མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༢༠༡༣ ལོར་རྒྱ་གཞུང་གིས་བོད་མི་ ༡༡༩ འཛིན་བཟུང་བྱས་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༠༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་གིས་ ༢༠༡༣ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་གྱི་སྙན་ཐོ་ཞིག་དང་རྒྱ་ནག་གི་ངལ་རྩོལ་བསྒྱུར་བཀོད་ལམ་ལུགས་སྐོར་གྱི་དམིགས་བསལ་དཔེ་དེབ་གཅིག་བཅས་འདོན་སྤེལ་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ སྟེང་། གངས་སྐྱིད་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ། བོད་ཀྱི་འགྲོ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། བོད་དབྱིན་གཉིས་ཐོག་ ༢༠༡༣ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་ལོ་སྙན་ཐོ་ཞིག་དང་། རྒྱ་ནག་གི་ངལ་རྩོལ་བསྒྱུར་བཀོད་ལམ་ལུགས་སྐོར་གྱི་དཔེ་དེབ་ཅིག་བཅས་འདོན་སྤེལ་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་། གསར་འགོད་ལྷན་ཚོགས་ཐོག་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་དང་ཉམས་ཞིབ་པ་བསྟན་འཛིན་ཉིན་བྱེད་ལགས། ཨ་རི་ནས་ཡིན་པའི་ཁྲིམས་ལུགས་ཆེད་མཁས་པ་ཇོན་གྷོ་ཊི་ཌེ་ (John Gaudette)ལགས་བཅས་ཀྱིས་ངོ་སྤྲོད་གཏམ་བཤད་གནང་སོང་།  

བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་ཚེ་རིང་མཚོ་མོ་ལགས་ཀྱིས། ད་ལོའི་ཕྱི་ཟླ་ ༡༡ པ་ནས་ང་ཚོས་ཉམས་ཞིབ་བྱས་ཏེ་སྙན་ཐོ་འདི་འབྲི་མགོ་བརྩམས་ཡོད་ཀྱང་། ཕྱི་ཟླ་ ༡༢ ཀྱི་ཟླ་མཇུག་ལ་མཚོ་སྔོན་ཞིང་ཆེན་ནང་གི་བོད་མི་འགར་བཅར་འདྲི་བྱས་པ་བརྒྱུད། ༢༠༡༢ ལོར་ང་ཚོས་ཧ་མ་གོ་བའི་གནས་ཚུལ་ཁག་ཅིག་དང་། ༢༠༡༣ ལོར་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་སྟངས་ག་འདྲ་ཡོད་མེད་ཀྱི་གནས་ཚུལ་གསར་བ་མང་པོ་ཞིག་འབྱོར་ཡོད་སྟབས་བསྐྱར་དུ་ཞིབ་འཇུག་བྱས་ཏེ་ཁ་སྣོན་བྱས་པ་ཡིན། དེ་དག་མཚོ་སྔོན་ས་ཁུལ་ནས་ཡིན་པའི་མིང་བརྗོད་འདོད་མེད་པའི་ངོ་ཤེས་ཤིག་བརྒྱུད་དེ་རག་པ་ཡིན། ཁོང་མ་ད་ལྟ་ཁེ་ན་ཌའི་གཙུག་ལག་སློབ་གྲྭ་ཞིག་གི་དགེ་རྒན་ཆེན་མོ་རེད། ཁོང་མོ་བོད་ནང་དང་རྒྱ་ནག་ནང་ཐེངས་མང་པོར་ཕྱིན་ཏེ་གནས་ཚུལ་དངོས་ལ་ཉམས་ཞིབ་དང་བཅར་འདྲི་བྱས་ཏེ་ཡོང་བ་དེ་འདྲ་རེད། ༢༠༡༣ ལོར་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་བོད་མི་གྲངས་ ༡༡༩ ཙམ་ང་ཚོའི་སྙན་ཐོའི་ནང་བཀོད་ཡོད། ཅེས་བརྗོད་སོང་།

ཁོ་མོས་མུ་མཐུད་དུ། སྙན་ཐོ་དེའི་ནང་ཁེ་ཎ་ཌའི་གྷི་ལོ་ཧྥི་( university of Guelph)གཙུག་ལག་སློབ་གྲྭའི་ནང་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་སློབ་གཉེར་བྱེད་མཁན་སློབ་ཕྲུག་ཚོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་ཉམས་ཞིབ་བྱས་པའི་རྩོམ་ཡིག་གཉིས་བཀོད་ཡོད། གཞན་ཁོང་ཚོས་ཉམས་ཞིབ་བྱས་པའི་རྩོམ་ཡིག་ཁག་ཅིག་ཡོད་ཀྱང་རིམ་པས་བོད་ཡིག་དང་རྒྱ་ཡིག་སོགས་སུ་བསྒྱུར་ཏེ་ལྟེ་གནས་ཁང་གི་དྲ་ཚིགས་སྟེང་འགོད་རྒྱུ་ཡིན། ཞེས་སོགས་བརྗོད་སོང་།

དེ་རྗེས་ཉམས་ཞིབ་པ་བསྟན་འཛིན་ཉིན་བྱེད་ལགས་ཀྱིས་བོད་ནང་གི་རང་ལུས་མེར་བསྲེགས་སྐོར་ལ། ༢༠༠༨ ལོ་ནས་བཟུང་བོད་ནང་རང་ལུས་མེར་བསྲེགས་གནས་ཚུལ་བྱུང་སྟེ། གྲངས་ཚད་མཐོ་པོར་སླེབ་དུས་སྲིད་སྐྱོང་མཆོག་གཙོས་བླ་ཆེན་དག་གིས་རང་སྲེག་མ་གནང་རོགས་ཞེས་འབོད་སྐུལ་ཞུས་ཡོད་ཀྱང་། ༢༠༡༣ ལོའི་ནང་བོད་མི་ ༢༧ ཙམ་གྱིས་རང་ལུས་མེར་བསྲེགས་གནང་ཡོད། ན་ནིང་དང་ད་ལོའི་རང་ལུས་མེར་བསྲེགས་གཉིས་བར་ཞིབ་བསྡུར་བྱེད་སྐབས་ཁྱད་པར་ཁ་ཤས་མཐོང་སོང་། ན་ནིང་ལྟ་བུ་ཡིན་ན། བོད་ཀྱི་བླ་ཆེན་བཟོད་པ་རིན་པོ་ཆེ་དང་ཤེས་ཡོན་ཅན་རྩོམ་པ་པོ་སོགས་ཀྱིས་མེར་བསྲེགས་གནང་ཡོད་ཀྱང་། ད་ལོར་ཤེས་ཡོན་ཚད་མཐོ་བོ་ཡོད་མཁན་དེ་འདྲ་མེད་ཀྱང་སྤྱི་ཚོགས་ཀྱི་རིམ་པ་འདྲ་མིན་ནས་འདུག རྒྱ་ནག་གི་གནས་བབ་དང་སློབ་གྲྭའི་འོག་ནས་འཚར་ལོངས་བྱེད་མཁན་ལོ་གཞོན་ན་ཆུང་གཉིས་ཀྱིས་རང་ལུས་མེར་བསྲེགས་གནང་ཡོད་སྟབས། རྒྱ་ནག་གིས་བོད་ནང་དེང་རབས་འཛུགས་སྐྲུན་བྱས་ཚུལ་དང་རང་དབང་ཡོད་ཚུལ་ཕྱི་བསྒྲགས་བྱེད་ཀྱི་ཡོད་པ་དེ་དག་བདེན་པ་མིན་པའི་ར་སྤྲོད་གསལ་བོ་བྱས་ཡོད་པ་རེད། ཅེས་བརྗོད་སོང་།

ཚེ་རིང་མཚོ་མོ་ལགས་ཀྱིས་རྒྱ་ནག་གི་ངལ་རྩོལ་བསྒྱུར་བཀོད་སྐོར་བརྗོད་དོན། རྒྱ་གཞུང་གིས་ངལ་རྩོལ་བསྒྱུར་བཀོད་ལམ་ལུགས་ལག་བསྟར་བྱས་ཏེ་ལོ་ ༥༠ ལྷག་འགྲོ་བཞིན་ཡོད་ཅིང་། ལམ་ལུགས་དེས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་གཏོང་གི་ཡོད་པར་རྒྱལ་སྤྱིའི་ཐོག་ནས་ངོ་འཛིན་གཅིག་གྱུར་བྱུང་ཡོད་ཀྱང་། ངལ་རྩོལ་བསྒྱུར་བཀོད་ཟེར་བ་དེའི་འོག་ཏུ་རྒྱ་རིགས་མི་མང་གིས་སྡུག་བསྔལ་མྱོང་གི་ཡོད་པ་ལས། བོད་དང་གྲངས་ཉུང་མི་རིགས་གཞན་དག་གིས་མནར་གཅོད་མྱངས་དང་མྱོང་གི་ཡོད་པའི་གནས་ཚུལ་གཅིག་ཀྱང་མཐོང་རྒྱུ་མི་འདུག ད་རུང་མི་ཁ་ཤས་གོ་ནོར་ཐེབས་ཏེ་ངལ་རྩོལ་བསྒྱུར་བཀོད་ལམ་ལུགས་ཟེར་བ་རྒྱ་ནག་ནང་མ་གཏོགས་བོད་དང་ཞིན་ཅང་གཉིས་ནང་མེད་པའི་སྐད་ཆའང་ཤོད་ཀྱི་འདུག དེ་རྩ་བ་ཉིད་ནས་མ་རེད། ང་ཚོས་ངལ་རྩོལ་བསྒྱུར་བཀོད་སྐོར་ཀྱི་སྙན་ཐོ་འདོན་དགོས་པའི་རྒྱུ་མཚན་གཙོ་བོ་གཅིག་དེའི་སྐོར་ལ་གསལ་བཤད་བྱེད་ཆེད་ཡིན། བོད་མི་ཚོས་ངལ་རྩོལ་བསྒྱུར་བཀོད་འོག་དཀའ་སྡུག་མྱངས་པའི་ལོ་རྒྱུས་དང་། ངལ་རྩོལ་བསྒྱུར་བཀོད་འོག་ཐར་རྗེས་ལུས་སེམས་གཉིས་ཀྱི་ད་ལྟའི་གནས་སྟངས་བཅས་ཀྱི་སྐོར་ཞིབ་མོར་བཀོད་ཡོད། ཅེས་བརྗོད་སོང་།

ཁྲིམས་ལུགས་ཆེད་མཁས་པ་ཇོན་གྷོ་ཊི་ཌེ་ལགས་ཀྱིས་རྒྱ་ནག་གི་ངལ་རྩོལ་བསྒྱུར་བཀོད་སྐོར་ལ། རྒྱ་ནག་གཞུང་གིས་སྔར་ལོའི་ཕྱི་ཟླ་ ༡༢ པའི་ཚེས་ ༢༨ ཉིན་ངལ་རྩོལ་བསྒྱུར་བཀོད་ཟེར་བ་དེ་ནི་ཁྲིམས་འགལ་ཐོག་མི་ལ་ཉེས་ཆད་དང་མནར་སྤྱོད་གཏོང་གི་ཡོད་པར་ངོས་འཛིན་ཐོག་ལམ་ལུགས་དེ་རྩ་མེད་བཟོ་རྒྱུ་ཡིན་པའི་ཐག་གཅོད་བྱས་ཡོད་ཀྱང་། མིང་བསྒྱུར་ཙམ་བྱས་ཏེ་མུ་མཐུད་ཁྲིམས་འགལ་ཐོག་ངལ་རྩོལ་བསྒྱུར་བཀོད་ལམ་ལུགས་ལག་བསྟར་བྱེད་སྲིད་པར་མང་པོ་ཞིག་གིས་སེམས་འཚབ་བྱེད་ཀྱི་ཡོད། གང་ཡིན་ཟེར་ན། རིག་གནས་གསར་བརྗེའི་སྔོན་ཙམ་ལ་ངལ་རྩོལ་བསྒྱུར་བཀོད་རྩ་མེད་བཟོ་བར་འབད་བརྩོན་བྱས་ཡོད་ཀྱང་། རིག་གསར་མཇུག་སྒྲིལ་རྗེས་ཡང་བསྐྱར་རྒྱ་ནག་གི་ཉེན་རྟོག་པར་དབང་ཆ་ཆེ་ཤོས་སྤྲད་ཡོད། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དམར་གསོད་དོན་རྐྱེན་བྱུང་རྗེས། རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་ལ་སྐྱོན་བརྗོད་དང་གནོན་ཤུགས་མང་པོ་སྤྲད་པ་དེར་རྒྱ་ནག་གིས་ཀྱང་ཁས་ལེན་བྱས་ཡོད་ནའང་རྗེས་སུ་འགྱུར་བ་གང་ཡང་བཏང་མེད། ཅེས་སོགས་བརྗོད་སོང་། 

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༡༨ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༡༨ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

མཆན། 5

  1. འབྲོག་ཕྲུག་བྷེ་ལོ། says:
    ལོ་ 12 སྔོན།

    བསྟན་འཛིན་བཀྲ་ཤིས་ལགས། ཁྱོད་ཀྱིས་བལྟས་ན་ཞིབ་འཇུག་གི་སྙན་ཐོ་ཚད་ལྡན་ཞིག་ཇི་ལྟར་བྱས་ཏེ་སྤེལ་དགོས་སམ། འགྲོ་བ་མིའི་ཐོབ་ཐང་ཚང་གི་ཕྱི་ལོ་ ༢༠༡༣ ལོའི་དབྱིན་ཡིག་ཐོག་འཁོད་པའི་ལོ་འཁོར་སྙན་ཐོ་དེ་ཕྲན་ནས་བལྟ་ཀློག་བྱ་རྒྱུ་བྱུང་བས་འདིར་བརྗོད་རྒྱུར། ཉམས་ཞིབ་ལྟེ་གནས་འདི་ཉིད་རང་དབང་གི་སྒོ་ནས་ཉམས་ཞིབ་བྱེད་ཐུབ་པའི་ཁོར་ཡུག་དང་ཆ་རྐྱེན་མེད་པའི་གནས་སྟངས་དེ་ང་ཚོས་ངོས་འཛིན་གསལ་པོ་ཡོད་པའི་ཐོག་ནས་བཤད་ན། ད་ལན་གྱི་ཉམས་ཞིབ་འདི་ཧ་ཅང་གྲུབ་འབྲས་ཚད་མཐོ་ཞིག་རེད་སྙམ། དེའི་རྒྱུ་མཚན་ནི། དང་པོ། ཉམས་ཞིབ་བྱ་གཞིའི་རྩ་བའི་གནད་དོན་ཁག་ངོས་འཛིན་གནང་སྟངས་དེ་ཧ་ཅང་ཡང་དག་རེད། དེ་ནི་གཙོ་བོ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་གཏན་ལ་ཕབ་པའི་ཁྲིམས་ལུགས་དང་དེར་རྒྱ་གཞུང་ནས་ཁས་ལེན་ས་རྟགས་བརྒྱབས་རིགས་གཞིར་བཟུང་བྱས་པས་འདི་ནི་ཐབས་བྱུས་ཡང་དག་ཤིག་རེད།
    གཉིས་པ། ཉམས་ཞིབ་བྱ་ཡུལ་ཡང་དག་རེད། དེའི་རྒྱུ་མཚན་ནི་ཉམས་ཞིབ་པ་དག་བོད་ཕྱི་ནང་གཉིས་ཀ་དང་དེ་བཞིན་རང་རིགས་དང་གཞན་རིགས་ཟུང་འབྲེལ་གྱི་སྒོ་ནས་བྱས་པས་རེད།
    གསུམ་པ། ཉམས་ཞིབ་པའི་ཆ་རྐྱེན་གྱི་སྐོར་དེ་ཡང་ཤིན་ཏུ་འོས་འཚམས་རེད། དེ་ཡང་ཡིན་ཏེ་དེ་དག་ཕལ་མོ་ཆེ་འབྲེལ་ཡོད་ཕྱི་ནང་གི་ཁྲིམས་ལུགས་དང་། འགྲོ་བ་མིའི་ཐོབ་ཐང་གི་སྐོར། དེ་བཞིན་འབྲེལ་ཡོད་ལོ་རྒྱུས་དང་སྤྱི་ཚོགས་གནས་བབ་ལ་རྒྱུས་མངའ་གཏིང་ཟབ་དང་གང་ལེགས་ཡོད་མཁན་རྐྱང་རྐྱང་རེད་ལ། དེ་བཞིན་བོད་དུ་འཚོ་སྡོད་བྱེད་མཁན་གྱི་མི་དམངས་དཀྱུས་མ་དག་གི་སེམས་གཏམ་ཡང་ཡོད་པས་རེད། རྒྱུ་རྐྱེན་དེ་དག་གཙོ་བཟུང་ལ་བརྟེན་ནས་ཕྲན་ནས་ཉམས་ཞིབ་ཀྱི་སྙན་ཐོ་འདི་ཉིད་ཤིན་ཏུ་རིན་ཐང་ཆེ་བ་ཞིག་ཏུ་ངོས་འཛིན་བྱ་འོས་སྙམ། བཟང་པོ་ལ་བསྟོད་པ་དང་ཡི་རངས་དགོས་ལ། ངན་པ་ལ་སྨད་པ་དང་གདོང་ལེན་བྱ་རྒྱུ་ནི་སྤྱིར་འགྲོ་བ་མིའི་ཐུན་མིན་ཁྱད་ཆོས་ཡིན་ལ། ཁྱད་པར་ད་ལྟའི་ང་ཚོའི་གནས་བབ་ལ་ཁ་ཡོད་ལག་ཡོད་ཀྱིས་དགོས་མཁོ་ཡོད་པའི་གནད་འགག་ཅིག་ཡིན་པར་སེམས་སོ།།

    Reply
  2. བསྟན་འཛིན་བཀྲ་ཤིས། says:
    ལོ་ 12 སྔོན།

    འགྲོ་བ་མིའི་ཐོབ་ཐང་ཚང་གི་སྙན་ཐོ་ལ་ལྟ་ཡིན། ཞིབ་འཇུག་སྙན་ཐོ་ཞིག་ལ་འདྲ་བོ་མི་འདུག་རྙན་རྩོམ་དུས་དེབ་འདྲ་བོ་ཞིག་རེད། དེའི་ནང་དུ་ཉིས་སྟོང་བཅུ་གསུམ་ལོའི་ཟླ་བ་རེ་རེ་བཞིན་བོད་ཆོལ་ཁ་གསུམ་གྱི་ས་གནས་རེ་རེའི་གནས་སྟངས་ལ་ཞིབ་འཇུག་བྱས་པའི་གནས་ཚུལ་འདི་དང་དེ་རེད་ཟེར་བ་གང་ཡང་མི་འདུག བོད་པ་དང་ཕྱི་རྒྱལ་བ་ཁག་ཅིག་གིས་རྩོམ་སྒྲིག་བྱས་པའི་རྩོམ་ཡིག་ཁ་ཤས་དང་སྔོན་མའི་ཡིག་ཆ་ཁ་ཤས་ཤིག་བླུགས་འདུག

    Reply
  3. འབྲོག་ཕྲུག་བྷེ་ལོ། says:
    ལོ་ 12 སྔོན།

    ཕྱི་ལོ་ ༢༠༡༣ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་དང་། རྒྱ་ནག་ངལ་རྩོལ་བསྒྱུར་བཀོད་ལམ་ལུགས་ཀྱི་སྐོར་གོ་ལོ་ཐོས་ལོ་ཙམ་གྱིས་ཕྱོགས་བསྡུས་དང་མཁོ་སྒྲུག་བྱས་པ་ཙམ་མ་ཡིན་པར། ཆེད་གཉེར་ཞིབ་འཇུག་བྱས་ཏེ་ད་ཆར་འབྲས་བུར་སྨིན་པར་འགན་འཛིན་གཙོས་འབྲེལ་ཡོད་ལས་བྱེད་ཡོངས་ལ་སྙིང་ནས་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན། ཆེད་དེབ་འདི་གཉིས་ཀྱིས་བོད་ཀྱི་རྩ་དོན་ཐོག་དངོས་ཤུགས་དང་འཕྲལ་ཕུགས་གང་ཐད་ནས་གལ་འགངས་ཆེ་ལ་དོན་སྙིང་ལྡན་པའི་ངོ་བོར་འགྱུར་ངེས་ཡིན།

    Reply
  4. ལྷག་པ། says:
    ལོ་ 12 སྔོན།

    གངས་ཅན་སྐྱིད་གཤོངས་ན་སྒོ་རྒྱག་དགོས་པའི་གཞུང་འབྲེལ་ལས་ཁུངས་ཕན་ཐོགས་མེད་པ་གཉིས་དང་གཞུང་འབྲེལ་མ་ཡིན་པའི་ལས་ཁུངས་ཕན་ཐོགས་མེད་པ་གཉིས་ཡོད། གཞུང་གི་ལས་ཁུངས་གཉིས་ནི་འཆར་འགོད་ལས་ཁུངས་དང་ཆོས་དོན་ལས་ཁུངས་གཉིས་ཡིན་པ་དང་། གཞུང་འབྲེལ་མ་ཡིན་པའི་ལས་ཁུངས་གཉིས་ནི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་དང་རྩོད་ཉོག་འདུམ་སྒྲིག་ལས་ཁུངས་གཉིས་ཡིན་ཟེར་བའི་བཤད་སྲོལ་ཡོད།
    སྤྱིར་བཏང་རྒྱལ་ཁབ་ཅིག་ལ་མཚོན་ན་གོང་གསལ་ལས་ཁུངས་ཚང་མ་གལ་གནད་ཆེན་པོ་དང་ནུས་པ་འཐོན་མཁན་གྱི་ལས་ཁུངས་གཙོ་བོ་ཞེ་གཅིག་ཡིན་ནའང་ང་ཚོའི་བཙན་བྱོལ་བོད་པའི་ལས་ཁུངས་དེ་དག་གིས་བོད་པའི་སྤྱི་ཚོགས་ལ་ནུས་པ་གང་ཡང་འཐོན་ཐུབ་ཀྱིན་མེད། དཔེར་ན་གཞུང་གི་ལྷན་ཁང་གཙོ་བོའི་གྲས་ཆོས་དོན་ལས་ཁུངས་ལྟ་བུར་མཚོན་ན་མང་ཚོགས་ནང་ཞབས་ལྡན་ལྷན་ཁང་ཞེས་འབོད་སྲོལ་ཡོད། དེ་བཞིན་དུ་འཆར་འགོད་ལྷན་ཁང་ཟེར་བ་དེས་ཀྱང་རྒྱལ་ཁབ་ཀྱི་ལོ་ལྔ་དང་བཅུའི་འཆར་གཞི་རླབས་ཆེན་དེ་འདྲ་སྒྲིག་ཐུབ་པ་ཕར་ཞོགས་མིང་ཙམ་ལས་ད་བར་འཆར་འགོད་ལས་ཁུངས་ཀྱིས་འཆར་གཞི་བཟོས་ཏེ་མ་དངུལ་འདི་ཙམ་ཞིག་བླངས་ཡོད་པ་རེད་ཟེར་བ་ཞིག་བཤད་རྒྱུ་རྐང་གཅིག་ཀྱང་མེད། དེ་ནས་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ལ་མཚོན་ན་ཡང་རྒྱལ་ཁབ་ཅིག་ཏུ་མ་ཚད་རྒྱལ་སྤྱིའི་ཐོག་ནས་ཀྱང་ལས་ཁུངས་གལ་ཆེན་པོ་དང་རྒྱལ་ཁབ་དང་མི་རིགས་ཆོས་ལུགས་བཅས་ཀྱི་ས་མཚམས་མེད་པའི་ལས་ཁུངས་ཤིག་ཏུ་རྩི་བཞིན་ཡོད་ཀྱང་། བོད་པའི་གངས་ཅན་སྐྱིད་གཤོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཀྱིས་གསར་འགྱུར་བརྒྱུད་ལམ་ཁག་གི་གནས་ཚུལ་ཚང་མ་བསྡུ་རུག་བྱས་ཏེ་ཡང་བསྐྱར་ཁོ་རང་ཚང་གི་ཡིན་མདོག་མདོག་གིས་ཁྱབ་བསྒྲགས་བྱེད་པ་དེ་མ་གཏོགས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་ངལ་ཐོག་ལ་ཕན་ཐོགས་པོ་འདི་བྱུང་ཟེར་ནས་ཚིག་གཅིག་ཀྱང་ཧ་ལམ་བགྲང་རྒྱུ་ཡདོ་པ་མ་རེད། རྩོད་ཉོག་འདུམ་སྒྲིག་ལས་ཁུངས་ཟེར་བ་དེའི་ལོ་གཅིག་རེ་ནང་ལ་ཟ་སྦྱོང་ཐེངས་གཅིག་རེ་དང་ཚོགས་འདུ་ཐེངས་གཅིག་རེ་ཚོགས་པའི་གནས་ཚུལ་ཞིག་བོད་པའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཕྲན་ཙམ་ཡོང་གི་རེད། དེ་མ་གཏོགས་ལས་ཀ་འདི་ཡིན་ཟེར་བ་རྐང་གཅིག་ཀྱང་ཞིག་སྟོན་རྒྱུ་ཡོད་པ་མ་རེད། རྡ་རམ་ས་ལ་རུ་རྒྱ་གར་ཡུལ་མི་དང་བོད་པ་བཙན་བྱོལ་བའི་བར་རྙོག་གྲ་མང་པོ་བྱུང་ཡོད་པ་རེད་དེ་དག་ལ་འདུམ་སྒྲིག་ཐུབ་རྒྱུ་ཕར་ཞོག་བོད་པའི་སྤྱི་ཚོགས་ནང་གི་མི་ཚང་གཅིག་གི་རྩོད་རྙོག་འདུམ་སྒྲིག་བྱས་པ་ཡང་ཧ་ལམ་གོ་རྒྱུ་ཚོར་རྒྱུ་ཡོད་པ་མ་རེད།

    Reply
  5. ཨོ་རྒྱན་ཉི་མ། says:
    ལོ་ 12 སྔོན།

    འགྲོ་བ་མིའི་ཐོབ་ཐང་ཁང་གི་ཚགས་པར་དང་ལོ་སྔོན་མ་དག་སྙན་ཐོ་ཁ་ཤས་མཐོང་སོང་། དེ་དག་གི་ནང་གི་གང་བྱུང་མང་བྱུང་འདུག བོད་ནང་གི་བཙོན་པ་གློད་གྲོལ་བཏང་སྟེ་ལོ་གཅིག་གཉིས་ཕྱིན་ཚར་པ་དེ་འདྲ་ཡང་རྒྱ་མའི་བཙོན་ཁང་དུ་ཡོད་པ་དང་རེ་ཟུང་ལ་ཁྲིམས་ཐག་བཅད་པའི་ལོ་གྲངས་སོགས་ཀྱང་ཡར་མར་འཁྲུག་པ་མང་པོ་མཐོང་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese