ཁ་སང་སྔ་དྲོར་རྒྱ་ནག་ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་དུ་དམར་གསོད་དོན་རྐྱེན་ཞིག་བྱུང་སྟེ་མི་ ༦ བསད་ཡོད་འདུག
ཁ་སང་པེ་ཅིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༡༥ ཙམ་ལ་རྒྱ་ནག་ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་ཝུ་ཅཱ་ལེན་ཁྲོམ་ལམ་དུ། ཧེ་བྷིར་ཊོར་ཌི་དང་མེ་མེ་ཐི་ཨཱ་བྷོ་ལཱ་ཟེར་བའི་ཞིན་ཅང་གི་ཁྲོམ་ཚོང་བ་གཉིས་ཀྱི་བར་འཁྲུག་འཛིང་ཤོར་ཏེ། མི་གཅིག་དམར་གསོད་བཏང་ཡོད་པ་མ་ཟད། ལག་དམར་བྲོས་བྱོལ་དུ་འགྲོ་བའི་ལམ་བར་ནས་འགྲུལ་བ་ཚོར་གང་བྱུང་གྲི་ཡིས་བརྒྱབ་སྟེ། ཐེངས་འདིའི་དོན་རྐྱེན་ཁྲོད་ཤིན་ཅང་གི་མི་ ༢ བཅས་ཁྱོན་མི་གྲངས་ ༦ དམར་གསོད་བཏང་ཡོད་འདུག དོན་རྐྱེན་བྱུང་རྗེས་ཉེན་རྟོག་པས་ད་རེབ་ཀྱི་དོན་རྐྱེན་དང་འབྲེལ་བའི་དོགས་ཡོད་ཉེས་ཅན་ཞིག་འཛིན་བཟུང་བྱས་ཡོད་པ་དང་། ལག་དམར་རྩད་གཅོད་བྱེད་བཞིན་ཡོད་འདུག
ཁྲང་ཧྲ་དོན་རྐྱེན་བྱུང་ནས་ཆུ་ཚོད་ཁ་ཤས་ཀྱི་རྗེས་སུ། སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཁྲིན་ཞེ་ལམ་དུ་དམར་གསོད་དོན་རྐྱེན་ཞིག་བྱུང་ཡོད་པའི་གནས་ཚུལ་ཐོན་ཡོད་ཀྱང་། ཁ་སང་ཕྱི་དྲོའི་ཆུ་ཚོད་ ༥ པའི་ཐོག་ཁྲིན་ཏུའུ་གྲོང་ཁྱེར་ཉེན་རྟོག་ཁང་གིས་བརྒྱུད་ལམ་ཁག་ཏུ། ཁུལ་དེར་སྤྱི་ཚོགས་བདེ་འཇགས་ལ་གནོད་པའི་དོན་རྐྱེན་གང་ཡང་བྱུང་མེད་སྐོར་བརྗོད་ཡོད་འདུག
གཞན་ཡང་། དེ་རིང་རྒྱ་ནག་གཞུང་འབྲེལ་དྲ་བ་ཞིན་ཅིན་ཉིན་རེའི་ཚགས་པར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་སྲིད་གྲོས་སྐབས་ ༡༢ པའི་རྒྱུན་ལས་ཚོགས་འདུ་ཐེངས་ ༥ པ་གྲུབ་རྗེས། སྲིད་གྲོས་ཀྱི་མགོ་ཁྲིད་ཡས་ཀྲིན་ཧྲིན་གྱིས། རྒྱ་ནག་དབུས་མཐོ་རིམ་དཔོན་རིགས་ནང་ཁུལ་ནས་ཁུན་མེན་དམར་གསོད་དོན་རྐྱེན་སློང་མཁན་གྱི་དྲག་སྤྱོད་པ་དེ་ཚོ། ཅང་ཙེ་མེན་གྱི་ཕྱོགས་གཏོགས་ཙིན་ཆིན་ཧུང་གི་དབང་འོག་ཏུ་ཡོད་པའི་རྒྱ་ནག་དྲག་ཆས་ཉེན་རྟོག་དམིགས་བསལ་དམག་དཔུང་གི་མི་སྣ་ཡིན་པ་གཏན་འཁེལ་ཡོད་པ་དང་། ཅང་ཙེ་མེན་ཚོགས་པས་མི་རིགས་བར་འགལ་ཟླ་དང་སྤྱི་ཚོགས་ནང་འཁོན་སེམས་བསླངས་བ་དེ། ཞིན་ཅང་རང་བཙན་གྱི་སྟོབས་ཤུགས་སྐུལ་སློང་དང་མི་རིགས་འཁོན་འཛིང་ལ་འབྲེལ་བ་གང་ཡང་མེད་ཚུལ་དང་། སྤྱིར་བཏང་ཅང་ཚོགས་ཀྱིས་དུས་གཅིག་ཏུ་གྲོང་ཁྱེར་ཁག་ ༥ ནང་དོན་རྐྱེན་སློང་བའི་འཆར་གཞི་ཡོད་ཀྱང་། གྲོང་ཁྱེར་ ༤ ཡི་ནང་ལག་བསྟར་ཐུབ་མེད་སྐོར་བརྗོད་འདུག
གསར་འགོད་པ། པདྨ་མཚོ།