མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དམར་གྱི་དར་དམར་མེར་བསྲེགས།

བོད་ཀྱི་དུས་བབ།
༢༠༡༢/༠༢/༢༡
Share on FacebookShare on TwitterShare on EmailShare on Whatsapp

དེ་དགོང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དྷ་ས་མོག་གྷན་དུ་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཅིག་སྤེལ་ཏེ། རྒྱ་གཞུང་གི་དར་དམར་མེར་བསྲེགས་ཀྱིས་བོད་རང་བཙན་གྱི་འབོད་ཚིག་བསྒྲགས་སོང་།

དེ་དགོང་ཆུ་ཚོད་ ༦ པའི་སྟེང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲོག་འོག བོད་མི་སྐྱ་སེར་བརྒྱ་ཕྲག་འགའི་དྷ་ས་མོག་གྷན་ཁྲོམ་གཞུང་དུ་མེར་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་ཏེ་མོག་གྷན་ཉི་མ་སློབ་གྲྭའི་ནང་ལས་འགུལ་མཇུག་སྒྲིལ་གནང་སོང་། མཇུག་བསྡུའི་སྐབས་ལས་འགུལ་བ་ཡོངས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་པ་དང་། སྐར་མ་ ༣ རིང་སྐུ་གྲོངས་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་ངག་བཅད་གནང་རྗེས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས། བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྐུ་པར་དང་ལོ་རྒྱུས། རང་ལུས་མེར་བསྲེགས་སྐབས་ཀྱི་བརྙན་རིས་སོགས་བསྡུ་སྒྲིག་གིས་བཟོ་སྐྲུན་བྱས་པའི་དུས་ཡུན་སྐར་མ་ ༡༢ ཅན་གྱི་འོད་སྡེར་ཞིག་གཟིགས་འབུལ་གནང་གྲུབ་རྗེས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས་གཞོན་ལྷན་གྱིས་གོ་སྒྲིག་གནང་བཞིན་པའི་ལོ་སར་སྐབས་ཀྱི་ལས་འགུལ་དག་ངོ་སྤྲོད་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གཞུང་གི་དར་དམར་མེར་བསྲེགས་གཏོང་དགོས་པའི་དམིགས་ཡུལ་དང་རྒྱུ་མཚན་འགྲེལ་བརྗོད་གནང་བ་དང་སྦྲགས། རྒྱ་གཞུང་གི་དར་དམར་རྨིས་ཊིར་ ༡༣ ཅན་ཞིག་མེར་བསྲེགས་བཏང་སྟེ། བོད་རང་དབང་རང་བཙན་གྱི་འབོད་ཚིག་སྒྲོག་བཞིན་ལས་འགུལ་མཇུག་སྐྱོང་གནང་སོང་།

ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས་མཇུག་སྡོམ་གཏམ་བཤད་སྐབས། སྤྱིར་བཏང་དོ་དགོང་ནི་བོད་རྩིས་ཀྱི་ཚེས་ ༢༩ སྟེ་ང་ཚོ་བོད་པ་རྣམས་འདུ་འཛོམས་ཀྱི་དུས་ཚོད་ཅིག་ལ་ཁེལ་ཡོད་པས།   བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་གཞིས་བྱེས་གཉིས་ལ་ལོ་གསར་གྱི་འཚམས་འདྲི་ཞུ་དགོས་པའི་གནས་སྟངས་ཤིག་ཆགས་ཀྱང་། རྒྱ་དམར་གྱི་དྲག་གནོན་དམར་གསོད་འོག་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་རྒྱུའི་སྐལ་བ་མེད་པ་ཆགས་ཡོད། ༢༠༠༩ ལོར་རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་པ་ནས་བརྩིས་ཏེ། ཉེ་ཆར་རྒྱལ་གཅེས་དཔའ་བོ་སྣང་གྲོལ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་བར་གྱི་ཟླ་བ་ ༡༡ ཙམ་གྱི་དུས་ཡུན་ནང་། བོད་མི་ ༢༢ ཀྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། དེའི་ཁྲོད་བོད་མི་ ༡༥ འདས་གྲོངས་ཕྱིན་ཡོད་པའི་གནས་སྟངས་ངོ་སྤྲོད་དང་སྦྲགས། ཁོས་བཙན་བྱོལ་བོད་མི་ཚོས་ལོ་གསར་གཏོང་མི་འོས་པའི་སྐོར་ནན་བརྗོད་གནང་དོན། “ ད་ལྟའི་གནས་སྟངས་འདི་འདྲ་ཞིག་གི་འོག་ང་ཚོས་ལོ་གསར་གཏོང་ཐུབ་ས་རེད་དམ། དགུ་ཐུག་འཐུང་འོས་ཀྱི་འདུག་གམ། ང་ཚོས་འཐབ་རྩོད་བྱེད་རྒྱུ་ཡིན་ཟེར་ནས་སྐྱབས་བཅོལ་ལ་སླེབས་པ་རེད། ངེས་པར་དུ་གཞིས་ལུས་མི་མང་གི་འབོད་སྒྲ་དང་བློས་གཏོང་། དཀའ་སྡུག་ལ་བསམ་བློ་གཏོང་དགོས་པ་རེད། ང་ཚོར་འགན་ཞིག་ཡོད་པ་རེད་ལ། ལས་རྒྱུ་འབྲས་ཟེར་བ་ཞིག་ཀྱང་ཡོད་པ་རེད།” ཅེས་བརྗོད་དེ། བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་དང་ཁུར་མཉམ་ལེན་གྱི་ཐོག་ནས། ལོ་སར་ལ་སྤྲོད་སྐྱིད་མི་གཏོང་བར་འབོད་སྐུལ་གནང་སོང་།

དེ་བཞིན། ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས་ལོ་སར་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་ཁག་ངོ་སྤྲོད་གནང་དོན། ལོ་སར་ཚེས་པ་ ༡ ཉིན་ནི་གཟའ་ལྷག་པར་ཁེལ་ཡོད་སྟབས། ལྷག་དཀར་ལས་འགུལ་སྲུང་བརྩིའི་ཐོག་ནས་བོད་མི་ཚང་མས་རྒྱས་སྤྲས་མ་ཡིན་པའི་བོད་ལྭ་གྱོན་པ་དང་། བོད་ཟས་ཟ་བ། བོད་སྐད་གཙང་མ་བཤད་རྒྱུ་དང་། དགོང་མོ་ཆུ་ཚོད་ ༩ ལ་སླེབས་མ་ཐག་བོད་པ་ཚང་མས་སྐར་མ་གཅིག་རིང་སོ་སོའི་ཁྱིམ་གྱི་གློག་བསད་དེ། རྩ་ཆེའི་སྐུ་སྲོག་བློས་གཏོང་གནང་བའི་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་ཞུ་རྒྱུ། ཚེས་ ༢ ཉིན་མ་འོངས་བོད་རྒྱལ་ཁབ་སླར་གསོའི་ཆེད་མ་དངུལ་ཐེབས་རྩ་ཞིག་འཛུགས་ཆེད། ས་གནས་གཞོན་ནུས་སྣེ་ཁྲིད་འོག་འཛམ་གླིང་ཁྱོན་ཡོངས་ལ་ཞལ་འདེབས་བསྡུ་སློང་གི་ལས་འགུལ་སྤེལ་རྒྱུ་ཡིན། ཚེས་ ༣ ཉིན་ས་གནས་ཁག་ལ་བཀོལ་ཁྱབ་བཏང་བ་ནང་བཞིན། རྒྱལ་གཅེས་དཔའ་བོ་དཔའ་མོ་སྐུ་སྲོག་ཤོར་མཁན་ཚོའི་ཆེད་དུ་མྱ་ངན་མཆོད་འབུལ་གཞི་རྒྱ་ཆེ་བ་ཞིག་བྱ་རྒྱུ་བཅས་ཀྱི་ལས་རིམ་བང་སྒྲིག་ཡོད་པས། དེར་མང་ཚོགས་རྣམས་མཉམ་ཞུགས་གནང་དགོས་པའི་འབོད་སྐུལ་གནང་བྱུང་།  

མཇུག་མཐར། མོག་གྷན་ཉི་མ་སློབ་གྲྭའི་ར་སྐོར་ནང་རྒྱ་གཞུང་གི་རྒྱལ་དར་རྨིས་ཊིར་ ༡༣ ཅན་ཞིག་མེར་བསྲེགས་བཏང་སྟེ། བོད་རང་དབང་རང་བཙན་གྱི་འབོད་ཚིག་ཤུགས་ཆེན་པོ་བསྒྲགས་ཏེ་ལས་འགུལ་མཇུག་བསྡུས་སོང་།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 26

  1. གངས་མྱུག says:
    ལོ་ 13 སྔོན།

    གཞུང་དམངས་གཉིས་ཀྱིས་རྒྱ་རིགས་མི་དམངས་ལ་བོད་དོན་གསལ་བྱེད་དང་འབྲེལ་ལམ་བཟང་དུ་གཏོང་སྐབས་འདིར་ཁོང་ཚོའི་སྙིང་ལ་ན་བའི་མེར་སྲེག་འདིར་ངེས་པར་གཟབ་དགོས། འདི་ལས་གཞན་པའི་འགུལ་སྐྱོད་སྣ་མང་བརྩམས་ན་འགྲིག

    Reply
  2. རིག་བཟང་། says:
    ལོ་ 13 སྔོན།

    བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་སྨ་འབེབ་མཁན་གྱི་རྒྱལ་ཚོང་བ་རྣམས་ཀྱིས་དད་པ་མེད་ན་ཡོད་འདོག་བྱེད་བཞིན་གོང་ས་མཆོག་གི་དགོང་པ་དཀྲུག་སོང་ཟེར་་་་འོ་ན་ཁྱེད་ཚོ་ལ་བོད་རྒྱལ་ཁབ་ཆེ་མོ་འདི་དགོས་སམ་ཡང་ན་གོང་ས་མཆོག་དགོས།

    Reply
  3. ཐོ་རེངས། says:
    ལོ་ 13 སྔོན།

    ༄ །རྒྱ་ནག་གི་རྒྱལ་དར་མེ་ལ་བསྲེགས་ཁུལ་བྱེད་རྒྱུ་འདི་རྒྱ་ནག་གཞུང་ལ་རོགས་རམ་ཞིག་རེད།
    དེ་ཇི་ལྟར་ཡིན་ན་རྒྱ་མི་མང་གི་སེམས་ལ་རྨ་ཁ་བཟོ་བྱེད་དང་། དེར་བརྟེན་རྒྱ་རིགས་གཅིག་འགྱུར་ཆགས་ཐབས་ཀྱི་རྒྱུའི་གཙོ་བོ་ཞིག་རེད་།
    བླུན་པོ་དང་རྡར་མའི་བྱ་བ་ཆབ་སྲིད་ཀྱི་ལམ་ལུགས་གཞི་ནས་མཐོང་མ་མྱོང་བའི་རྟགས་རེད།

    Reply
  4. བདུད་རྡོ། says:
    ལོ་ 13 སྔོན།

    གཞོན་ནུ་ལྷན་ཚོགས་ཀྱི་བཤད་ཡ་ལ་རྒྱུ་མཚན་འདུག།དེ་ལ་ང་ཚོ་བོད་པ་ཞིག་གིས་ངོས་ནས་སྐྱོན་བརྗོད་བྱས་ན་མི་འཚམས་པ་ཞིག་རེད།

    Reply
  5. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 13 སྔོན།

    ད་མུ་མཐུད་ལས་འགུལ་སྤེལ་རོགས། མུ་མཐུད་དུ་་་་་་་་་་་་་་་་་་་་་་་་།

    Reply
  6. བསྟན་འཇམ། says:
    ལོ་ 13 སྔོན།

    རྒྱ་ནག་གི་རྒྱལ་དར་མེར་བསྲེགས་པ་ཙམ་ལ་བསམ་ཚུལ་གང་ཡང་མེད། དར་དམར་ཆུང་ངུ་ལས་ཆེན་པོ་རྡ་སར་ཁེབས་པ་འདྲ་པོ་བསྲེག་ཀྱང་རང་བཙན་གྱི་དྲི་ཙམ་མི་ཚོར་བ་སུས་ཀྱང་རྟོགས་ནུས ། ཁ་ནས་རྒྱ་ནག་ལ་རྒོལ་བ་བྱས་ཀྱང་ཞེ་ཕུགས་ནས་བོད་གཞུང་ལ་གཟས་པ་འདྲ་བོ་ཚོར་བྱུང་། རྒྱུ་མཚན་དར་དམར་བསྲེག་ན་རྒྱ་ནག་ལ་ཕོག་ཐུག་འགྲོ་མི་འགྲོ་ཞེས་པའི་སྐད་ཆ་ཤུགས་ཆེན་གློད་པ་དེ་སུ་གཟས་པ་རེད་ལབ་ན་ཟམ་གདོང་བླ་མ་ནས་ད་ལྟའི་རྒྱ་ནག་ལ་ཞི་འགྲིག་གི་སྐད་ཆ་མོལ་མཁན་ཚོར་རེད

    Reply
  7. རྒྱང་མིག says:
    ལོ་ 13 སྔོན།

    ཨ་རིགས་གླེན་པས་རང་གིས་གླེན་རྟགས་སྟོན་གྱི་ཡོད་པ་ཤེས་ཀྱི་མེད་ཚོད་རེད།
    རང་ངོ་ཡི་གཡག་མི་སྟོན་པར་གཞན་ངོ་ཡི་ཤིག་སྟོན་ཁུལ་བྱས་པ་ངོ་ཚ་རེད།

    Reply
  8. རྒྱང་མིག says:
    ལོ་ 13 སྔོན།

    རྒྱ་མིའི་དར་དམར་མེ་བསྲེགས་ཀྱི་ལས་འགུལ་ལ་རྗེས་སུ་ཡིད་རང་ཞུ།
    གོང་དུ་མགར་ཚེ་སྐྱིད་དང་ཤར་མདའ་སོགས་རྒྱལ་ཚོང་དེ་ཚོ་སྐད་ཆ་དེས་ངོ་མ་ཡིད་ཐང་ཆད་དུ་བཅུགས་སོང་། བོད་ནང་དུ་སྲོག་བློས་གཏོང་གི་ལས་འགུལ་སྤེལ་དུས་ཁོང་ཚོ་ཉེན་ཁ་གཅིག་ཀྱང་མེད་ས་ནས་དམར་པོའི་གཞུང་ལ་རྣམ་འགྱུར་ངན་པ་ཞིག་ཀྱང་སྟོན་མི་ནུས་ག་རེ་ཡིན་ནམ། རྒྱལ་ཚོང་བ་ཚོ་ཅི་ཞིག་གི་ཆེད་དུ་བཙན་བྱོལ་སྤྱི་ཚོགས་ནང་ཡོང་བ་ཡིན་ནམ???????

    Reply
  9. རྩེ། ཆུ་མིག says:
    ལོ་ 13 སྔོན།

    རྒྱ་ནག་གི་རྒྱལ་དར་མེ་ལ་བསྲེགས་པ་དེ་ལ་རྙོག་དྲ་མི་འདུག རྒྱ་ནག་གི་རྒྱལ་དར་མེ་ལ་བཏང་བ་དེའི་རྒྱ་ནག་ལ་གང་ཡང་གནོེད་གི་མ་རེད་ལ། བོད་དོན་ལ་འང་ཕན་གི་མ་རེད། ཅི་བྱེད་འདི་བྱེད་མེད་པའི་ལས་ཀ་ཞིག་རེད། ད་དངོས་ནས་ཡིན་ན་རྒྱ་ནག་གཞུང་ཚབ་ཁང་མེ་བསྲེགས་བཏང་བ་ཡིན་ན་རྒྱ་ནག་ལ་གནོད་གི་རེད་ལ་ངོ་ཡང་ཚ་གི་རེད།

    Reply
  10. རིག་པའི་རལ་གྲི says:
    ལོ་ 13 སྔོན།

    ཡ་ཡ། བོད་ནང་དུ་གནས་ཚུལ་བྱུང་རིགས་ཕྱི་ལོག་དུ་གནས་པའི་གཞོན་ལྷན་གཙོས་པས་ངན་སྐུལ་བྱས་ནས་བྱུང་བ་རེད་ཟེར་བསྒྲགས་བྱེད་བཞིན་འདུག གལ་སྲིད་ཕྱི་ལོག་ཏུ་གནས་པ་ལ་དེ་ལྟར་སྐུལ་མ་བྱེད་ཐུབ་པའི་འཇོན་ནུས་ཤིག་ཡོད་ན་ཤིན་ཏུ་དགའ་འོས་ཀྱང་། དེ་ནི་མ་ཡིན།
    བོད་ནང་བཙོན་དང་གཉིས་སུ་མེད་པར་གནས་པའི་དཔའ་བོ་དཔའ་མོ་གོ་རྟོགས་ཅན་རྣམས་ཀྱིས་མ་སྐུལ་དྭངས་བླངས་ཀྱིས་སྟོབས་ཆེན་གྱི་རྒྱལ་ཁབ་ཀྱང་། ཡོམ་ཡོམ་འགུལ་བསྐྱོད་བྱེད་དགོས་ཐུག་གི་འདུག
    རྒྱ་གཞུང་གིས་དེ་དག་ལ་བཙན་གནོན་གྱི་ཐོག་ཏུ་དྲག་ཏུ་བཙན་གནོན་བྱེད་པའི་གོ་སྐབས་འཚོལ་གྱིན་ཡོད་པར་། གཞོན་ལྷན་གྱིས་རྒྱ་གཞུང་ལ་གདོང་གྲོགས་ཡག་པོ་ཞིག་བྱེད་འདུག་ག།
    རྒྱ་གཞུང་གིས་བོད་མི་གསོད་ཕོད་ལ་ང་ཚོས་གུང་ཁྲན་གྱི་རྒྱ་དར་སྲེག་མི་ཕོད། དེའི་རྒྱུ་མཚན་ནི། དེའི་རྒྱུ་མཚན་ནི། ང་ཚོས་དྲག་པོས་ལས་འགུལ་གྱིས་རྒྱ་གཞུང་ལ་རྨིན་ལམ་ཚུན་གྱིས་ཁ་གཏད་གཅོག་མི་ཐུབ་པ། བྱིས་པ་བསམ་མེད་ཡན་གྱིས་ཤེས་ཐུབ། པཎ་ཆེན་སྐུ་གཤེགས་དམ་པ་དེས། བོད་ཀྱིས་རྒྱ་ལ་འཐབས་པ་དེ། གནམ་ལ་ཡར་འཆང་བ་དང་མཚུངས་གསུངས་པ་དེས་སྡོམ་ཚིག་བྱས་ཡོད་རེད།
    ཚོགས་པ་འདྲ་མིན་ལ་ལྟ་གྲུབ་འདྲ་མིན་ཡོད་རེད་ལ་ཡོད་ཀྱང་ཆོག་རེད། འོན་ཀྱང་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོས་ལམ་སྟོན་གནང་བའི་འཚེ་མེད་ཀྱི་ལྟ་གྲུབ་དེ་ལྟ་གྲུབ་ཀྱི་སྲོག་དུ་འཆང་ནས་རང་ལུས་གཞན་གྱི་ཆེད་དུ་མེ་མཆོད་ཕུལ་བ་ཡན་གྱིས་ལས་འགུལ་རབ་དང་རིམ་པ་སྤེལ་བས། འཛམ་གླིང་གི་རྒྱལ་ཁབ་རྣམས་དང་། གཞུང་འབྲེལ་མིན་པའི་ཚོགས་པ་དག་གིས་བོད་པར་རྒྱབ་སྐྱོར་ཤུགས་ཆེན་དངོས་ཤུགས་བརྒྱུད་གསུམ་ནས་བྱེད་ཀྱིན་ཡོད་ལ། བོད་པའི་གནས་དོན་དེ་འཛམ་གླིང་གི་གནད་དོན་ཞིག་ཏུ་ཆགས་ཐུབ་ཡོད།

    Reply
  11. འཇམ་བཟང་། says:
    ལོ་ 13 སྔོན།

    ཚ་སྒང་ཕོ་ཉ་ལགས་ཀྱི་བསམ་ཚུལ་ལ།
    རྗེས་སུ་ཡིད་རང་ཞུ།།།

    Reply
  12. ཧོར་བུ་ཡེ་ཤེས says:
    ལོ་ 13 སྔོན།

    གཤམ་དུ་མི་མང་པོ་ཞིག་གིས་དགོང་ཚུལ་གསུངས་འདུག།ངས་བསམ་ན་གཞོན་ནུས་ལས་འགུལ་ལ་རྒྱབ་སྐྱོང་བྱེད་དགོས་པ་ཞིག་མཐོང་།གང་ལ་ཞེ་ན་རྒྱ་ནག་དམར་གཞུང་གི་རྒྱལ་དར་མེ་བསྲེགས་བཏང་བ་དེ་རྒྱ་ནག་དམར་གཞུང་གི་བོད་མི་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་བྱས་པ་ཞིག་ཡིན་པ་ལས་རྒྱ་མི་རིགས་ལ་མིན་པར་གསལ་བཤད་གཙང་མ་བཟོས་འདུག།སྐར་ལྔ་དར་དམར་མེ་བསྲེགས་བྱེད་དུས་རྒྱ་མི་སེར་ནང་ལ་བོད་ཀྱི་གནས་གཏང་མི་ཤེས་མཁན་མང་པོ་ཞིག་གི་སེམས་ལ་དེ་ཅི་ཡིན་ནམ་ཞེས་དྲི་བ་ཡང་ཡོང་སྲིད་ལ་དེ་ཡི་ཐོག་ཞིབ་འཇུག་ཡང་བྱ་སྲིད།
    ཡང་ཁ་གཅིག་གིས་བོད་མི་ཐོག་མཐའ་གཅིག་ཏུ་སྡང་མིག་ལྟ་སྲིད་ཀྱང་དེ་ནི་ལོག་ལྟ་ཞིག་ཡིན་པའི་ག་ལེ་བྱས་ནས་གསལ་ཐུབ།
    དབུ་མའི་ལམ་དང་ལྟ་བ་ཐ་དད་པ་ཡོད་དགོས་པ་ཞིག་རེད།གལ་སྲིད་ལམ་བུ་གཅིག་འགག་སོང་ནའང་གཅིག་ཡོད་ཡོད་པ་ཡིན་པའི་ལམ་དུ་འགྲོ་བསྐྱེད་བདེ།ང་ཚོའི་སྤྱི་ཚོག་ནང་དུ་རྒྱ་གཞུང་ལ་མིག་ནང་གི་གྲ་མ་གང་ཡིན་པ་དེ་ལ་མཐའ་གཅིག་དུ་བཀག་འགོག་བྱེད་ཀྱི་ཡོད་པའི་དེ་ནི་ང་ཚོའི་ནུས་ཤུགས་ཡོད་པའི་ཚོགས་པ་ཤིག་གམ་ནུས་པ་ཅན་གྱི་མི་སྣ་ཞིག་ཡིན་སྲིད་པའི་ང་ཚོས་དེ་ལ་རྒྱབ་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ་ལས་ཕྱོགས་ཞེན་དང་ཕྲ་དོགས་བྱེད་མི་ཉན།ཕྲ་དོགས་དང་ཕྱོགས་ཞེན་བྱེད་ན་དགྲ་རྒྱལ་རང་འཕམ་ཡོང་བའི་རྒྱུ་ཡིན་པ་ཚང་མས་ཤེས་རྒྱུ་རེད།
    རྒྱ་གཞུང་གི་བོད་མི་དམར་བསད་གཏོང་བ་དང་བཙན་འཇུག་བྱེད་པ་དེ་ཚོ་ཆོག་པ་ལ་ང་ཚོས་དར་དམར་མེ་བསྲེགས་བཏང་མི་ཆོག་པ་གང་ཡང་མེད།ང་ཚོས་བློས་བཏང་མང་པོ་བྱས་ཚར།ང་ཚོས་དར་དམར་མེ་བསྲེགས་བཏང་བ་ཙམ་གྱི་རྒྱ་སྤྱི་ཡི་ཁྲིམས་དང་འགལ་བ་ཡིན་ན་རྒྱ་གཞུང་གིས་བོད་མི་དམར་བསོད་བཏང་བ་སོགས་ལས་དེ།རྒྱ་སྤྱི་ཡི་ཁྲིམས་དང་མཐུན་པ་ཨེ་ཡིན་ནམ།གལ་སྲིད་ང་ཚོ་ལ་ཁྲིམས་དང་འགལ་ལོ་ཟེར་ན་དེ་ནི་ཕྱོགས་ཞེན་ནམ་སྤྲེལ་ལད་ཅིག་ཡིན་པ་ལས་ཡང་དག་པའི་ཁྲིམས་ཤིག་མིན་པ་གསལ་པོ་ཆགས་པ་རེད།དེ་ནས་བཟུང་ང་ཚོས་ཀྱང་བསམ་བློ་གཏང་དགོས་པ་ཞིག་ཆགས་པ་རེད།
    གཞོན་ལྷོན་གྱི་ཁ་སང་སྤེལ་བའི་ལས་འགུལ་དེ་ལྡེ་ལི་རྒྱ་ནག་གཞུང་མཚམས་ཁང་གི་འདུན་དུ་ཡིན་ན་དེ་ལས་དགའ་བ།མུ་འཐུད་ནས་ལས་འགུལ་སྤེལ་དགོས་ལ་མཚམས་ཆད་མི་ཉན།དེ་ཡང་རྒྱ་ནག་གཞུང་མཚམས་མདུན་དང་མཉམ་འབྲེལ་རྒྱལ་ཚོགས།འགྲོ་བ་མི་ཡི་ཐོབ་ཐང་ཚོགས་པ་སོགས་ཀྱི་མདུན་དུ་སྤེལ་དགོས་པ་ལས་ས་ཁུག་ལུང་ཁུག་དུ་སྤེལ་ན་ནུས་པ་ཐོན་མི་ཐུབ།།བོད་མི་རང་དབང་གི་དོན་དུ་ལས་འགུལ་ཆེན་ཆུང་ཅི་སྤེལ་རུང་།ག་འདྲའི་ཞིག་སྤེལ་རུང་ཐམས་ཅད་ལ་རྒྱབ་སྐྱོང་དང་སྤེལ་མི་རྣམས་ལ་ཐུགས་ཆེ་ཞུ་རྒྱུ་ཡིན།།

    Reply
  13. རྡོ་རྗེ་ཚེ་རིང་། says:
    ལོ་ 13 སྔོན།

    ད་ཆ་བོད་ནང་གི་བོད་མིའི་རྣམས་ཀྱིས་ཀྱང་ཆབ་སྲིད་གནད་འགག་ཤེས་པའི་ཐོག་ཁ་གཅིག་གྲགས་ཀྱིས་ཆོས་དད། སྐད་ཡིག འགྲོ་བ་མིའི་ཐོབ་ཐང་རང་དབང་དང་༸གོང་ས་མཆོག་བོད་ལ་གདན་ཞུའི་འབོད་སྒྲ་སྒྲོག་བཞིན་པའི་སྐབས་འདིར། གཞོན་ལྷན་གྱིས་དེ་ལས་ལྡོག་སྟེ་རང་བཙན་དང་བྱི་བ་བསམ་མེད་པའི་ལས་འགུལ་དེ་དག་སྤེལ་དགོས་པའི་དམིགས་ཡུལ་གཙོ་བོ་ནི་ཧ་ཅང་ལྐོག་འགྱུར་ཞིག་རེད་འདུག

    Reply
  14. འགར་ཚེ་སྐྱིད། says:
    ལོ་ 13 སྔོན།

    དྲང་པོ་ཞུས་ན། གཞོན་ནུ་ལྷན་ཚོགས་ཟེར་ན་མི་འདོད་ཀི དེ་བས་མིང་བྱང་འདི་བསྒྱུར་ནས་དཀྲུགས་གཤིས་ལྷན་ཚོགས་ཟེར་ན་ཏག་ཏག་བསྡད་ཀྱིན་འདུག་པ་འདྲ། དེ་རིང་གི་ལས་འགུལ་འདི་༧གོང་ས་མཆོག་གི་བཀའ་དང་འགལ་བའི་གདུག་རྩུབ་ཅན་གྱི་བྱ་སྤྱོད་ཅིག་རེད། དེ་ནི་༧གོང་ས་མཆོག་གིས་འཛམ་གླིང་ཡོངས་ལ་བཤད་བཞིན་པའི་འཚེ་མེད་ཞི་བའི་ལས་འགུལ་ལས་རྒྱབ་འགལ་ཏག་ཏག་བཟོས་འདུག ངོ་མ་དེ་རིང་དཀྲུགས་གཤིས་ལྷན་ཚོགས་ཀྱིས་གླེན་རྟགས་བསྟན་འདུག

    Reply
  15. འཇམ་ཚུལ། says:
    ལོ་ 13 སྔོན།

    དགོངས་དག་་་་ནོར་བཅོས་་་་་སྤྱིར་བཏང་་་་

    Reply
  16. འཇམ་ཚུལ། says:
    ལོ་ 13 སྔོན།

    སྤྱི་སྟངས་གཞིས་ལུས་རྒྱ་ཆེའི་མི་མང་གི་རེ་འདོད་དང་བློས་བཏང་ལ་བསམ་ཤེས་དང་གོ་ཤེས་གནང་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ཐུགས་རྗེ་ཆེ་ཞུ། འོན་ཀྱང་རྒྱ་དར་མེ་བསྲེགས་ཀྱི་ལས་འགུལ་འདི་ལྟ་བུས་དོན་དམ་དུ་གཞིས་ལུས་མི་མང་གི་མངོན་འདོད་འགྲུབ་པའི་འགོག་རྐྱེན་དུ་འགྱུར་ཉེན་ཆེ། རྒྱུ་མཚན་ནི་ཁོང་ཚོར་གཅིག་གྱུར་དུ་མངའ་བའི་མངོན་འདོད་གལ་ཆེ་ཤོས་གཅིག་ནི་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དེ་རེད། དེ་མཚུངས་སུ་རྒྱ་ནག་མི་མང་མང་པོ་ཞིག་ལ་ཡང་མངོན་འདོད་འདི་གཅིག་མཚུངས་ལྟ་བུར་ཡོད་པས་མ་མཐའ་ཡང་རྒྱ་མི་ཁོང་ཚོའི་བསམ་བློ་སྤྱིའི་གོ་རྟོགས་ལ་བསམ་ཤེས་དང་ཕོག་ཐུག་ཏུ་མི་འགྲོ་བ་ཞིག་བྱ་དགོས་པར་སེམས་ཡོད། སྤྱིར་བཏང་གཞུང་འབྲེལ་གྱི་ལས་འགུལ་ཞིག་མིན་པས་ལས་འགུལ་ཀྱི་རྣམ་གྲངས་དང་རྣམ་པ་ལ་ང་ཚོ་དམངས་ཀྱིས་ཐེ་གཏོགས་དང་དེ་ཙམ་འབྲེལ་མིན་མི་ཤེས་མོད། འོན་ཀྱང་ཡིད་གཟབ་དགོས་པ་ཞིག་ལ། ང་ཚོ་གཞུང་སྒེར་སུའི་འཐབ་རྩོད་ཀྱི་ལྟ་གྲུབ་གང་ཞིག་ཡིན་ཡང་། མཐའ་མའི་གྲུབ་འབྲས་སམ་རྒྱལ་ཁ་ལེན་པ་ལ་ཐུན་མོང་དུ་མཁོ་བའི་ཆ་རྐྱེན་གཙོ་བོ་གཅིག་ནི་རྒྱ་ནག་མི་མང་གིས་རྒྱབ་སྐྱོར་དང་ངོས་ལེན་ཐོབ་པ་ཞིག་དགོས་གལ་ཆེ་བས། དོན་ལ་རྒྱ་བོད་མི་རིགས་ཀྱི་དབྱེ་འབྱེད་མེད་པར་སྒེར་གཅོད་དབང་འཛིན་པར་ངོ་རྒོལ་ཡིན་ཡང་ཕ་རོལ་རྒྱ་མི་དམངས་ལ་དེ་འདྲའི་གོ་རྟོགས་ཤིག་མེད་པ་མ་ཟད་ང་ཚོ་སྤྱི་སྒེར་སུས་རྒྱ་ནག་དབང་འཛིན་པ་དང་མི་དམངས་དབྱེ་འབྱེད་མེད་པར་རྒྱ་མི་དམངས་ལ་ཕོག་ཐུག་ཏུ་འགྲོ་བའི་ལས་འགུལ་སྤེལ་ན་ཡང་དེ་དག་རྒྱ་ནག་དབང་འཛིན་པས་ལས་སླ་བོའི་ངང་རྒྱ་ནག་མི་མང་ང་ཚོའི་ཁ་གཏད་དུ་ལངས་པའི་སྐུལ་སློང་གི་རྒྱུ་རྐྱེན་དུ་འགྱུར་པར་ངེས། དེས་སྟབས་ཀྱིས་ཕྱིས་སུ་ཡང་འཐབ་རྩོད་དང་ངོ་རྒོལ་གྱི་རྣམ་པ་རྒྱ་དར་མེར་བསྲེག་གིས་མཚོན་འབོད་ཚིག་དང་འཕྲེད་དར་སོགས་གང་ཡིན་ཡང་མངོན་གསལ་འདོད་པོས་དབང་འཛིན་པ་དང་དམངས་ཀྱི་དབྱེ་འབྱེད་ཐོན་པ་ཞིག་གལ་ཆེ་བར་སྙམ་མོ།།

    Reply
  17. རྟ་མགྲིན། says:
    ལོ་ 13 སྔོན།

    གཞོན་ནུ་ལ་སྔ་མོ་ནས་བཙན་བྱོལ་སྒྲིག་འཛུགས་ཀྱི་ལང་ཕྱོགས་དང་མི་མཐུན་པའི་རང་ལྟ་མཆོག་འཛིན་གྱི་སྲིད་བྱུས་ཤིག་ཡོད་ཡོད་པ་རེད། དེས་རྒྱ་ནག་གིས་ཀྱང་ཤེས།
    གཞོན་ནུའི་ལང་ཕྱོགས་ཀྱིས་བཙན་བྱོལ་སྒྲིག་འཛུགས་ཀྱི་ཚབ་བྱེད་མི་ཐུབ་པས་ལྷན་ཚོགས་འདིའི་སྒེར་ཚུགས་སྲིད་ཇུས་ལ་སུས་ཀྱང་བྱུས་འཁྲི་བྱས་མི་ཆོག མུ་མཐུད་དུ་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་དར་མེར་སྲེག་དགོས། རྒྱབ་སྐྱོར་ཡོད། ས་རྒྱུན་རྣམས་ཀྱིས་ཀྱང་དེ་ལྟར་་་་་་་་་་་་་་་་་་་་་་མུ་མཐུད།

    Reply
  18. སངྒེ ། says:
    ལོ་ 13 སྔོན།

    གང་ལྟར་རྒྱ་དར་མེར་བསྲེགས་ཀྱི་ཐད་བསམ་ཚུལ་སྣ་ཚོགས་འདུག འོན་ཀྱང་ང་ནི་རྒྱ་དར་མེར་བསྲེགས་ལ་མི་མོས། རྒྱུ་མཚན་དེའི་དབང་གིས་མདང་དགོང་ས་གནས་ཀྱི་ལས་འགུལ་སྐབས་སུའང་རྒྱ་དར་མེར་བསྲེག་རྒྱུ་རེད་ཟེར་བས་དེར་མ་སོང་། སྤྱིར་ང་ཚོ་སུ་ཡིན་རུང་དགོས་པདང་དགག་བྱ་ལ་བསམ་བློ་བཏང་ནས་དགོས་ཆེན་པོ་ཡོད་ན་དགག་བྱ་ལ་ཆེར་མ་བལྟས་ཀྱང་འགྲིག་པ་རེད། འོན་ཀྱང་གཞོན་ནུ་དང་རྒྱ་དར་མེར་བསྲེག་ལ་རྒྱབ་སྐྱོར་བྱེད་མཁན་དག་ལ་དགོས་པ་དང་གྲུབ་འབྲས་འདི་དང་འདི་རེད་ཅེས་མིག་སྟོན་བྱ་རྒྱུ་མེད་པ་འདྲ།

    Reply
  19. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    རྒྱ་རིགས་ཧུ་ཡོ་བྷང་དང་། བོད་རིགས་འབའ་བ་ཕུན་ཚོགས་དབང་རྒྱལ་སོགས་ཀྱིས་རྒྱབ་སྐྱོར་བྱས་པའི་རྒྱའི་རྒྱལ་དར་སྐར་མ་ལྔ་ཅན་མེ་གྷན་ཐེག་པ་ཆེན་པོའི་ཆོས་ཀྱི་བསྟི་གནས་སུ་མེར་བསྲེགས་བཏང་བར་རྒྱབ་སྐྱོ་མེད་ལ་བློ་ཕམ་ཀྱང་ཡོད།
    འོན་ཀྱང་ས་ཉིན་རབ་གནས་ཆུ་འབྲུག་དང་། བོད་རྒྱལ་ལོ་༢༡༣༩ཆུ་འབྲུག་གནམ་ལོ་གསར་པར་བོད་རྒྱའི་མི་རིགས་སྤྱི་དང་། ལྷག་པར་གཞོན་ལྷན་ཚོགས་མི་ཚོར་དམིགས་བསལ་བཀྲ་ཤིས་བདེ་ལེགས་ཡོད་ལགས། བདེན་པ་ཉིད་རྒྱལ་འགྱུར་ཅིག །

    Reply
  20. ཤིང་ལོ། says:
    ལོ་ 13 སྔོན།

    ལས་འགུལ། སུ་དང་སུ་འགུལ་རྒྱུ་རེད། རྒྱུན་རིང་བོའི་ཆབ་སྲིད་ཀྱི་ཐབས་ལམ་བཙལ་ནས་འགུལ་དགོས་པ་ལས། སེམས་ཚོར་ཐར་ཐོར་དང་། གནས་སྐབས་ལམ་ལམ་གྱི་ཐོག་ནས་ཉུང་ཙམ་འཁྱུག་ཙམ་འགུལ་བས་མི་ཕན་ལ། འར་འུར་དང་ཀི་ཅོ་ཙམ་གྱིས་ཀྱང་ག་ལ་ཕན། ལྷན་ཚོགས་ལགས།
    ས་ཡི་འགྱུར་བ་རྩྭ་དང་ཤིང་གིས་ཤེས།།
    མི་ཡི་འགྱུར་བ་བསམ་བློ་རྒན་པོས་ཤེས།།
    བློ་སྣ་ཐུང་བ་ཤེས་རྒྱ་ཆུང་བ་དང་།།
    ཕུགས་རྒྱང་རིང་བོའི་བྱ་བ་དལ་དང་གཟབ།།

    Reply
  21. ཚྭ་སྒང་ཕོ་ཉ། says:
    ལོ་ 13 སྔོན།

    ཐོག་མར་བོད་གཞིས་བྱེས་གཉིས་ཀྱིས་རེ་བ་རྒྱབ་ས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་སྙིང་ནས་མཚམས་འདྲི་དང་སྒྲགས། ཁྱེད་རྣམ་པའི་ལས་འགུལ་འདི་འདྲ་ཞིག་སྤེལ་བར་སེམས་སྟེང་ནས་གུས་ཞབས་ཡོད། དེ་ནས་འོག་དུ་མཆན་བཀོད་པ་པོ་ཨ་རིག་དགེ་མཐོང་ལགས་ལ་དྲི་བ་ཞིག་ཞུ་རྒྱུར།་་་་་་་་་་རྒྱ་དམར་གྱི་རྒྱལ་དར་མེར་སྲེག་གཏོང་བར་ཁྱོད་རང་སྙིང་ན་དགོས་དོན་གང་ཡིན་ནམ། རྒྱ་དམར་གྱི་རྒྱལ་དར་ཟེར་བ་དེ་རས་རྒྱལ་ནག་ནས་འཁྱེར་ཡོང་བ་ཞིག་གིས་མ་བཟོས་ན་རྒྱ་དམར་གྱི་རྒྱལ་དར་མིན་དགོས་པའི་གནས་ལུགས་དང་རྒྱུ་མཚན་གང་ནས་ཡོད། ཧ་ཧ་ཧ་་་་་་་་་་་་་གྲོགས་པོ་ཁྱོད་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་ཚུལ་བཤད་འདུག་པས་དེ་དག་རེ་རེ་བཞིན་ཁུང་སྐྱེལ་དགོས་པ་གལ་ཆེ། ད་དུང་བོད་ནང་གི་སྤུན་ཟླ་དག་ལ་བསམ་བཞིན་དུ་སྡུགས་སྔལ་མྱོང་ཅུག་པ་རེད་ཟེར་། བསམ་བློ་ཞིབ་མོ་ཐོང་དང་བོད་མི་ཞིག་གི་སྐད་ཆ་འདྲ་པོ་ཞིག་འདུག་གམ། བཙན་བྱོལ་ནས་ལས་འགུལ་སྤེལ་བ་དེ་བོད་ནང་གི་སྤུན་ཟླར་སྡུགས་སྔལ་མྱང་ཅུག་ཚུལ་གཅིག་གསུངས་རོགས་དང། རྒྱ་དམར་ཁོང་ཁྲོ་ལང་ནས་བོད་མི་རྣམས་ལ་གནར་གཅོད་གཏོང་གི་རེད་བསམ་གྱི་ཡོད་ན། གཞུང་ཚབ་ཁང་མདུན་དུ་སྐད་འབོད་བྱས་ན་ཡང་རྒྱ་དམར་ཁོང་ཁྲོ་ལང་ལང་པ་རེད། དེ་ཡང་མི་འོས་པར་དོན་གྱིས་སྒྲུབ་པར་མ་ཡིན་ནམ། ད་དུང་དེ་དང་་དེས་མཚོན་པའི་ལས་འགུལ་མཐའ་དག་སྒོ་རྒྱབ་དགོས་པ་རེད་དམ། དེ་དག་ཚང་མ་སྒོ་རྒྱབ་ན་ཁྱོད་ལ་ཁེ་སང་གང་ཞིག་ཐོབ་ཀྱི་འདུག། ཁྱོད་ལ་དེ་དག་ལས་ལྷག་པའི་ལས་་འགུལ་གསར་པ་གང་ཞིག་གྲ་སྒྲིག་ཡོད་གཅིག་གསུངས་རོགས་གནང་དང། མི་མང་ངོས་ནས་གཏམ་འཁྱམ་བཤད་མཁན་དག་ལ་གཟབ་དགོས་པ་གལ་ཆེ།

    Reply
  22. དྲག་རླུངས། says:
    ལོ་ 13 སྔོན།

    ཨ་རིགས་དགེ་མཐོང་གི་བཤད་པ་བདེན་ཕྱོགས་ཞིག་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་རྒྱལ་དར་མེ་བསྲེགས་བཏང་བ་ལ་དགོས་པ་དང་རྒྱུ་མཚན་མང་པོ་ཡོད་རྒྱུ་རེད་སྙམས།
    ཨ་རིགས་དགེ་མཐོང་དགེ་སློང་ཆོས་བསྒྲུབ་མཁན་ཞིག་ཡིན་པས་སེམས་གི་ཡངས་གི་རྣམས་པ་ཞིག་ཡིན་རྒྱུ་རེད་ད་དུང་དེ་ལས་ཚད་མདོག་ཁ་བོ་མ་རེད་རྒྱུ་མཚན་མང་པོ་ཡོད་རྒྱུ་རེད།
    ཡིན་ཡང་ལས་འགུལ་ཞིག་སྤེལ་ན་དེའི་བཟང་ཕྱོགས་དང་ངན་ཕྱོགས་གཉིས་ཆ་བཤད་ན་ཡག་པོ་འདུག་མི་དྲང་མོ་ཞིག་ཡིན་པ་ཡང་མཚོན་རྒྱུ་རེད་ལ།
    མི་མང་པོ་ཞིག་གི་བློ་སྐྱེད་ཡང་ཡང་པོ་ཞིག་རག་རྒྱུ་རེད།

    Reply
  23. ཤར་མདའ། says:
    ལོ་ 13 སྔོན།

    སྤྱིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་གང་ཞིག་སྤེལ་བ་ཡིན་ན་རྒྱབ་སྐྱོར་དང་རང་ནུས་གང་ཡོད་ཀྱི་མཉམ་བཞུགས་བྱེད་ཀྱི་ཡོད་འོན་ཀྱང་འདིར་ཕན་ཐོག་མེད་པའི་རྒྱ་མི་རིགས་སྤྱི་ལ་གནོད་པའི་ལས་འགུལ་སྤེལ་བ་ཡིན་ན་དགེ་མཚན་མེད་བས་གླེན་རྟགས་ཤིག་མ་ཡིན་ནམ།   དུས་རྒྱུན་དུ་ཚོར་བའི་དབང་དུ་མ་སོང་བའི་ཐོག་བོད་དོན་སྒྲུབ་པ་ཡིན་ན་རྒྱལ་སྤྱིའི་ཐོག་གླེང་ཆོག་ཆོག་ཡིན་པ་ལས་འདི་ལྟར་ལས་འགུལ་སྤེལ་བ་ལས་རྒྱལ་སྤྱིའི་རྒྱབ་སྐྱོར་ཡོང་ཐུབ་ཞིག་ལ་འབད་རྒྱུ་གལ་ཆེན་རེད་དྲན་སོང་།

    Reply
  24. ཚེ་རིང་བཀྲ་ཤིས། says:
    ལོ་ 13 སྔོན།

    གཞོན་ནུའི་ལས་འགུལ་ལ་རྒྱབ་སྐྱོར་ཡོད། རྒྱ་མིས་མི་གསོད་ཐུབ་ན་ང་ཚོས་རས་ཆད་ཅིག་ཅི་ལ་བསྲེགས་མི་ཐུབ་པ་རེད། སྲིད་གཞུང་གན་གི་སྙིང་ནང་ལ་གང་མི་འགྲོ་བ་དེ་བྱ་དགོས་པ་རེད། དགེ་མཐོང་ལྟ་བུའི་མིག་ཡ་གཅིག་ཅན་གྱི་ཆབ་སྲིད་པ་ཚོས་རྒྱབ་མིའི་ཚབ་ཏུ་བཤད་ཀྱིན་པ་ཞིག་དང་ཀུན་མཚུངས། འདི་ལྟ་བུའི་གུ་ཡངས་མདོག་དང་གཞན་བསྟུན་བྱ་མཁས་མདོག་བསྟན་ནས་མི་ལོ་ལྔ་བཅུ་སོང་བ་རེད། ད་ནི་སོ་སོའི་ཚེ་སྲོག་སྲུང་ཆེད་འཇིགས་སྐུལ་བ་ཕར་མེ་མདས་བཞུ་ཐུབ་ནའང་ཁྲིམས་འགུལ་ཡིན་ནི་མ་རེད། འདི་རྒྱལ་སྤྱིའི་རྩ་ཁྲིམས་ལས་རང་སྲོག་སྲུང་ཐབས་ཀྱི་ཐོབ་ཐང་ཞིག་ཡིན་པ་དེའོ།

    Reply
  25. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    བཀུར་འོས་གཞོན་ལྷན་དོན་གྲུབ་ལྷ་དར་ལགས། ཁྱེད་རྒྱུན་ལས་རྣམས་གཙོས་ཚོགས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས། ཁྱེད་རྣམ་པས། སྤྱི་ཚོགས་གང་སར་གོ་རྟོགས་མེད་མཁན་དང་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་སྟངས་མ་ཤེས་པ་དག་དང་། འགའ་ཞིག་གིས་དབུ་ལམ་ལ་ཁག་དཀྲིས་ཏེ་རྒྱའི་ལས་དོན་སྒྲུབ་མཁན་དག་གིས་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་ཇི་ལྟར་སྤྲད་ན་ཡང་། མི་རིགས་ལ་བཅངས་པའི་བརྩེ་སེམས་དང་རྒྱལ་ཁབ་ཀྱི་ལ་ཞེན་མ་ཉམས་སྟེ་མུ་མཐུད་དེ་ལས་འགུལ་ཤུགས་ཆེར་སྤེལ་བར་བཀའ་དྲིན་ཆེ་ཞུ་རྒྱུ་མ་ཚད་ད་དུང་མུ་མཐུད་དེ་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་རོགས་ཞུ།  རྒྱ་དམར་གྱི་དར་དམར་སྲེག་དགོས་གངས་སེང་རྒྱལ་དར་འགྲེང་དགོས། རྒྱ་དམར་བོད་ནས་མཐར་སྤྲོད་གཏོང་དགོས་རང་བཙན་གཙང་མ་ལེན་དགོས། གུང་ཁྲན་རིང་ལུགས་སྣུབ་དགོས། བོད་རྒྱལ་ལོ། གཞོན་ལྷན་རྒྱལ་ལོ། 

    Reply
  26. ཨ་རིག་དགེ་མཐོང་། says:
    ལོ་ 13 སྔོན།

    ད་ཡིན་ན་གཞོན་ནུ་ལྷན་ཚོགས་ཡིན་ནམ་དོན་གྲུབ་ལྷ་དར་ཡིན། གང་ལྟར་ད་ཐེངས་ཀྱི་ལས་འགུལ་འདི་གླེན་རྟགས་ཚབས་ཆེན་ཞིག་ཡིན་པས་མི་མང་གིས་གཟབ་རོགས་ཞུ།
    སྤྱིར་བཏང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་ང་ཚོའི་རེ་བ་རྒྱག་ས་ཞིག་ཡིན་མོད། གནད་འགག་གི་སྐབས་སུ་ཐོན་དུས་གླེན་རྟགས་ལས་མི་འདུག

    གལ་སྲིད་རྒྱ་མིའི་རྒྱ་དར་མེ་བསྲེགས་རྒྱུ་ན་བོད་ནང་ནས་བསྲེགས་ན་བུ་ཡིན་ནི་རེད་ལ། དོན་གོ་ཡང་ཆོད་སྲིད། དེ་མིན་སང་ཉིན་བཟུང་ནས་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་བ་རེད་ལ། བོད་ནང་གི་སྤུན་ཟླ་ཚོ་ལ་བསམ་བཞིན་དུ་སྡུག་བསྔལ་མྱོང་བཅུགས་པ་རེད།
    ཁོ་ཚོ་རང་དབང་ལུང་བ་ནས་བསྡད་དེ་རས་དམར་པོ་ཞིག་མེ་བསྲེགས་པ་རེད། ད་དུང་རྒྱ་མིའི་རྒྱ་དར་ལབ་པ་དོན་དངོས་སུ་རྒྱ་ནག་ནས་ཁྱེར་ཡོང་བའི་རས་རྐྱང་ཞིག་ཀྱང་ཕལ་ཆེར་ཡིན་རྒྱུ་མ་རེད། མི་མང་གིས་གཟབ་རོགས། མི་མང་མགོ་འཐོམ་མི་ཉན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese