བོད་ཀྱི་གསོ་བ་རིག་པ་ནི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཡོད་པའི་སྲོལ་རྒྱུན་རིག་གནས་རྩ་ཆེན་ཞིག་ཡིན་པར་མ་ཟད། གཡུ་ཐོག་ཡོན་ཏན་མགོན་པོས་བརྩམས་པའི་རྒྱུད་བཞི་འདིས་འཛམ་གླིང་གང་སར་ཞབས་འདེགས་ཆེན་པོ་ཞིག་བསྒྲུབས་ཡོད། བཙན་བྱོལ་གྱི་གནས་སྐབས་འདིར་ཡང་ང་ཚོར་འཛམ་གླིང་མི་མང་ལ་ཕན་བདེ་བསྒྲུབ་ཐུབ་པའི་ནུས་པ་ཡོད་པ་དང་། བོད་ནང་ལ་ཆ་བཞག་ན། བོད་ཀྱི་གསོ་རིག་འདིས་བོད་པ་ཙམ་དུ་མ་ཟད། རྒྱ་ནག་མི་དམངས་ཀྱི་འཕྲོད་བསྟེན་ལའང་ཕན་ཐོགས་ཆེན་པོ་ཞིག་བསྒྲུབ་ཐུབ་ཀྱི་ཡོད། དེ་འདྲའི་རྩ་ཆེའི་རིག་གཞུང་ཞིག་ད་བར་མ་ཉམས་པར་རྒྱུན་འཛིན་ཐུབ་པ་དེ། རིག་གཞུང་འདིར་རིན་ཐང་ཡོད་པ་བདེན་དཔང་བྱས་ཡོད། ལོ་ཤས་གོང་བོད་ཀྱི་གསོ་རིག་ལ་རྒྱ་གར་གཞུང་གིས་ངོས་ལེན་གནང་རྒྱུར་མོས་མཐུན་བྱུང་ཡོད། འདིས་རིག་གཞུང་སྲུང་སྐྱོབ་སོགས་གནས་སྟངས་མང་པོ་ཞིག་ལ་ཕན་ཐོགས་ཡོང་གི་རེད། བོད་ནང་དུ་རྒྱ་གཞུང་གིས་བོད་ཀྱི་རིག་གཞུང་རྩ་མེད་བཟོ་བཞིན་ཡོད་ཀྱང་བོད་ཀྱི་གསོ་རིག་ལ་བདག་པོ་བརྒྱབ་སྟེ་ཁེ་ཕན་ཟ་བཞིན་ཡོད། ཅེས་གསུངས་སོང་།

 

དེའི་རྗེས་སྨན་རྩིས་ཁང་གི་ངེས་སྟོན་པ་བླ་སྨན་ཚེ་དབང་རྟ་མགྲིན་ལགས་ཀྱིས་གསུངས་དོན། ཟབ་སྦྱོང་སྤྲོད་མཁན་ཚོ་ལས་བྲེལ་ཆེན་པོ་ཡོད་མེད་ལ་མ་ལྟོས་པར་འདིར་ཕེབས་ཡོད་དུས། ཟབ་སྦྱོང་སྤྲོད་ཡུལ་དེའང་ང་ཚོ་བོད་རིགས་ཡིན་པ་དང་ང་ཚོའི་རིག་གཞུང་ཡིན་པ། དོ་སྣང་ཡོད་མཁན་ཞིག་ལ་ཟབ་སྦྱོང་སྤྲོད་ཀྱི་ཡོད་སྟབས། རང་གིས་གང་ཤེས་པ་དག་ཀུན་སློང་བཟང་པོ་ཞིག་གི་ཐོག་ནས་གཞན་ལ་བསླབ་ཐུབ་རྒྱུ་དང་། དོགས་འདྲི་ཞུ་མཁན་ལ་བུམ་པ་གང་བྱོས་ཚུལ་དུ་དོགས་གནད་གསལ་པོ་བཟོ་རྒྱུ་གལ་ཆེན་པོ་རེད། འདིར་སློབ་ཕྲུག་དང་སློབ་མཐར་ཕྱིན་མ་ཐག་པའི་སྨན་པ། སྤྱི་ཚོགས་ནང་སྨན་པའི་ཕྱག་ལས་གནང་མཁན་སོགས་འདུས་ཡོད། མི་ཚང་མ་ཤེས་ཡོན་གནས་ཚད་གཅིག་པ་མིན་སྟབས། ཟབ་སྦྱོང་འདི་ལའང་ཤེས་བྱ་གསར་པ་དང་དོགས་གནད་སེལ་རྒྱུའི་ཤེས་བྱ་མང་པོ་ཡོད། ཅེས་དང་།

བོད་ཀྱི་གསོ་རིག་སྦྱངས་པའི་སྨན་པ་ཚོར་རྒྱབ་སྐྱོར་བྱ་རྒྱུ་དེ་སྨན་པའི་ལྷན་ཚོགས་ཀྱི་ལས་འགན་ཆགས་ཡོད་སྟབས། སོ་སོའི་ཕ་མེས་ནས་བརྒྱུད་པའི་སྒེར་གྱི་སྨན་པ་ཚོར་སྨན་རྩིས་ཁང་གིས་བོད་ལུགས་སྨན་པ་ཞིག་ཡིན་པའི་ཐོག་རོགས་རམ་གནང་རྒྱུ་དང་། ལ་དྭགས་དང་ཀ་ཤ་ཁུལ་དུ་བོད་ཀྱི་གསོ་བ་རིག་པ་སྦྱངས་བའི་སྨན་པ་མང་པོ་ཡོད། བོད་ཀྱི་གསོ་རིག་ལབ་ན་མ་ལབ་ན་ང་ཚོ་འགྲོ་སའི་ལམ་ཁ་གཅིག་ཡིན་པ་དང་དེའི་ལག་ལེན་ཡང་གཅིག་ཆགས་ཡོད་དུས། རིག་གཞུང་གཅིག་གི་འོག་ཡོད་པའི་བོད་ཀྱི་སྨན་པའི་ལྷན་ཚོགས་ནང་ཞུགས་དགོས་རྒྱུ་དང་། དེབ་སྐྱེལ་བྱས་རྗེས་ལས་འགུལ་ཅི་འདྲ་ཞིག་ཡིན་རུང་ཕྱར་གྲུ་མཉམ་འདེགས་ཞུ་རྒྱུ་དེ་གལ་ཆེན་པོ་རེད། ཅེས་གསུངས།

 

ཡང་སྐུའི་བླ་སྨན་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བརྗོད་དོན།  ང་ཚོ་རྗེས་ལུས་ཡིན་པའི་རྒྱུ་མཚན་གང་ཡིན་ཟེར་ན། སྔོན་མ་ཡིན་ན་ཕ་མེས་ནས་བརྒྱུད་དེ་བོད་ཀྱི་གསོ་རིག་སྦྱོང་བའམ། ལྕགས་པོ་རི་དང་སྨན་རྩིས་ཁང་ནས་ཐོན་རྗེས་སྨན་པ་ཆགས་སོང་སྙམ་སྟེ་བསྡད་ཡོད། དེ་འདྲ་ཞིག་རྩ་བ་ནས་མ་རེད། ༧གོང་ས་མཆོག་གིས་དེང་སང་ནང་ཆོས་དུམ་བུ་གསུམ་དུ་དབྱེས་ཡོད་ཅིང་། དང་པོ་ནང་པའི་ཚན་རིག་ཡིན་ཞིང་། དེའི་ནང་བོད་ཀྱི་གསོ་བ་རིག་པའང་འདུས་ཡོད། དེར་བརྟེན། ང་ཚོ་བོད་ཀྱི་གསོ་བ་རིག་པ་ལག་ལེན་བསྟར་མཁན་དང་། དོ་སྣང་ཡོད་མཁན་ཚོས་དེའི་གནད་འགག་རྟོགས་དགོས་ཀྱི་འདུག ཅེས་དང་།

ཉེ་ཆར་གོང་ས་མཆོག་གི་ལྷོ་ཕྱོགས་སུ་བཀའ་སློབ་གསར་པ་ཞིག་གནང་ཡོད། བཀའ་སློབ་དེའི་ནང་། ནང་ཆོས་ཀྱི་ཐོག་ནས་དམིགས་བསལ་ཚན་རིག་དང་འབྲེལ་བསྡད་ཡོད་པ་རྣམས་ཟུར་དུ་བཏོན་ཏེ། སྐད་ཡིག་གཞན་པའི་ནང་ཕབ་ཐུབ་དགོས་ཀྱི་འདུག་ཅེས་གསུངས་ཡོད། དེ་ཕབ་དགོས་པའི་རྒྱུ་མཚན་འཛམ་གླིང་ཐོག་སྨན་པ་བྱ་འདོད་ཡོད་མིན་ལ་མ་ལྟོས་པར་བོད་ཀྱི་གསོ་རིག་ཐོག་དོ་སྣང་དང་སློབ་སྦྱོང་བྱ་འདོད་ཡོད་མཁན་མང་པོ་ཡོད། ཁོང་ཚོར་བལྟ་བདེ་བོ་བཟོ་དགོས་པ་རེད། ང་ཚོར་ལས་འགན་མང་པོི་ཞིག་བསྒྲུབ་རྒྱུ་ལྷག་བསྡད་ཡོད། ཅེས་གསུངས་སོང་།

ད་ཆར་བོད་གཞུང་འཕྲོད་བསྟེན་ལྷན་ཁང་བརྒྱུད་དེ་  Tele medicine  ཞེས་པའི་འཆར་གཞི་གསར་པ་གཞི་བཟོས་ཡོད་ཅིང་། འཆར་གཞི་དེ་བཟོ་དགོས་དོན་གང་ཡིན་ཟེར་ན། གྲོང་གསེབ་ཁུལ་དུ་སྡོད་བཞིན་པའི་སྨན་པ་ཚོས་གནས་ཚུལ་གསར་པ་མ་ཤེས་པ་དང་། ནད་གཞི་ངོས་འཛིན་མ་ཐུབ་པ་དེ་ཚོ་དྲ་རྒྱ་བརྒྱུད་རོགས་རམ་གནང་ཆེད་རེད།  དེང་སང་དྲ་རྒྱའི་སྤྱོད་སྒོ་ཆེ་རུ་འགྲོ་བ་དང་འགྲོ་སོང་ཡང་ཆུང་ཆུང་ཡིན་སྟབས། ཕན་ཚུན་བར་འབྲེལ་བ་བྱ་རྒྱུའི་གོ་སྐབས་མང་དུ་འགྲོ་བ་རེད། དེང་ཕྱིན་ནད་པའི་ནད་གཞི་ངོ་མ་འཕྲོད་པའི་དཀའ་ངལ་རིགས་འཕྲད་ཚེ་ཐད་ཀར་དྲ་ཐོག་ནས་བོད་གཞུང་སྨན་རྩིས་ཁང་དུ་བཀའ་འདྲི་གནང་ཆོག་གི་རེད། ཅེས་གསུངས།

 

མཇུག་ཏུ་སྐུ་མགྲོན་གཙོ་བོ་བོད་གཞུང་འཕྲོད་བསྟེན་དྲུང་འཕར་སྟོབས་རྒྱས་ཚེ་རིང་ལགས་ཀྱིས་གསུང་བཤད་གནང་དོན། འདས་པའི་ལོ་ ༥༠ ལྷག་གི་རྗེས་རྒྱ་གར་གཞུང་གིས་བོད་ཀྱི་གསོ་བ་རིག་པའི་གཞུང་འདི་ལ་ཁྲིམས་མཐུན་ངོས་ལེན་གནང་ཡོད་ཅིང་། ཐེངས་འདིར་ངོས་ལེན་བྱས་པ་ལ་བརྟེན་ནས་བོད་ལུགས་གསོ་རིག་གི་ཆེ་མཐོང་དང་། ངོ་བོ། རྣམ་པ་བཅས་ཕྱོགས་གང་ཐད་ནས་ཁྱད་པར་ཆེན་པོ་ཞིག་འགྲོ་རྒྱུར་ཡིད་ཆེས་བྱེད་ཀྱི་ཡོད། བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་འདི་ཁྲིམས་ཐོག་ནས་བལྟས་ན་ཧ་ཅང་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་སྟབས། དེབ་སྐྱེལ་བྱེད་སྟངས་དེ་མཁས་པ་མང་པོར་བཀའ་འདྲི་གནང་སྟེ་ཚད་དང་ལྡན་པ་ཞིག་བཟོ་དགོས་རྒྱུ་དང་། དེ་ལྟར་བཟོས་ན་བོད་ལུགས་གསོ་རིག་བེད་སྤྱོད་བྱ་མཁན་གྱི་སྨན་པ་ཡོངས་རྫོགས་ལ་ངོས་ལེན་འཐོབ་ཐུབ་ཀྱི་རེད། རྒྱ་གར་གྱིས་ཁྲིོམས་ཐོག་ནས་ངོས་ལེན་བྱས་པ་དེས་སྨན་པ་སྒེར་བ་ཚོས་སློབ་གྲྭ་དང་སྨན་ཁང་། སྨན་སྦྱོར་ཁང་འཛུགས་རྒྱུའི་ཐད་དུའང་ཕན་ཐོགས་ཆེན་པོ་ཡོད་པ་རེད། འོན་ཀྱང་། བོད་ལུགས་གསོ་རིག་སྦྱོང་མཁན་ཞིག་ལ་ཆ་བཞག་ན། ཀུན་སློང་ལ་ལྷད་ཞུགས་ཏེ་དཔལ་འབྱོར་འདུ་འགོད་དང་། རྒྱ་གར་དབུས་གཞུང་ནས་ཐོབ་ཐང་རག་རྒྱུར་རྩོད་ལེན་བྱས་ན་ནོར་བ་རེད། རེད་གསུངས།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 19

  1. ལས་རླུང་། says:
    ལོ་ 15 སྔོན།

    དཀར་མཚོ་སྐྱིད་ལགས།

    ངེད་གཉིས་ཀྱིས་སུས་ཡི་གེ་ནོར་བ་བྲིས་ཡོད་མེད་ཞུ་དག་བྱེད་རེས་ལ་དགོས་པ་ཆེར་མ་མཐོང་བས་ཡང་བསྐྱར་དེའི་སྐོར་ནས་ངས་ཅང་བཤད་རྒྱུ་མིན།

    ཉིད་ཀྱིས་ངའི་མཆན་ཐུང་དེ་བཀླགས་པ་ཙམ་གྱིས་དགའ་བོ་བྱུང་ལ་མུ་མཐུད་བོད་ལུགས་གསོ་བ་རིག་པའི་སྐོར་ལ་ཐུགས་སྣང་རྒྱུན་འཁྱོངས་གནངས་ཏེ་རིག་གཞུང་དེའི་ཁྱད་དུ་འཕགས་པའི་དགེ་མཚན་རྣམས་དོ་སྣང་ཅན་མཁན་གང་ལ་སུ་ཡོད་ཀྱི་སྐྱེས་བུ་ཀུན་ལ་ངོ་སྤྲོད་དང་གླེང་སློང་བྱེད་པའི་རེ་བ་ཡོད།

    Reply
  2. དམུ་ཐག་དཀར་པོ། says:
    ལོ་ 15 སྔོན།

    བཙན་བྱོལ་དུ་ཆེས་མཐོའི་སྨན་ལྷན་ཆེད་འཛུགས་བྱས་པ་ནས་བོད་ཀྱི་གསོ་རིག་བསྟན་པའི་འཕེལ་རྒྱས་ཐད་དབང་ལུང། ཟབ་སྦྱོང། བགྲོ་གླེང། སློབ་ཚན་བསྐྱར་ཞིབ། སྨན་པའི་སྤུས་ཚད། ཁྲིམས་ཐོག་དེབ་སྐྱེལ་སོགས་ལས་གཞི་གསར་བ་གང་མང་ཞིག་མགོ་འཛུགས་གནང་དང་གནང་མུས་ཡོད་པ་ནི་བསྔགས་བརྗོད་དང། སྨན་ལྷན་ཆེད་འཛུགས་བྱས་པའི་དོན་སྙིང་ཡང་རེད།
    ད་ཐེངས་ཀྱི་ཚོགས་ཆེན་འདི་ལྟབུ་འཚོགས་སྐབས་བོད་ལ་སྨན་པ་མང་ཡང་འབྲི་རྩལ་ཚིག་སྦྱོར་ལེགས་པའི་སྨན་པ་ཉུང་བ། སྤྱི་ཕན་ལྷག་བསམ་ཆེ་བའི་སྨན་པ་ཉུང་བ། གཞུང་དོན་འཆད་རྩོམ་མཁས་པའི་སྨན་པ་ཉུང་བ། ལག་ལེན་མཐོང་ཆོས་མང་བའི་སྨན་པ་ཉུང་བ། བཤལ་སྐྱུག་གཏར་བསྲེག་མཁས་པའི་སྨན་པ་ཉུང་བ། མདོར་ན་རིག་པའི་གནས་བཅུ་ཕྲག་ལ་བྱང་བའི་སྨན་པ་རྣམས་ཤིན་ཏུ་ཉུང་བའི་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་ཐབས་བཅས་གང་ཡིན་བརྟག་དཔྱད་དང་སྨན་བཅོས་ཤིག་བྱེད་རན་མི་འདུག་གམ།
    ནད་པ་ལ་བརྟག་དཔྱད་སྨན་བཅོས་མ་བྱས་པའི་གོང་དུ་སྨན་པའི་ཤེས་ཚད་འཇོན་ཐང་ལྷག་བསམ་སོགས་བརྟག་དཔྱད་སྨན་བཅོས་དགོས་ཤིང། དེའི་འགན་གཙོ་བོ་སྨན་པའི་ལྷན་ཚོགས། སྨན་པ་རྒན་གྲས། སྨན་པའི་ལས་ཀྱི་སྣེ་མོར་གཏོགས་པ་རྣམས་ལ་འཁྲི་བ་རེད།
    སྤྱིར་ཝཎ་མཐོ་སློབ་ཀྱི་གསོ་རིག་སློབ་དཔོན་ཆེན་མོ་རག་རྡོ་བློ་བཟང་བསྟན་འཛིན་ལྟབུ་མཁས་གྲུབ་གཉིས་ལྡན་གྱི་སྨན་པ་འགའ་ཤས་ཡོད་ཀྱང། དེ་འདྲའི་རིགས་རེ་འགའ་ལས་གཞན་སྨན་པའི་མིང་ཙམ་དུ་སོང་ན་ཉིན་གཅིག ཙུ་ཏུའི་ཡུལ་དུ་བྱིན་པ་ན།།རྐང་གཉིས་པ་ལ་མིར་མི་བརྩི།། ཞེས་པའི་དཔེ་ལྟར་དུ་འགྱུར་ཡང་སྲིད་པ་རེད།
    བཙན་བྱོལ་ནང་སྨན་པའི་གྲངས་ཀ་མང་དུ་འགྲོ་བ་དང་ཆབས་ཅིག་སྨན་པའི་སྤུས་ཀ་སྐྱོ་རུ་འགྲོ་བཞིན་པའི་རྣམ་འགྱུར་ཞིག་ཐོན་འདུག འདིའི་འབྱུང་རྐྱེན་གཙོ་བོ་སློབ་མ་བསྡུ་ཕྱོགས། སློབ་ཚན་གཏན་འབེབས། སྨན་པའི་སློབ་གསོ་བཅས་ཀྱིས་མ་འདང་བས་ཡིན་ངེས།
    བོད་སྨན་འདི་བོད་ཀྱི་སྐད་ཡིག་གི་སྟེང་ནས་སྦྱོང་གི་ཡོད་པས་བརྡ་སྐད་སྙན་སུམ་དང་ནང་ཆོས་ཀྱི་གོ་རྟོགས་སོགས་རྨང་གཞི་ཤེས་ཚད་བཅས་ལ་སློབ་གྲྭ་གཞན་དང་མི་འདྲ་བའི་དམིགས་བསལ་གོ་རྟོགས་དགོས་ངེས་རེད།
    དེ་ལྟར་མ་ཡིན་པར་ད་ལྟའི་སྨན་རྩིས་ཁང་ལ་དཔེར་བླངས་ཏེ་སྨན་གྱི་མཐོ་སློབ་དེ་ཚོས་སློབ་མ་བསྡུ་ཕྱོགས་ལྟར་གཞི་རིམ་འཛིན་གྲྭ་བཅུ་གཉིས་ཐོན་ཙམ་ལ་ཆ་བཞག་སྟེ་མུ་མཐུད་ཕྱིན་པ་ཡིན་ན་བོད་ཀྱི་གསོ་བ་རིག་པའི་བསྟན་པ་ཉག་ཕྲ་རུ་ཕྲ་རུ་འགྲོ་རྒྱུ་དེ་ད་ལྟའི་གནས་བབས་ལས་སྔོན་དཔག་བྱེད་ཐུབ། སྤྱིར་དབྱིན་ཇིའི་སྐད་ཡིག་གལ་ཆེ་བ་བདེན་པ་རེད། ཡིན་ན་འང་གལ་ཆེ་བ་ཐམས་ཅད་ཤེས་དགོས་ན། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་གྲངས་མང།། ཞེས་པ་ལྟར་རེད།
    མཐའ་དོན། རྒྱ་ནག་གི་ཁྲིམས་ཀྱིས་བོད་ཡིག་ཉམས་དམས་སུ་གཏོང་བ་དང། བོད་ཀྱི་སྨན་པ་ཚོས་བརྡ་སྤྲོད་སྙན་སུམ་ཟུར་དུ་འཇོག་པ་གཉིས་ངོ་བོ་གཅིག་པ་ལྟབུར་འགྱུར་བཞིན་འདུག་ན་ངས་ཀྱང། བོད་ནང་གི་སློབ་ཕྲུག་ཚོ་ལྟར་སྐད་འབོད་ཅིག་བྱས་པ་ཡིན།

    Reply
  3. དམུ་ཐག་དཀར་པོ། says:
    ལོ་ 15 སྔོན།

    གོང་དུ་སྨན་ལྷན་ཚོགས་གཙོས་བཤད་པ་ལྟར་བོད་ཀྱི་གསོ་རིག་འདི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཡོད་པ་དང་འཛམ་གླིང་འདིར་བརྩི་བཀུར་འོས་པའི་སྨན་གཞུང་ཚད་ལྡན་ཞིག་ཡིན་ལུགས་བདེན་པ་རེད།
    ཡིན་ནའང་དེ་ལག་བསྟར་བྱེད་མཁན་གྱི་སྨན་པ་ཚོ་ལ་མཚོན་ན་སྨན་གཞུང་ལ་ལོ་རྒྱུས་ཡོད་པ་ནང་བཞིན་ལག་ལེན་ཡོད་པ་ཞིག་མཐོང་གི་མི་འདུག
    དཔེར་ན་མི་ཞིག་ལ་བརྡབས་སྐྱོན་དང་གྲི་མཚོན་སོགས་ཀྱིས་རྨས་སྐྱོན་ཚབས་ཆེན་ཞིག་བྱུང་ཚེ་ཕྱི་ལུགས་སྨན་ཁང་དུ་འགྲོ་རྒྱུ་ལས་སྨན་རྩིས་ཁང་ལྟ་བུའི་བོད་པའི་སྨན་ཁང་ནང་དུ་བྱ་ཐབས་མེད་ལ། རེ་བ་བརྒྱགས་ཏེ་འགྲོ་མཁན་ཡང་མི་འདུག
    ཕྱི་ལུགས་སྨན་པ་ཚོས་དོན་ལྔ་སྣོད་དྲུག་བརྗེ་བོ་བརྒྱགས་ཏེ་མིའི་འཕྲོད་བསྟེན་ཐད་བླ་མེད་པའི་ལག་རྩལ་དང་རྣམ་དཔྱོད་ཀྱི་ཆུ་ཚད་འདི་འདྲ་ཞིག་ལ་སླེབས་སྐབས།
    བཙན་བྱོལ་གྱི་བོད་པའི་སྨན་པ་ཚོ་ལ་མེ་བཙའ་དང་གཏར་གའི་ལག་ལེན་སྤུས་དག་ཡོད་མཁན་ཧ་ཅང་ཉུང་ཉུང་རེད་ཅེས་གོ་ཐོས་བྱུང།
    རྒྱུ་མཚན་དེ་དག་ལ་བསམ་ན་བོད་གསོ་རིག་གི་ལོ་རྒྱུས་ལ་ཧ་ལས་ཧང་སངས་ཏེ་སྡོད་པ་ལས། ཡར་ཐོན་ཆེ་བའི་ཡུལ་གྲུ་གཞན་གྱི་འཕྲོད་བསྟེན་ཡར་རྒྱས་ཀྱི་ཆུ་ཚད་ལ་མིག་དཔེར་བླངས་ཏེ། བོད་ཀྱི་སྨན་པ་ཚོ་རང་ས་ནས་འགུལ་སྐྱོག་དང་བསམ་བློ་ཞིག་གཏོང་དགོས་པ་མིན་ནམ་བསམ་པ་བྱུང། རྒྱུད་བཞི་མགོ་རེག་རྩ་རེག་ཙམ་སྦྱངས་རྗེས་ནུབ་ཕྱོགས་མ་གཏོགས་ནད་པ་མེད་པ་ལྟར་ཨེམ་ཆི་ཚོ་ནུབ་ཕྱོགས་སུ་འགྲོ་རྒྱུར་འཚང་ཁ་རྒྱག་གི་འདུག
    ལྷག་པར་དུ་ལོ་སྔོན་མར་གོང་ས་མཆོག་གི་མཁྲིས་སྣོད་ནང་དུ་རྡོ་བསགས་པའི་སྙུན་གཞི་དེ་ངོས་འཛིན་ཐུབ་པའི་བོད་པའི་སྨན་པ་གཅིག་ཀྱང་བྱུང་མི་འདུག་པ་དངོས་ཡོད་མ་རེད་དམ། ཏན་ཏན་ད་དུང་རྗེས་ལུས་རང་རེད་བསམ་གྱི་འདུག

    Reply
  4. གཅན་ཚ་དཔལ་ལྡན། says:
    ལོ་ 15 སྔོན།

    ལས་རླུང་དང་དྲ་གྲོགས་ཚོར་ཞུ་རྒྱུར། ཊེ་ལི་མེ་ཊེ་སིན་ཞེས་པའི་ནང་དོན་གསལ་པོ་ཞིག་མི་ཤེས་ན།
    འོག་གི་དྲ་ཐག་འདིར་འཇུག་རོགས། འདིའི་ནང་འགྲེལ་བཤད་གསལ་པོ་ཞིག་འདུག ཐུགས་རྗེ་ཆེ། http://en.wikipedia.org/wiki/Telemedicine

    Reply
  5. དཀར་མཚོ་སྐྱིད། says:
    ལོ་ 15 སྔོན།

    སྐུ་ཞབས་ལས་རླུང་ལགས་ལ་ཆེད་དུ་བརྗོད་པ།
    གསོ་རིག་དེབ་སྐྱེལ་བྱས་པ་ལ་སོགས་པའི་བོད་སྨན་འཛིན་སྐྱོང་གི་ལས་དོན་གྱི་ཁོངས་སུ་ཁྱབ་ཆེ་བའི་དབང་དུ་བྱས་ན་སྡེ་ཚན་མང་པོ་དང་མི་སྣ་མང་པོ་དང་ས་ཁུལ་མང་པོ་ཞིག་འདུས་པས་ཐམས་ཅད་བགྲང་གིས་མི་ལང་བ་དང་འདིར་གཙོ་ཆེ་བ་དང་སྐབས་བབ་ཀྱི་གནས་ཚུལ་དང་མཐུན་པའི་སྒོ་ནས་བསམ་ཚུལ་བརྗོད་པ་ཙམ་ཡིན་པས་འགལ་ཆ་ཅི་ཡང་མེད་པ་དང་དངོས་ཡོད་ཀྱི་གནས་ཚུལ་མ་གོ་བ་ཞིག་ག་ལ་ཡིན། ཁྱེད་ཀྱིས་བཀོད་པའི་ཡི་གེ་ནང་དུ་ཚིག་སྦྱོར་དང་ཡིག་ནོར་མང་བས་བརྗོད་བྱའི་དོན་ཡང་ཇི་བཞིན་དུ་སྟོན་པར་དཀའ་བར་སྙམ་མོ། །

    Reply
  6. ནད་པ says:
    ལོ་ 15 སྔོན།

    བོད་བརྒྱུད་ནང་བསྟན་དེ་༸ གོང་ས་མཆོག་གི་གཙོས་པའི་དེ་འཛིན་སྐྱེད་ཆེན་དམ་པ་དུ་མས་འཛིན་སྐྱོང་སྤེལ་བཞིན་ཡོད་པས་ད་ཆ་རླབས་ཆེན་གྱི་གཟེངས་སུ་ཐོན་ཡོད།

    དེ་ཡང་གཙོ་བོ་༸ གོང་ས་མཆོག་གིས་ནང་ཆོས་དེ་དུམ་བུ་གསུམ་དུ་བཏང་ནས་དབྱེ་ཡོད་པ་སྟེ། Buddhist Science, Buddhist Phyilosophy and Buddhist Religion ནང་ཆོས་ཀྱི་ཚན་རིག ནང་ཆོས་ཀྱི་མཚན་ཉིད། ནང་ཆོས་ཀྱི་ཆོས་ལུགས་བཅས་གསུམ་ནས་འཛམ་གླེང་ཞབས་འདེགས་བསམ་ཡུལ་ལས་འདས་པ་ཞིག་ཞུ་བཞིན་ཡོད།

    བོད་ཀྱི་གསོ་རིག་རྒྱུད་བཞི་ The fourh great Tantras of Tibetan Medicine and its holistic approach. གཙོ་བོར་གྱུར་པའི་བོད་སྨན་རིག་པའི་གཞུང་ལུགས་འདིར་མཚོན་ན་ལོ་ངོ་སྟོང་ཕྲག་མང་པོའི་མེས་པོའི་སྲོལ་རྒྱུན་གྱི་རྣམ་དཔྱོད་དང་། ལག་རྩལ། གསོ་བཅོས་སོགས་ཕྱོགས་གང་སར་ངོ་ནོམ་མི་དགོས་པའི་རིག་གཞུང་ཡོད་ཀྱང་ད་བར་བོད་ཀྱི་གསོ་རིག་ཐོག་ཞིབ་འཇུག་བྱས་ཏེ་འཛམ་གླིང་ནང་ཁྱབ་སྤེལ་གཏོང་ཐུབ་ཀྱིན་མེད།

    ཡིན་ནའང་ད་ཆ་འགྲོ་སའི་ལམ་ཞིག་སྒོ་འབྱེད་བྱུང་བ་དེ་བེད་སྤྱད་དེ་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དང་། ལག་ལེན་ཟུང་འབྲེལ་ཐོག་ནས་འཛམ་གླིང་ནང་ཆེས་བླ་ན་མེད་པའི་ཞབས་འདེགས་བསྒྲུབ་ཐུབ་རྒྱུར་འབད་བརྩོན་སྔར་བས་ཆེ་རུ་གཏོང་དགོས།

    Reply
  7. གངས་རི་བ་བློ་གཏེར་རིག་མཛོད། says:
    ལོ་ 15 སྔོན།

    ནད་པ་ཚོར་དྲ་ལམ་ནས་ཐད་ཀར་མཐུན་འགྱར་རྒྱུ་ཞིག་རེད་མི་འདུག། དང་པོ་སྨན་པ་ཚོར་དྲ་ལམ་ནས་དངོས་སུ་མཐུན་འགྱུར་ཞུ་རྒྱུ་ཞིག་རེད་འདུག། དེ་བརྒྱུད་ནས་ནད་པ་ཚོར་མཐུར་འགྱར་ཞུ་རྒྱུ་ཞིག་རེད་འདུག།

    Reply
  8. ལས་རླུང་། says:
    ལོ་ 15 སྔོན།

    དཀར་མཚོ་སྐྱིད།

    གནས་ཚུལ་བཤད་དུས་བསམ་ཚུལ་གཙོ་བོ་མི་གནང་བར་དངོས་ཡོད་ཤེས་ནས་སྨྲ་ཐབས་དགོས་གལ་མཐོང་། ང་སྨན་རྩིས་ཁང་ལ་དུང་བ་ཡོད་པའི་ནད་པ་ཞིག་ཡིན་ཡང་། ཁྱེད་ཀྱིས་བཤད་པ་ལྟར་བོད་སྨན་དེབ་སྐྱེལ་ལས་གཞིའི་མཚོན་གསོ་བ་རིག་པ་འཛིན་སྐྱོང་གི་ལས་དོན་ཚང་མ་སྨན་རྩིས་ཁང་གཅིག་པུའི་བྱས་རྗེས་མིན་ས་ཡོད། ཝརྣས་གཙོས་ལ་དྭགས་དང་ལྕགས་པོ་རི་སོགས་བོད་སྨན་སྡེ་ཚན་ཆེ་ཁག་བཞི་པོའི་མཉམ་འབྲེལ་དང་སྤྱི་མཐུན་གྱི་བྱས་རྗེས་སུ་བལྟས་ནས་བཤད་ན་དོན་དངོས་དང་མཐུན་ནོ་སྙམ།

    བསམ་ཚུལ་ཙམ་བཤད་པ་ལས་དགག་ཕྱོགས་དང་སྒྲུབ་ཕྱོགས་ལྟ་བུ་གང་ཡང་མིན།

    Reply
  9. ལས་རླུང་། says:
    ལོ་ 15 སྔོན།

    གསར་འགོད་པ་དང་རྩོམ་སྒྲིག་པ་གཉིས་ནས་རིམ་བཞིན་བཀའ་ལན་དུས་ཐོག་ཏུ་གནངས་པར་ཐུགས་རྗེ་ཆེ་ཞུ།

    རག་རྡོ་རིན་པོ་ཆེ་ཕེབས་མ་ཐུབ་པའི་གཏམ་ངན་དེས་ཡིད་སྐྱོ་རུ་བཅུག་སོང་། ཡིན་ཡང་། ལྷན་རྒྱས་ནས་ཆེད་རྩོམ་དེ་དྲ་ཐོག་ཏུ་འགོད་ཐབས་ཅིས་ཀྱང་ཡོང་བ་མཁྱེན།

    ད་དུང་་་Tele medecine ཞེས་པའི་སྐོར་ལེགས་པོ་ཞིག་ཧ་གོ་མ་སོང་ཡང་། ཕྱིས་སུ་རིམ་པས་གསལ་ཡོང་གི་རེད། དེའི་ཕྱིར་ལྷན་རྒྱས་ནས་སྐུ་ལས་མ་བཀྱོན་ན་འགྲིག་ས་རེད།

    ཐུགས་རྗེ་ཆེ།

    Reply
  10. དཀར་མཚོ་སྐྱིད། says:
    ལོ་ 15 སྔོན།

    དེའང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ༼བོད་སྨན་ནི་རང་རེའི་བོད་ཀྱི་ཤེས་རིག་གལ་ཆེནཔོ་ཞིག་ཡིན་པ་དང་། སེམས་ཅན་མང་པོར་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོད་པ་དང་། ཕྱི་རྒྱལ་གྱི་ཨེམ་ཆི་མང་པོས་ཀྱང་དོ་སྣང་དང་ལག་ལེན་བྱ་འདོད་བྱེད་པ་དང་། སྨན་སྦྱིན་ནི་གཞན་ཕན་མཆོག་ཏུ་དགེ་བ་ཞིག་ཡིན།༽ །ཞེས་གསུངས་པ་ལྟར། བོད་ཀྱི་གསོ་རིག་གི་གཞུང་འདི་ནི་ཕྱིའི་དངོས་པོའི་ཚན་རིག་གི་ལྟ་བ་དང་མཐུན་པའི་སྒོ་ནས་དེང་རབས་སྤྱི་ཚོགས་ནང་དུ་མིའི་ལུས་སེམས་གཉིས་ཀར་ལག་ལེན་དངོས་ཀྱི་ཁྲོད་དུ་ཕན་ཐོགས་ཡོད་པའི་ཡུན་རིང་གི་ལོ་རྒྱུས་ལྡན་པའི་གནའ་བོའི་བོད་ཀྱི་རིག་གཞུང་ཁྱད་འཕགས་ཤིག་ཡིན་ཞིང་། མིག་སྔར་འཛམ་གླིང་རྒྱལ་ཁབ་ཁག་གི་ནང་དུ་མི་དམངས་ཀྱིས་དགའ་མོས་བྱེད་པ་དང་དར་ཁྱབ་ཏུ་འགྲོ་བཞིན་ཡོད། རྒྱ་གར་གྱི་ནང་དུའང་བོད་གཞུང་སྨན་རྩིས་ཁང་གི་དབུ་ཁྲིད་དང་སྨན་ལས་རྣམ་པས་ཕྱག་ལས་ཧུར་བརྩོན་གནང་བ་ལ་བརྟེན་ནས་བོད་རིགས་དང་རྒྱ་རིགས་གྱི་ནད་པ་ཁྲི་ཕྲག་མང་པོར་ཕན་རླབས་ཆེན་པོ་བྱུང་སྟེ། ཉེ་ཆར་རྒྱ་གར་གཞུང་གིས་བོད་ཀྱི་གསོ་རིག་འདི་ཁྲིམས་ཐོག་ནས་ངོས་ལེན་དེབ་སྐྱེལ་གནང་ཡོད་པ་དང་། དགའ་འོས་པའི་གནས་ཚུལ་དེ་ལ་བོད་ཀྱི་གསོ་རིག་གི་བསྟན་པ་རྒྱུན་འཛིན་བྱེད་པའི་ལས་རིགས་ཡོངས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་འབྲེལ། ད་ལྟའི་ལས་གཞི་གསར་བ་སྟེ་དྲྭ་ལམ་གྱི་ཐོག་ནས་བོད་གཞུང་སྨན་རྩིས་ཁང་དུ་སོ་སོའི་ནད་རིགས་ཀྱི་སྐོར་བཀའ་འདྲི་ཞུ་ཆོག་པ་འདི་ནི་རྒྱ་ཆེའི་ནད་པ་དང་སྨན་ལས་ཡོངས་ལ་ཕན་ཐོགས་ཡོད་ངེས་པས་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན་ནོ༎

    Reply
  11. གཅན་ཚ་དཔལ་ལྡན། says:
    ལོ་ 15 སྔོན།

    ཀློག་པ་པོ་ལས་རླུང་ལ་གསལ་བཤད་ཀྱི་ཚུད་དུ། ཐེངས་འདིར་རག་རྡོ་སྤྲུལ་སྐུ་མཆོག་ལས་དོན་ཞིག་གི་རྐྱེན་པས་ཕེབས་ཐུབ་མི་འདུག ཡིན་ནའང་། ཁོང་གིི་རྩ་རླུང་ཐིག་ལེ་འཆད་ཁྲིད་ཀྱི་རྩོམ་ཡིག་ཝར་ཎ་ནས་བསྐུར་འཆར་ཡོད་ས་རེད། གསལ་པོ་ཤེས་མ་སོང་། གསལ་པོར་མཁྱེན་འདོད་ཡོད་ན། སྨན་རྩིས་ཁང་ལ་འབྲེལ་གཏུག་བྱ་དགོས་ཀྱི་རེད། དེ་གཅིག་ཡིན། གཞན་དེ་དྲ་ལམ་ནས་སྨན་བཅོས་བྱ་ཐབས་སྐོར་རེད། དེ་ཚང་མ་ང་ཚོར་གནས་ཚུལ་གསར་པ་ཞིག་ཆགས་ཡོད། སྨན་པ་ཚེ་བརྟན་གྱིས་Tele medecine སྨན་བཅོས་བྱ་ཐབས་འདི་གཙོ་བོ་གྲོང་གསེབ་ཁུལ་དུ་དམིགས་པ་ཞིག་རེད་ཟེར།
    གལ་སྲིད་། ྐུལས་རླུང་ཁྱོད་ནུབ་ལ་དྭགས་ཕྱོགས་ཀྱི་གྲོང་གསེབ་ཅིག་ཏུ་ནད་མནར་གྱི་སྐབས་སུ་ཡུལ་དེའི་སྨན་པས་ཁྱེད་ཀྱི་ན་ཚ་ངོས་འཛིན་དང་ནད་རྟགས་ཧ་མ་གོ་བ་ཡིན་ན། སྨན་པ་ཐད་ཀར་དྲ་ཐོག་ཏུ་ཡོང་སྟེ་སྨན་རྩིས་ཁང་གི་སྨན་པར་དྲ་ལམ་ནས་ནད་པའི་གནས་སྟངས་ངོ་སྤྲོད་དང་དོགས་འདྲི་ཞུ་དགོས་རྒྱུ་དང་། གནས་སྟངས་ངོ་འཕྲོད་རྗེས་དེ་ལུགས་བཞིན་སྨན་པས་ཁྱེད་ལ་སྨན་བཅོས་བྱ་དགོས་པ་རེད། འདི་ནི་གོང་གི་ཁྱེད་ཀྱིས་དྲི་བའི་ལན་ཡིན། སྤྱིར་ང་རང་ལས་བྲེལ་གྱིས་དབང་གིས་ཁྱེད་ཀྱི་མཆན་འདི་མཐོང་མ་སོང་། ལན་ཏག་ཏག་ཅིག་རེག་ཡོད་མེད་མི་ཤེས། ཐུགས་རྗེ་ཆེ། གསར་འགོད་པ། དཔལ་ལྡན་གྱིས།

    Reply
  12. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    དྲ་གྲོགས་ལས་རླུང་ལགས། ཁྱེད་ཀློག་པ་པོ་རྣམ་པའི་འདོད་བློ་སྐུང་ཅི་ཐུབ་བྱ་རྒྱུ་ང་གསར་འགོད་པ་ཚོས་འོས་འགན་ལོས་ཡིན། འོན་ཀྱང་། ཁྱེད་ཀྱི་གོང་གི་དྲི་བ་དེའི་ཐད། ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས“ ད་ཆར་བོད་གཞུང་འཕྲོད་བསྟེན་ལྷན་ཁང་བརྒྱུད་དེ་ Tele medicine ཞེས་པའི་འཆར་གཞི་གསར་པ་གཞི་བཟོས་ཡོད་ཅིང་། འཆར་གཞི་དེ་བཟོ་དགོས་དོན་གང་ཡིན་ཟེར་ན། གྲོང་གསེབ་ཁུལ་དུ་སྡོད་བཞིན་པའི་སྨན་པ་ཚོས་གནས་ཚུལ་གསར་པ་མ་ཤེས་པ་དང་། ནད་གཞི་ངོས་འཛིན་མ་ཐུབ་པ་དེ་ཚོ་དྲ་རྒྱ་བརྒྱུད་རོགས་རམ་གནང་ཆེད་རེད། ” ཞེས་གསུངས་པའི་ནང་ཕལ་ཆེར་གསལ་བོ་འདྲ་ཞིག་རེད། གང་ལྟར། ས་གནས་སྨན་ཁང་ཆུང་ཚགས་རིགས་ཀྱིས་ནད་ངོས་མ་ཟིན་པ་དག དྲ་རྒྱ་བརྒྱུད་དབུས་ནས་ཐར་ཀར་བརྟག་དཔྱད་གཏོང་ཐུབ་པའི་བརྒྱུད་ལམ་ཞིག་ལ་གསུང་གི་ཡོད་པ་འདྲ།
    ཡང་ཁྱེད་ཀྱིས་ཐེངས་འདིའི་ཚོགས་ཐོག་ཏུ་རག་རྡོ་རིན་པོ་ཆེ་ཕེབས་འདུག ཁོང་གི་རྩ་རླུང་ཐིག་ལེའི་སྐོར་གྱི་བཤད་ལ་གསན་འདོད་ཡོད་སྐོར་བརྗོད་འདུག དེར་ཡང་ང་ཚོས་གང་ཐུབ་ཀྱིས་ཐབས་ལམ་ཞིག་འཚོལ།

    Reply
  13. ལས་རླུང་། says:
    ལོ་ 15 སྔོན།

    གསར་འགོད་པ་དང་རྩོམ་སྒྲིག་པར་གསལ་བཤད་བྱེད་རོགས་ཞེས་ཞུས་ཀྱང་། མཆན་དྲ་ཐོག་ཏུ་འགོད་པ་ལས་དྲི་བ་དང་རེ་བ་སོགས་ལ་ལན་ཅི་ཡང་འདེབས་ཀྱི་མི་འདུག་པ་དེ་ཅི་ཞིག་མ་འགྲིག་པ་རེད།

    ངས་དྲ་ཐོག་ནས་གསལ་བཤད་དང་གསུང་ལན་རེར་བསྒུགས་ནས་ཡོད།

    Reply
  14. དོལ་སྨྱོན། says:
    ལོ་ 15 སྔོན།

    ཟབ་སྦྱོང་དེར་ཡོང་འདོད་ཡོད་ཀྱང་རྐྱེན་དབང་གིས་ཡོང་ཐུབ་མ་སོང་། ཡིན་ཡང་། ཟབ་སྦྱོང་འདིའི་སྦྱོར་དངོས་མཇུག་གསུམ་གྱི་བྱ་བ་ཡོད་ཚད་བགེགས་མེད་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ།
    དེང་སང་ཁ་བརྡ་དང་དུས་བབས་ཟིན་བྲིས་སོགས་དྲ་རྒྱའི་ནང་བོད་སྨན་དང་འབྲེལ་བའི་རྩོམ་ཡིག་གང་མང་མཐོང་རྒྱུ་ཡོད་པ་དེ་ནི་དགའ་འོས་པའི་གནས་སྟངས་ཤིག་རེད་འདོད། ད་དུང་སྨན་པ་གང་མང་གིས་འདིའི་ཐད་དོ་སྣང་སྔར་ལྷག་གནང་རྒྱུར་རེ་བ་ཆེ།

    དེང་སང་བོད་པའི་ཨེམ་ཆི་ཚོས་ཚིག་གི་དག་ཆ་དང་སྡེབ་སྦྱོར་ལ་དོ་སྣང་མི་བྱེད་པར་གང་བྱུང་ལག་པས་འབྲི་བ་དང་ཁ་ནས་བཤད་པ་སོགས་བྱེད་ཀྱི་འདུག་ཅེས་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ཟུར་ཟ་ལྟ་བུའི་སྐད་ཆ་འདྲ་མིན་གོ་རྒྱུ་འདུག་ན་སྨན་པ་ཚོས་དེའི་ཕྱོགས་ལ་ངེས་པར་གཟབ་གཟབ་བྱེད་གལ་ཆེན་པོ་མཐོང་།

    མཐར་བོད་ཀྱི་གསོ་བ་རིག་པའི་བསྟན་པ་དར་བ་དང་དེ་འཛིན་གྱི་སྐྱེས་བུ་ཚོའི་བསམ་དོན་འགྲུབ་པར་ཤོག

    Reply
  15. ལས་རླུང་། says:
    ལོ་ 15 སྔོན།

    གོ་ཐོས་སུ་ད་ཐེངས་མཁས་དབང་རག་རྡོ་རིན་པོ་ཆེ་ཟབ་སྦྱོང་དེར་ཆེད་ཕེབས་གནང་འདུག་པ་མ་ཟད། ཁོང་གིས་རྩ་རླུང་ཐིག་ལེའི་སྐོར་གསུང་བཤད་ཅིག་གནང་འཆར་འདུག་པས། གསར་འགོད་པས། ང་ཚོ་ཟབ་སྦྱོང་ལ་བཅར་མ་ཐུབ་པའི་དོན་གཉེར་ཅན་ཚོའི་ཆེད་དུ་གསུང་བཤད་དེ་ཐབས་འཚོལ་གྱིས་དྲ་ཐོག་ཏུ་གང་མྱུར་འགོད་ཐུབ་པ་གནང་རོགས། ཁོང་ནི་ངེས་དོན་གྱིས་བོད་རིག་པ་སྤྱི་དང་ལྷག་པར་གསོ་བ་རིག་པར་བྱང་ཆུབ་པའི་མཁས་དབང་ཞིག་ཡིན་པས། ད་ཐེངས་བསྐྱར་འདི་རེ་བྱེད་ཐུབ་ནའང་དུས་བབས་དྲ་བའི་མཛེས་རྒྱན་ལྟ་བུར་འགྱུར་ངེས་པའི་གསལ་བཤད་རེ་སྐུལ་དང་བཅས་ཕུལ།

    Reply
  16. ལས་རླུང་། says:
    ལོ་ 15 སྔོན།

    གསར་འགོད་པ་ལགས།

    Tele medecine ཞེས་པ་འདི་བཀོལ་སྤྱོད་བྱེད་སྟངས་དཔེ་མཚོན་བཅས་ངོ་སྤྲོད་གསལ་བོ་ཞིག་གནང་རོགས་གྱིས། མ་གཏོགས་གསར་འགྱུར་གྱི་བརྗོད་དོན་གཙོ་བོ་ཧ་མི་གོ་བའི་དཀའ་ངལ་འདུག ཕྱིས་སུ་གསར་འགྱུར་འགོད་དུས་ཀྱང་འདིའི་རིགས་མི་ཡོང་བར་ཡིད་གཟབ་གནང་རོགས།

    Reply
  17. གནས་ཚང་། says:
    ལོ་ 15 སྔོན།

    དྲི་བ་གཅིག་ཡོད།

    ༡ བཙན་བྱོལ་སྤྱི་ཚོགས་ནང་དུ་དྲ་བ་ཡོད་མཁན་གྱི་ནད་པ་ག་ཚད་ཅིག་ཡོད་དམ། (གཞིས་ཆགས་ཁག་གི་ནང་ཚང་རེ་ལ་དྲ་རྒྱ་བཙུགས་ཡོད་དམ་མེད་ཞེས་པར་གོའང་ཆོག)

    Reply
  18. སྒྲོལ་དཀར་བུ says:
    ལོ་ 15 སྔོན།

    དྲྭ་བདག་ལགས་དཀོན་མཆོག་མཁྱེན་རེ་བ་བཤད་པ་དོན་མེད་ཆུ་གསོས་སུ་མ་གཏོང་རོགས
    ནད་པ་ཚོས་ནད་རྟགས་བཤད་ནས་ན་ཚ་ངེས་འཛིན་བྱེད་པ་དང་དེ་དང་འཚམས་པའི་སྨན་འཐུང་ལུགས་སོགས་སྨན་པས་ཐད་གར་ལབ་ཐུབ་ན་ཡག་པོ་རེད།
    དེ་ཡོད་མེད་བཀའ་འདྲི་ཞུས་པ་ཡིན

    Reply
  19. སྒྲོལ་དཀར་བུ says:
    ལོ་ 15 སྔོན།

    ངོ་མ་བཤད་ན་སྨན་པ་ཚོར་རོགས་བྱེད་པ་རེད་མ་གཏོགས་ནད་པ་ཚོར་རོགས་བྱེད་པ་རེད་མི་འདུག་ག
    ནད་པ་ཚོས་རང་རང་གི་ནད་རྟགས་སོགས་སྨན་རྩིས་ཁང་ལ་ཐད་གར་བཀའ་འདྲི་ཞུས་ཆོག་
    གི་ཡོད་པ་ཡིན་ནམ།དཀོན་མཆོག་མཁྱེན་དེ་ཡང་དཀའ་མོ་རེད་ནད་པ་ཉམས་ཐག་དེ་ཚོ་ངོ་མ་སྙིང་རྗེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese