མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདི་ལོ་སློབ་མ་ཚང་མས་དུས་འཁོར་དབང་ཆེན་ཞུ་ཐུབ་ཀྱི་ཡོད།

བོད་ཀྱི་དུས་བབ།
༢༠༡༡/༡༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་དུས་དབང་ཐེངས་སོ་གཉིས་པར་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་གཅིག་ཀྱང་མ་ལུས་པར་འགྲོ་རྒྱུ་ཡིན་ཞིང་། སློབ་གྲྭའི་ངོས་ནས་དུས་དབང་སྐབས་བོད་ནང་རང་ལུས་མེར་བསྲེག་བཏང་བའི་རྒྱལ་གཅེས་པ་རྣམས་ཀྱི་སྐུ་པར་དང་ཐ་སྙད་གསར་བ་འགྲེམས་སྤེལ། ཁོར་ཡུག་གཙང་སྤྲ་སོགས་ཀྱི་ཞབས་ཞུ་བསྒྲུབ་འཆར་ཡོད་ཟེར།

འདས་པའི་ལོ་དུ་མའི་རིང་བཞུགས་སྒར་ཉེ་འཁྲིས་ཤེས་རབ་དགའ་ཚལ་སློབ་གླིང་དུ་བོད་ནས་སློབ་མ་སྟོང་ཕྲག་མང་པོས་༸གོང་ས་མཆོག་ལ་མཇལ་ཁ་དང་ཁོང་གི་གསུང་ཆོས་ཞུ་རྒྱུ་དམིགས་ཡུལ་དུ་བཟུང་སྟེ། ཉེན་ཁའི་འགག་འཕྲང་དུ་མ་བརྒྱུད་དེ་འབྱོར་ཡོད་ཀྱང་། གཉེན་ཉེ་ཡོད་མེད་དང་དཔལ་འབྱོར་ཡོད་མེད་ཀྱི་དབང་གིས་སློབ་མ་མང་པོ་ཞིག་༸གོང་ས་མཆོག་གི་བཞུགས་སྒར་གྱི་གསུང་ཆོས་སོགས་ལའང་འགྲོ་ཐུབ་ཀྱི་མེད་པ་དང་། ཁག་ཅིག་ལོ་ལྔའི་རིང་གུང་གསེང་ཐེངས་གཅིག་ཀྱང་འགྲོ་མྱོང་མེད་པར་སློབ་གྲྭ་རང་དུ་བསྡད་པའི་གནས་ཚུལ་མང་པོ་གོ་རྒྱུ་ཡོད་སྟབས། ཕྱི་ཚེས་༡༦ ཉིན་གསར་འགོད་པ་ཆེད་དུ་ཤེས་རབ་དགའ་ཚལ་སློབ་གླིང་དུ་ཕྱིན་སྟེ་བསླེབ་ལ་ཉེ་བའི་དུས་དབང་ཐེངས་ ༣༢ པར་སློབ་གྲྭའི་ངོས་འཆར་གཞི་གང་འདྲ་ཞིག་ཡོད་མེད་ཀྱི་ཐད་ནས་རྒྱུས་ལོན་བྱས་པ་ཡིན།

འདིའི་ཐད་སློབ་གྲྭའི་འགན་འཛིན་བུ་དྲུག་ཤཱསྟི་ལགས་ཀྱིས་བརྗོད་པ་ལྟར་ན། སམ་བྷོ་ཊའི་སྤྱི་ཁྱབ་ཡིག་ཚང་དང་སློབ་གྲྭའི་ངོས་ནས། སློབ་མ་ཚོར་དུས་དབང་སྐབས་ཀྱི་འགྲོ་སོང་ཆ་ཚང་གཏོང་བའི་མཐུན་རྐྱེན་བསྐྲུན་ཐབས་མ་བྱུང་ཡང་། སློབ་མ་ཚོའི་རེ་བ་ལྟར་ལོ་རེའི་ཕྱི་ཟླ་ ༡༢ པའི་ཚེས་ ༡༨ ནས་ཕྱི་ཟླ་ ༡ ཚེས་ ༡༧ པར་གྱི་ཟླ་གཅིག་གི་དགུན་ཁའི་གུང་གསེང་། དུས་དབང་ཐེངས་ ༣༢ པ་དང་འཁེལ་བར་བྱས་ཏེ་སྔ་བསྣུར་བྱས་ཡོད་པ་དང་། ཉེ་ཆར་སློབ་མ་ཚོས་ཐེངས་མང་རེ་སྐུལ་ཞུས་པ་ལྟར་སྤྱི་ཁྱབ་རྒན་བདག་གཉིས་དང་ཉལ་ཁང་རྒན་བདག་བཅས་མི་ ༦ ལ་དགོངས་ཤོག་སྤྲད་དེ། སློབ་མ་ཚོས་བཞུགས་སྒར་དང་ལྷོ་ཕྱོགས་ཀྱི་དགོན་སྡེ་ཁག་ཏུ་ཞལ་འདེབས་སློང་རྗེས། སློབ་མ་སྐྱོ་བོ་ཁོ་ན་མིན་པར་སློབ་མ་ཡོངས་རྫོགས་རྡོ་གདན་དུ་དུས་དབང་ཞུ་རུ་འགྲོ་ཐུབ་པ་བྱུང་ཡོད་འདུག་ལ། ཐེངས་འདིར་བསྡོམས་འབུམ་ ༡༤ ལྷག་གི་འགྲོ་སོང་ཡོད་འདུག གལ་སྲིད་སློབ་མ་ཚོའི་ཞལ་འདེབས་སློང་བའི་དངུལ་གྱིས་མ་འདང་བ་ཡིན་ན། སམ་བྷོ་ཊའི་སྤྱི་ཁྱབ་ཡིག་ཚང་གིས་སྒོར་མོ་ཁ་སྣོན་རྒྱག་རྒྱུའི་ཁས་ལེན་བྱས་ཡོད་པ་མ་ཟད། དུས་དབང་སྐབས་སློབ་མ་ཚོར་སློབ་གྲྭ་རང་དུ་ཡོད་པའི་སྒྲིག་གཞི་གཅིག་མཚུངས་ཐོག་ནམ་རྒྱུན་སྒྲིག་ཆས་གྱོན་དུ་འཇུག་རྒྱུ་དང་། ཁ་རས་དང་རྩམ་པ། སྨན། རླངས་འཁོར་བཅས་གྲ་སྒྲིག་དང་། རྡོར་གདན་ཉེ་འཁོར་གྱི་གནས་ཆེན་ཁག་ལ་མཆོད་མཇལ་བཅས་འཁྲིད་པའི་འཆར་གཞི་ཡོད་པ་དང་། འདི་ལོ་བོད་ནང་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྐུ་པར་དང་ལོ་རྒྱུས། བོད་ནང་གསར་དུ་བསྡུ་བསྒྲིགས་བྱས་པའི་ཐ་སྙད་གསར་བ་པར་བསྐྲུན་འགྲེམས་སྤེལ། གསུང་ཆོས་ར་བ་གཙོས་ཉེ་འཁོར་གྱི་ཁོར་ཡུག་གཙང་སྤྲ་བཅས་ཀྱི་ལས་འགུལ་ཡང་སྤེལ་འཆར་ཡོད་འདུག

ཡང་གསར་འགོད་པས་སློབ་མའི་སྤྱི་ཁྱབ་རྒན་བདག་ཕུར་བུ་ཉི་མ་ལགས་སུ། ཐེངས་འདིའི་དུས་དབང་ཐོག་སློབ་མ་ཚོ་འགྲོ་ཐུབ་མིན་གྱི་གནས་སྟངས་གང་འདྲ་བྱུང་ཡོད་མེད་དྲིས་པ་ཡིན་ལ། ཁོང་གིས་བརྗོད་དོན་ལྟར་ན། འདི་ལོའི་དུས་དབང་ཐེངས་ ༣༢ པའི་ཐོག་བོད་ནང་གི་བོད་མི་ཚོས་བོད་ནང་དམ་དྲག་ཆེ་མིན་ལ་མ་ལྟོས་པར། བོད་ནང་གི་བོད་མི་མང་པོ་ཞིག་གིས་རང་སྲོག་བློས་གཏོང་གིས་རྒྱ་གར་ནང་དུས་དབང་འཁོར་ཆེན་ཞུ་རུ་ཡོང་གི་ཡོད་པ་ལྟར། ང་ཚོ་རྒྱ་གར་རང་དུ་འདུག་མཁན་ཚོ་དུས་འཁོར་དབང་ཆེན་ལ་འགྲོ་མ་ཐུབ་ཚེ་ཧ་ཅང་ཐབས་སྐྱོ་བོའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པ་དང་། ལྷག་པར་དུ་ཤེས་རབ་དགའ་ཚལ་སློབ་གླིང་ལ་མཚོན་ན་སློབ་མ་མང་ཆེ་བའི་དམིགས་ཡུལ་གཙོ་བོ་༸གོང་ས་མཆོག་ལ་མཇལ་རྒྱུ་དང་ཁོང་གི་གསུང་ཆོས་ཞུ་རྒྱུ་གཙོ་བོར་བཟུང་སྟེ་ཡོང་མཁན་ཤ་སྟག་ཡིན་སྟབས། ཁོང་གིས་སྔ་ཕྱི་སློབ་མ་ཚོར་བསམ་ཚུལ་བསྡུ་རུབ་བྱས་ཏེ་གུང་གསེང་སྔ་བསྣུར་བྱས་ཐུབ་ཡོད་མོད། སློབ་མ་ཚོར་དུས་དབང་ལ་འགྲོ་ཐུབ་མིན་གྱི་གནས་སྟངས་བརྩད་གཅོད་བྱས་སྐབས། དངོས་ནས་དཔལ་འབྱོར་ཡོད་མཁན་ཁག་ཅིག་ལས། ཕྱི་རྒྱལ་ཁག་དང་རྒྱ་གར་སྤུན་མཆེད་བཅས་ཀྱི་རོགས་རམ་གཅིག་ཀྱང་མེད་མཁན་ ༡༡༣ དང་། གཞན་ཕར་འགྲོ་ཐུབ་ཀྱང་ཚུར་ཡོང་མི་ཐུབ་པའི་རིགས་བཅས་ཧ་ཅང་དཀའ་ཁག་གི་གནས་སུ་གྱར་ཏེ། སློབ་གྲྭར་ཟློས་གར་ཚོགས་པའི་ནང་གཞས་སྣ་འཁྲབ་སྟོན་གྱི་ལམ་ནས་ཞལ་འདེབས་བསྡུ་རུབ་བྱ་རྒྱུའི་རེ་སྐུལ་བྱས་ཀྱང་། འདི་ལོ་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེགས་ཀྱིས་ལས་འགུལ་བསྟུད་མར་བྱུང་སྟབས། འཁྲབ་སྟོན་བྱས་མ་ཐུབ་པར་ལྷག་ཡོད་འདུག

མཐའ་མར་ཁོང་ལ་དཔལ་འབྱོར་འཚོལ་སྒྲུབ་ཀྱི་ཐད་ནས་ཇི་ལྟར་མགོ་འཛུགས་བྱས་མིན་དང་ད་ལྟའི་ཆར་དཔལ་འབྱོར་གྱི་གནས་སྟངས་གང་འདྲ་ཆགས་མིན་དྲིས་པར་ཁོང་གིས། “ ཉེ་ཆར་སློབ་གྲྭའི་ངོས་ནས་སྔར་ལོའི་མེ་ལཱ་འཚོགས་སྐབས་ཀྱི་ཧིན་སྒོར་ཁྲི་ ༨ དང་ང་ཚོ་སློབ་མ་ཚོས་ནམ་རྒྱུན་ཞལ་འདོན་ཆེད་ཞལ་འདེབས་བྱས་པའི་ཧིན་སྒོར་ཁྲི་ ༤ ། སློབ་མ་ཚོ་ནང་ཁུལ་ནས་དཔལ་འབྱོར་ཡོད་མཁན་ཚོས་ཧིན་སྒོར་ ༤ ཁྲི་ལྷག་གི་ཞལ་འདེབས་སྤྲད་སོང་མོད། སློབ་མ་སྐྱོ་བོའི་རིགས་ལ་འདང་ཙམ་ལས་སློབ་གྲྭ་ཡོངས་འགྲོ་རྒྱུར་འདང་གི་མེད་སྟབས། ང་ཚོས་སྤྱི་ཁྱབ་ཡིག་ཚང་ལ་ཡར་ཞུ་ཞུས་རྗེས། ཕྱི་ཟླ་ ༦ པ་ནས་བཞུགས་སྒར་ཉེ་འཁྲིས་ཀྱི་ཀིརྟི་གྲྭ་ཚང་དང་རྣམ་རྒྱལ་གྲྭ་ཚང་། རྒྱུད་སྟོད་གྲྭ་ཚང་། སྤི་རི་ཉེ་ཁུལ་གྱི་རྫོང་སར་བཤད་གྲྭ ཤེས་རབ་གླིང་བཅས་དགོན་སྡེ་ཆ་ཚང་ནང་ཕྱིན་སྟེ་བསྡོམས་ཧིན་སྒོར་འབུམ་ ༨ ལྷག་རག་བྱུང་། སྐབས་དེར་འགྲོ་སོང་རྩིས་རྒྱག་སྐབས་སྐྱོ་བོའི་རིགས་ལ་རོགས་སྐྱོར་བྱེད་ཐུབ་ཀྱང་། སློབ་མ་གསར་བ་ཡོང་བཞིན་པའི་རིགས་དང་སློབ་མ་ཆ་ཚང་འགྲོ་ཐུབ་པ་ཡིན་ན་མེ་འཁོར་གླ་ཆ་གཅིག་པུར་ཧིན་སྒོར་འབུམ་ ༤ ལྷག་འགྲོ་གྱིན་ཡོད་པ་དང་། གུར་ ༣༠ གྲ་སྒྲིག་བྱས་པར་བསྡོམས་ཧིན་སྒོར་འབུམ་ ༡ དང་སྟོང་ ༥ ལྷག་ཕྱིན་སྟབས། དངུལ་གྱི་འདང་མིན་གྱི་དཀའ་ངལ་ཞིག་ལྷག་ཡོང་གི་འདུག རྗེས་སུ་ཡང་བསྐྱར་ལྷོ་ཕྱོགས་ཀྱི་སེ་འབྲས་དགེ་གསུམ། རྣམ་གྲོལ་གླིང་། རྒྱུད་སྨད། དེ་བཞིན་ས་སྐྱ་དང་རྙིང་མ་བཅས་ཀྱི་གྲྭ་ཚང་ཁག་ཡོངས་སུ་ཞལ་འདེབས་སློང་སྟེ་འབུམ་ ༣ དང་ཁྲི་ ༤ བཅས་ཁྱོན་བསྡོམས་ཐེངས་འདིར་འབུམ་ ༡༣ དང་ཁྲི་ཁ་ཤས་རག་སོང་། དགོན་སྡེ་ཁག་ཡོངས་ཀྱིས་ཐེངས་འདིའི་ཞལ་འདེབས་ཀྱི་སྒོར་མོ་དེ་གཙོ་བོ་སློབ་མ་སྐྱོ་བོའི་རིགས་ལ་དམིགས་ཏེ་སློང་བ་ཞིག་ཡིན་སྟབས། ང་ཚོ་ཉལ་ཁང་རྒན་བདག་ ༢༤ དང་དང་བླངས་སློབ་མ་ ༤ ། སྤྱི་བའི་རྒན་བདག་གཉིས་བཅས་བསྡོམས་མི་ ༣༠ ཡིས་གང་ཐུབ་ཀྱིས་ཞབས་ཞུ་བསྒྲུབ་འཆར་ཡོད་ལ། རྡོར་གདན་དུ་དམིགས་བསལ་སློབ་མ་སྐྱོ་བོའི་རིགས་ལ་ཧིན་སྒོར་ ༡༠༠༠ ལྷག་སྤྲོད་རྒྱུ་ཡིན། དེ་མིན་རྡོ་རྗེ་གདན་ཉེ་འཁྲིས་ཀྱི་གནས་ཆེན་ཁག་དང་ཝ་ར་ཎ་སི་བཅས་ལ་མཆོད་མཇལ་ཏུ་འཁྲིད་རྒྱུ་དང་། སློབ་མ་ཚོར་དུས་དབང་སྐབས་ཉིན་རེར་ཟ་མ་ཐེངས་གཉིས་བཅས་ཀྱི་གོ་སྒྲིག་ཡོད།”ཅེས་བརྗོད་བྱུང་བར་མ་ཟད། ཁོང་གིས་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་ཡོངས་ཀྱི་ཚབ་བྱས་ཏེ། ཐེངས་འདིའི་ཞལ་འདེབས་ཕུལ་མཁན་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན། ཞེས་བརྗོད་བྱུང་།

ཤེས་རབ་དགའ་ཚལ་སློབ་གླིང་ནི། ༡༩༩༣ ལོར་༸གོང་ས་མཆོག་གི་དགོངས་གཞིའི་འོག བོད་ནས་གསར་དུ་འབྱོར་བའི་རང་ལོ་ ༡༨ ནས་ ༣༠ བར་གྱི་གཞོན་སྐྱེས་ཚོར་དམིགས་ཏེ་ཐོག་མར་བཙུགས་པ་ཞིག་ཡིན་ཞིང་། ཕྱིས་སུ་དབུས་སྣེ་ལེན་ཁང་དང་བོད་གཞུང་ཤེས་རིག་ལས་ཁུངས་བཅས་ཀྱིས་འཛིན་སྐྱོང་གི་འགན་འཁུར་ཡོད་པ་དང་། འདི་ལོ་ཕྱི་ཟླ་ ༡ ཚེས་ ༣ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་སམ་བྷོ་ཊའི་ཁོངས་སུ་རྩིས་སྤྲོད་བྱས་ཡོད། ༡༩༩༣ ལོ་ནས་ ༢༠༡༡ ལོའི་ལོ་མཇུག་བར་ཁྱོན་བསྡོམས་བོད་ནས་སློབ་མ་ ༧༠༠༠ མ་ཟིན་ཙམ་ཞིག་འབྱོར་ཡོད་པ་དང་། ད་ལྟའི་ཆར་སློབ་མ་ ༣༦༠ ལྷག་ཡོད་འདུག

གསར་འགོད་པ། དོན་གོ

 

འབྲེལ་ཡོད་གསར་འགྱུར།

Farmers in Tibet: In the first seven months of this year over 500,000 rural Tibetan labourers have been pushed into military-style training centres.AP
Mobile App

རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་བཙན་གྱིས་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་པའི་སྙན་ཐོ་བཏོན།

ཆུ་ཚོད་ ༥ སྔོན་ལ།
རྒྱ་ནག་པེ་ཅིན་ནས་ཡིན་པའི་ཁྲིམས་རྩོད་པ་ཏུང་ཕུང་ལགས་ཀྱིས་བོད་ཀྱི་མཚོ་སྔོན་པོའི་འབྲོག་ཁུལ་ནས་གནས་ཚུལ་སྤེལ་བ། ཁོང་གི་བརྙན་ལམ་གྱི་པར།
Mobile App

འབྲོག་མང་བཙན་གྱིས་གནས་སྤོར་བཏང་བ་དང་གུན་གསབ་སྤྲོད་ཀྱི་མེད་པ་སོགས་ཀྱི་གནད་དོན་ལ་རོགས་རམ་བྱེད་ཀྱི་འདུག

ཆུ་ཚོད་ ༨ སྔོན་ལ།
Mobile App

བལ་བཟའ་ཁྲི་བཙུན་བལ་ཡུལ་གྱི་ལོ་རྒྱུས་མི་སྣའི་ཁོངས་སུ་འཇུག་དགོས་པའི་རེ་སྐུལ་ཞུ་བཞིན་འདུག

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དགེ་འདུན་པ་ཞལ་གྲངས་ ༥༤ ལ་བསྙེན་རྫོགས་ཀྱི་སྡོམ་པ་སྩལ། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ནས་བླངས། ༢༠༢༦།༡།༢༢
༸གོང་ས་མཆོག གསར་འགྱུར།

དགེ་འདུན་པ་ཞལ་གྲངས་ ༥༤ ལ་དགེ་སློང་གི་སྡོམ་པ་བསྩལ། 

༢༠༢༦/༠༡/༢༢
*As of December 1, 2025 | Total imprisoned: 330 journalists. Chart: Charles SpicerSource: The Committee to Protect Journalists
Mobile App

འདས་ལོར་འཛམ་གླིང་ནང་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་དེ་རྒྱ་ནག་རེད་འདུག

༢༠༢༦/༠༡/༢༢
རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་མགོ་འཛུགས་གནང་། ༢༠༢༦།༡།༢༡-༢༦  པར་ཚོགས་ཆུང་གིས་འདི་གར་མཁོ་སྤྲོད་གནང་།
Mobile App

བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དེ་འཚོག་གི་འདུག 

༢༠༢༦/༠༡/༢༢

མཆན། 14

  1. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    ང་ངོ་མ་ངོ་མཚར་སོང་། སུ་ཇ་དང་བསྟན་འཛིན་སྒང་གི་དོན་རྐྱེན་དེ་གོང་ས་མཆོག་གི་གསན་གྱི་མ་རེད་བསམ་གྱིས་འདུག་པས། ཨ་ཁ་ཁ་དེ་ནི་ཚག་ཤོག་དང་དྲྭ་རྒྱ་ཡོད་ཚད་ནང་དུ་ག་ཚོད་ག་ཚོད་བཏང་བ་ཁྱོད་ཀྱིས་གདུག་མིག་ཁྲག་གིས་བཀབ་མ་སོང་ན་ལྟོས་ཤིག མ་གཞི་བོད་ལ་ནང་བསད་མང་པོ་བྱུང་ན་ཁྱོད་ལ་ཕན་ཐོག་ག་རེ་ཡོད་རེད། ཁྱོད་ག་རེ་ཤོད་ན་ཤོད་ངས་ལོ་རྒྱུས་བགྲང་ཚོད་མེད།

    Reply
  2. ཐུབ་བསྟན། says:
    ལོ་ 14 སྔོན།

    སྨར་ཀླུང་དཔའ་ལ་ལགས་ཀྱིས་༼༼ཁམས་ཨ་མདོ་གཉིས་ཀྱི་ནང་དུ་ལོ་འདི་གཅིག་པུ་ལ་མི་བརྒྱ་ལྷག་ལྷག་ཙམ་བསད་རེས་གཏུགས།༽༽ ཟེར་བ་རྫུན་པ་མིན་ན། ས་ཁུལ་འདིར་གསད་རེས་འདི་ཙམ་བྱས་པ་རེད། ཅེས་མི་བརྒྱ་ཕྲག་ལྷག་དེ་གསལ་བཤད་ཀྱིས། དེ་བྱེད་མི་ཐུབ་པ་དེས་རྫུན་མ་ཆགས་པ་རེད།

    ༧གོང་ས་མཆོག་དབུ་སྐོར་བཏང་ན་འགྲིག་གམ།
    གཞན་ས་ཁུལ་རེ་ཟུང་ལ་གནས་ཚུལ་རེ་བྱུང་ཡོད་སྲིད། དེ་ནི་དེ་ཙམ་ཧང་སང་དགོས་པར་མེད། དེའི་རིགས་ཡོངས་རྫོགས་༧གོང་ས་མཆོག་ལ་ཞུས་བསྡད་ན། ག་འདྲ་འདུག་གམ།

    དེ་ལྟར་ཞུ་དགོས་ན། བཙན་བྱོལ་གྱི་སུ་ཇ་སློབ་གྲྭའི་ནང་རྒན་བདག་གིས་སློབ་ཕྲུག་དམར་གསོད་བཏང་སྐོར་དང་། བསྟན་འཛིན་སྒང་གཞིས་ཆགས་སུ་བུད་མེད་དམར་ཧྲིང་དུ་ཁྲོམས་སྐོར་ལ་བཙན་ཁྲིད་བྱུང་སྐོར་བཅས་༧གོང་ས་མཆོག་ལ་སྙན་སྒྲོན་ཞུས་ཤིག དཔའ་ལ་ལགས་༧གོང་ས་མཆོག་དབུ་སྐོར་མ་གཏང་རོགས།

    Reply
  3. གསེར་འབྲུག་སྡེར་ལྔ་ says:
    ལོ་ 14 སྔོན།

    དུས་བབས་ཀྱི་དྲ་ཐོག་འདིར་ཡོང་བ་ཐེངས་དང་པོ་ཡིན་པས་དྲ་གྲོགས་རྣམས་པར་འཚམས་འདྲི་ཞུ་བ་དང་འབྲེལ་ཉམ་ཐག་གི་སློབ་མ་དང་བཅས་པ་དུས་དབང་ཞུ་བར་བསྐྱོད་ཐུབ་རྒྱུ་མ་ཟད་སྤྱི་ཚོགས་ཞབས་ཞུ་ཡང་གནང་འདུན་མཆིས་པར་སེམས་གཏིང་ནས་དགའ་པོ་བྱུང་བས། ཐུགས་རྗེ་ཆེ། སློབ་མའི་འགྲོ་གྲོན་ཚང་མ་སློབ་མ་རང་ཉིད་ཀྱིས་སློང་མོ་བྱས་པ་ཞིག་ཡིན་པ་རེད། སྙིང་རྗེ་སྦྱིན་བདག་སེམས་བཟང་ཅན་ཡར་ཕུད། དེ་མིན་གཞན་གྱི་ཁ་ངན་ག་ཚོད་ཟེད་དགོས་བྱུང་ཡོད་དྲོ།

    Reply
  4. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    གཞན་ཕན་ཆུ་ཐིག་ཙམ་གྱིས་ཁུར་བླང་ནས། །ཕན་ཚུན་ནང་མཐུན་དགོས་པ་ཆེར་མཐོང་ལས། །ནད་བསད་ནང་རྐུན་བྱས་ཚད་ཤོད་དགོས་ན། །དུས་ཚོད་རིན་ཆེན་བརླག་ལས་གཞན་མ་མཐོང་། ཡིན་ཡང་ཐུབ་བསྟན་ལགས་ཀྱིས་གསུང་པ་བཞིན་ངས་གནས་ཚུལ་གཏོན་པ་འདི་རྫུན་མ་ཡིན་ན་གུས་པ་དེ་ལས་དགའ་བ་དང་། དེ་དོན་འགྲུབ་པ་ཡིན་ཡང་འདིའི་དོན་རྐྱེན་འདི་གླེང་སློང་བ་ད་ལྟ་གཅིག་པུ་མིན་པ། ཁར་སྔོན་ནས་གྲོགས་པོ་ལྷག་བསམ་ཅན་མང་པོ་ཞིག་གི་རེ་བསྐུལ་ཡང་ནས་ཡང་དུ་ཞུས་འདུག་པ་དེ་དག་ངོས་རང་གི་ཕ་ཡུལ་དུ་དོན་རྐྱེན་ཡ་ང་བ་དེ་དག་མངོན་སུམ་དུ་བྱུང་ནས། བོད་གང་ཅན་པའི་སྐྱབས་དང་རེ་ས། ༧གོང་ས་མཆོག་ལས་གཞན་མེད་པའི་རྒྱུ་མཚན་ཆེན་པོ་དང་ལྡན་ཡོད་པའི་སྒོ་ནས་ཞུས་པ་ཞིག་ལས།
    དེང་གི་དྲྭ་རྒྱའི་ནང་གི་ཟིན་བྲིས་ལྟ་བུ་ཆོ་མེད་ལུང་མེད་རྩེད་མོ་ཁ་མཚར་རྩེ་ནས་འབོད་བསྐུལ་ཞུས་པ་ཞིག་གཏན་ནས་མིན། ཐུབ་བསྟན་ལགས་ཁྱོད་རང་གི་ཕལ་ཆེར་གོ་ཡོད་རྒྱུ་རེད། ཁམས་གོ་འཇོ་འགྲོ་འདྲེན་ནོར་མ་དང་། མགར་སྟོང་གྲོང་སྡེ་གཉིས་རྩ་ས་དང་གཡར་འབུ་གི་དོན་དུ་འཁྲུག་པ་ག་རེ་ཤོར་བ་ཁྱོད་ཀྱིས་ཨེ་ཤེས་ཨེ་གོ། རྩི་རོང་དང་བེ་རི་གཉིས་གཞི་བདག་གི་དོན་དུ་ནང་བསད་ག་ཚོད་བྱས་པ་ཁྱོད་ཀྱིས་ཨེ་གོ། རྒྱ་མིའི་དེ་དག་དོན་རྐྱེན་ལ་མི་རྩི་བར་མི་སེར་ནང་འགལ་ཞེས་པའི་མིང་བཏགས་ནས་ཁྲེལ་དགོད་དང་ལྟད་མོ་ག་འདྲ་ལྟས་པ་ཨེ་ཤེས། སྨད་ཨ་མདོ་མཚོ་སྔོན་པོའི་གཡས་གཡོན་དུ་རྩ་འབུ་གི་དོན་དུ་དོན་རྐྱེན་ག་འདྲ་བྱུང་བ་དེ་ཚོ་ཨེ་ཤེས་ཨེ་གོ ལྷ་སའི་ནང་དུ་ས་ངན་དང་། དཀར་མཛེས་ཀྱི་ཇག་པ་དེ་ཚོས་མཚན་མོ་རྒྱ་བོད་ཀྱི་མི་སུ་ཡང་འགྲོ་འོང་མི་ཕོད་པ་འཕྲོག་བཅོམ་ཁོ་ནས་འགྲོ་ལམ་བཀག་འདུག་པ་ཨེ་གོ། དེ་མ་ཚད་དཔལ་འབྱོར་ཡོད་པའི་མི་ཚོས་གསེར་ཐག་དང་གཟི་རྐེ་རྐེ་ལ་བཏག་མི་ཕོད་པར་འཕྲོག་བཅོམ་ག་ཚོད་བྱེད་ཀྱི་ཡོད་པ་དང་། མི་ག་ཚོད་བསད་རེས་གཏུག་པ་དེ་ཚོ་མི་ཤེས་བཞིན་དུ། ཀྱེད་ཀྱིས་ངའི་རེ་བསྐུལ་འདི་དང་པོ་རྫུན་མ་ཞེས་པའི་གཏམ་བཤད་སྦོམ་པོ་དེ་གཡུག་ནས་གུས་པའི་རེ་བསྐུལ་ལ་རྒྱབ་སྐྱོར་གནང་རོག སྙིང་ནས་ཐལ་མོ་སྦྱར་ནས་ཡང་ནས་ཡང་དུ་ཞུ་གི་ཡོད། གུས་པས་རྫུན་མ་ཤོད་ན་སྐར་མ་ལི་གཅིག་གི་ཡོང་འབབས་མེད་པ་ཁྱེད་ཀྱིས་གསལ་པོ་ངེས་པ་བྱེད་རོག དེ་མ་ཚད་གུས་པས་ལྷག་བསམ་རྣམ་དག་གི་༧རྒྱལ་བ་དོན་གྱི་བདག་པོ་ལ་ལག་གཉིས་ཐལ་མོ་སྦྱར། མིག་ནས་མཆི་མ་འདོན་བཞིན་ཞུ་བ་ཞིག་ལས་དུས་ཚོད་མ་ཆོད་ནས་མཚར་གཏམ་བྱེད་བཞག་པ་ཞིག་གཏན་ནས་མིན། ང་ཚོ་མི་རིགས་འདི་རྨོང་གཉིད་ཡ་ང་བ་འདི་ལས་སྐྱབས་པར་བྱེད་པ་དང་། དེ་ཚོ་ལས་ལྡོག་པའི་ལམ་སྟོན་རེ་བའི་མིག་ཟུང་ནང་མཐུན་དང་ཞི་བདེ་ལ་འདྲེན་ཐུབ་པ་འཛམ་གླིང་འདི་གི་སྒང་ལ་༧གོང་ས་ཡིན་བཞིན་ནོར་བུ་ལས་གཞན་པ་སུ་གཅིག་ཀྱང་མེད་པས་ཁྱེད་ཀྱི་ཐུགས་ལ་གཏན་གཏན་ཏིག་ཏིག་ངེས་པ་བྱེད་རོག་ཞུ་ཞེས་བའོད་བསྐུལ་ཞུ་གི་ཡོད།

    Reply
  5. ཐོ་ཐོ་རི། says:
    ལོ་ 14 སྔོན།

    ལྷག་བསམ་དང་གཞན་ཕན་ནི་འགྲོ་བ་མིའི་རྩ་ཆེན་རིན་ཐང་ཆེ་ཤོས་ཡིན་པས་ཡི་རངས་ཞུ།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    དུས་བབ་ཀྱིས་དགའ་ལྡན་སྔ་མཆོད་སྐོར་གསར་འགྱུར་མ་སྟོན་པར་བློ་ཕམ་བྱུང་།
    དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །
    དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས། །
    གངས་ཅན་མཁས་པའི་གཙུག་རྒྱན་ཅོང་ཁ་པ། །
    བློ་བཟང་གྲགས་པའི་༸ཞབས་ལ་གསོལ་བ་འདེབས། །

    Reply
  7. ཐུབ་བསྟན། says:
    ལོ་ 14 སྔོན།

    སྨར་ཀླུང་དཔའ་ལ་ཟེར་བ་དེས་ཁམས་ཨ་མདོ་གཉིས་ཀྱི་ནང་དུ་ལོ་འདི་གཅིག་པུ་ལ་མི་བརྒྱ་ལྷག་ལྷག་ཙམ་བསད་རེས་གཏུགས། ཟེར་བ་རྫུན་པ་རེད།

    Reply
  8. ཐུབ་བསྟན། says:
    ལོ་ 14 སྔོན།

    ནམ་མཁའ་བསྟན་འཛིན་གྱིས་((དེང་སང་ཕྱིའི་རྒྱལ་ཁབ་ཁག་ན་ཡོད་པའི་བོད་པ་ལོ་བཅོ་བརྒྱད་ཡན་ལ་སླེབས་རྗེས་རྒྱ་གར་དུ་འབྱོར་བའི་ནང་སློབ་གྲྭར་འདི་བརྒྱུད་མ་མྱོང་མཁན་ཉུང་ཉུང་ཡིན་རྒྱུ་རེད། དེར་བརྟེན་རྗེས་ཕྱོགས་འདི་འདྲའི་རིགས་དུས་ཐོག་ལྟར་དྲ་རྒྱ་བརྒྱུད་ནས་སློངས་མོ་བྱས་ན། སློབ་གྲྭ་འདིར་ཞུགས་མྱོང་མཁན་ནང་ཞལ་འདེབས་ཕུལ་མཁན་གང་མང་ཡོང་ས་རེད))ཅེས་གསུངས་པ་དེ་བདེན་པ་རེད། རྒྱབ་སྐྱོར་ཡོད།

    Reply
  9. ནམ་མཁའ་བསྟན་འཛིན། says:
    ལོ་ 14 སྔོན།

    སློབ་སྤྱི་དང་སློབ་གྲྭའི་འགན་བདག་གཙོས་བའི་འགན་དང་ལེན་བྱེད་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུ། དེང་སང་ཕྱིའི་རྒྱལ་ཁབ་ཁག་ན་ཡོད་པའི་བོད་པ་ལོ་བཅོ་བརྒྱད་ཡན་ལ་སླེབས་རྗེས་རྒྱ་གར་དུ་འབྱོར་བའི་ནང་སློབ་གྲྭར་འདི་བརྒྱུད་མ་མྱོང་མཁན་ཉུང་ཉུང་ཡིན་རྒྱུ་རེད། དེར་བརྟེན་རྗེས་ཕྱོགས་འདི་འདྲའི་རིགས་དུས་ཐོག་ལྟར་དྲ་རྒྱ་བརྒྱུད་ནས་སློངས་མོ་བྱས་ན། སློབ་གྲྭ་འདིར་ཞུགས་མྱོང་མཁན་ནང་ཞལ་འདེབས་ཕུལ་མཁན་གང་མང་ཡོང་ས་རེད།

    Reply
  10. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    ཤེས་རབ་དགའ་ཚལ་གླིང་གཙོས་པའི་སློབ་མ་བོད་ནས་གསར་དུ་འབྱོར་བ་ཡོད་ཚད་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུ་ཐུབ་པའི་སྐལ་བཟང་རྨད་དུ་བྱུང་བ་འདི་ལ་རྗེས་སུ་ཡི་རང་དང་འབྲེལ། བོད་དོན་ཆབ་བསྒྲག་དང་འཁོར་ཡུག་གཙང་བསྐྲུན་སོགས་ཀྱང་དགེ་མཚན་མང་པོ་དང་ལྡན་པའི་ལས་འགུལ་དེ་ལ་ཡང་ཐུགས་རྗེ་ཆེ་ཞུ་བ་ཡིན། དེ་ལས་དགེ་མཚན་ཆེ་བ་དང་ངེས་པར་དུ་དགོས་ངེས་ཀྱི་ཕ་ཡུལ་དུ་གྲི་མཚོན་གྱི་རྣོ་སོ་ལ་སྤུན་ཟླ་ཤ་རྒྱས་ཁྲག་རྒྱས་དེ་ཚོ་དོན་ཕྲན་ཚེག་དང་། ས་ཆུ་འབུ་གསུམ་གྱི་དོན་དུ་ཁམས་དང་ཨ་མདོ་གཉིས་ཀྱི་ནང་དུ་རབ་རྩིས་བྱས་ན། ལོ་འདི་གཅིག་པུ་ལ་མི་བརྒྱ་ལྷག་ལྷག་ཙམ་བསད་རེས་གཏུག་པའི་གོ་ཐོས་དང་། ལྷ་ས་སོགས་པའི་གྲོང་ཁྱེར་ཆེ་ཁག་གི་ནང་དུ་རྒྱ་མི་ཁྱོ་བང་དང་མཉམ་དུ་བསྡོང་ནས་དང་། ཕོ་རྒོད་ཞན། མདའ་བསྐྱེན་ཞེན། ཧབ་རྒྱག་དང་སྡིག་ར་བསྐུལ་རེས་བྱས་ནས་རྐུ་ཇག་འཕྲོག་རྩོད་ས་སྟེང་ལ་མ་དར་བ་ལྟ་བུ་བྱེད་དང་བྱེད་བཞིན་པ་སོགས་ཀྱི་ནང་འཁོན་གསོབ་ཏུ་མེད་པ་མང་པོ་ཞིག་འབྱུང་དང་། བྱུང་བཞིན་པ་འདི་ཚོ་ལ། དམིགས་སུ་བཀར་ནས་༧ གོང་ས་ཡིད་བཞིན་ནོར་བུ་ལ་བཀའ་སློབ་དང་། བཀའ་ཡིག་དམིགས་སུ་འབིག་པའི་ནུས་པ་ཐོན་ཤག་ཤག་གི་ལམ་སྟོན་བཀའ་སྩལ་བ་ནམ་ཡང་མ་འཆུག་རོག་ཞེས། བོད་གཞིས་བྱེས་ཡོངས་ཀྱིས་དྲྭ་གྲོགས་རྣམས་ཀྱིས་འབོད་བསྐུལ་སྙན་ཞུ་རབ་དང་རིམ་པ་བྲི་གནང་རོག་ཡོང་བའི་གསལ་བརྡ་དང་འབོད་བསྐུལ་ནན་མོ་ཞུ་གི་ཡོད།།།།།

    Reply
  11. འཁྱམ་པོ། says:
    ལོ་ 14 སྔོན།

    ལམ་གླ་གཅིག་པོ་ཧིན་སྒོར་ཁྲི་འབུམ་༤ཟེར་བ་འདི་ཕལ་ཕྱིར་ནོར་བ་མིན་འགྲོ་ བོད་པ་ཆོས་ལ་དགའ་ཞིང་སྒོར་གཅིག་ལས་མེད་ནའང་དགོན་པ་ལ་འབུལ་མཁན་མི་རིགས་དེ་ད་ལྟ་ཡོད་ཚད་དགོན་པ་ནས་བློང་མཁན་ཞིག་ལ་གྱུར་འདུག །

    Reply
  12. སྨྱུག་མདའ། says:
    ལོ་ 14 སྔོན།

    དགོན་སྡེ་ཚོ་ཐུགས་རྗེ་ཆེ་ད་དུང་ཡིན་ན་དགོན་སྡེ་ཚོའི་སྦྱིན་པའི་བརྩོན་འགྲུས་བརྩོན་རོགས་ཟེར་བ་དེ་ཡིན།

    Reply
  13. གནས་ཚང་། says:
    ལོ་ 14 སྔོན།

    འདི་ཡག་པོ་ཞིག་རྩ་བ་ནས་མ་རེད། བལ་ཡུལ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་ལ་ཐོ་བརྒྱབ་རྗེས། སློབ་མའམ་སྐྱབས་བཅོལ་བ་རེར་ལོ་གསུམ་གྱི་འགྲོ་སོང་ཆ་ཚང་སྤྲད་ཀྱི་ཡོད་པ་རེད་ལ། འགྲོ་སོང་དེའི་ནང་དུ་འགྲོ་བསྐྱོད་འདུ་གི་ཡོད་པ་རེད། དེ་གཅིག་ཡིན།

    གཉིས་ནས་འཆར་གཞི་མེད་པའི་ལས་ཀ་ལྷག་མ་ཞིག་རེད། འབུམ་བཅུ་གསུམ་རེག་རྗེས། སློབ་མའི་མིང་ཐོག་ནས་དུས་དབང་གནང་ཡུལ་དུ་ཟ་ཁང་ཆེན་པོ་ཞིག་འཛིན་དགོས་ཀྱི་ཡོད་པ་རེད་ལ། དེ་ལྟར་ཟ་མཁན་ལས་མཁན་གཅིག་ལྕོགས་ཤིག་ཆགས་ཀྱི་ཡོད་པར་མ་ཟད། ཁྱབ་བསྒྲགས་ཤུགས་ཆེན་དང་ཟ་མ་ཡག་པོ་བཟོས་ན་ཟ་མཁན་ཡོང་ཡོང་བ་དང་སྒོར་མོའང་ཡོང་ཡོང་བ་རེད། ཡིན་ནའང་། དེང་སྐབས་མི་ཆ་ཚང་ཟ་ཤེས་མཁན་ལས་འགུལ་ཤེས་མཁན་མེད་པ་འདིའང་བོད་འདི་ཕོངས་བཞིན་པའི་རྒྱུ་གཙོ་བོ་གཅིག་རེད།

    བསམ་ཚུལ་ཙམ་ཡིན། ཤེས་ཡོན་པ་ཚོས་ལམ་སྟོན་གནང་རོགས།

    Reply
  14. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    བཟང་ངོ། ཧ་ཅང་བཟང་ངོ། འབྲེལ་ཡོད་རྣམ་པ་ཚང་མར་བཀའ་དྲིན་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese