མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་གནས་མི་མང་བརྒྱ་ཆ་ ༩༩ མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཡིན།

བོད་ཀྱི་དུས་བབ།
༢༠༡༥/༠༤/༠༣
Share on FacebookShare on TwitterShare on EmailShare on Whatsapp

ད་ལོའི་གསུམ་བཅུའི་དུས་དྲན་ཉིན་ཨ་རིའི་ནེའུ་ཡོག་ཏུ་ལས་འགུལ་སྤེལ་ཕྱོགས་ཐོག་རྙོག་གླེང་ཞིག་བྱུང་བ་དེའི་ཐད་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ས་གནས་གཞོན་ནུའི་ཚོགས་གཙོས་ལས་མཚམས་འཇོག་དགོས་པའི་བཀོད་ཁྱབ་བཏང་བ་དེར་ས་གནས་གཞོན་ནུའི་རྒྱུན་ལས་ཚོས་ངོས་ལེན་གནང་མི་འདུག

ཟླ་སྔོན་མའི་ཚེས་ ༣༠ ཉིན། དྷ་རམ་ས་ལའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས། ནེའུ་ཡོག་དང་ནེའུ་ཇིར་སི་ས་གནས་གཞོན་ནུ་ལྷན་ཚོགས་ལ་ཡི་གེ་ཞིག་བཏང་སྟེ། འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་ཨ་རིའི་ནེའུ་ཡོག་ཏུ་རྙོག་གླེང་ཞིག་བྱུང་བ་དེར་དབུས་ནས་ཞིབ་འཇུག་བྱས་པར། ས་གནས་འབྲེལ་ཡོད་ཚོས་ལས་དོན་བྱེད་ཕྱོགས་ལ་འགན་འཁུར་གནང་མ་ཐུབ་པ་དང་། དེ་མིན་གྱི་སྐྱོན་གནས་གཞན་ཡང་ཡོད་པ་བཅས་ལ་བརྟེན་ཏེ། ནེའུ་ཡོག་དང་ནེའུ་ཇིར་སི་ས་གནས་གཞོན་ནུའི་ཚོགས་གཙོ་ངག་དབང་དཔལ་ལྡན་ལགས་ཀྱིས་ཚོགས་གཙོའི་ལས་གནས་ནས་དགོངས་པ་ཞུ་དགོས་པ་མ་ཟད། གཞོན་ནུའི་ཚོགས་མིའི་ཁོངས་ནས་ཀྱང་ཕྱིར་འཐོན་དགོས་སྐོར་བརྗོད་ཡོད་སྟབས། ཟླ་ ༣ ཚེས་ ༣༡ ཉིན་ནེའུ་ཡོག་དང་ནེའུ་ཇིར་སི་ས་གནས་གཞོན་ལྷན་རྒྱུན་ལས་ཀྱིས་དབུས་ལ་ཡི་གེ་ཞིག་བཏང་སྟེ། ད་ལོའི་གསུམ་བཅུའི་དུས་དྲན་ཉིན་གྱི་རྙོག་གླེང་དེ་ནི་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཚོགས་མི་ཡིན་ཟེར་མཁན་རེ་ཟུང་གིས་ཆེད་དུ་བཟོས་པ་ཞིག་ཡིན་པ་ལས། ས་གནས་མང་ཚོགས་བརྒྱ་ཆ་ ༩༩ རྡོག་རྩ་གཅིག་བསྒྲིལ་གྱིས་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་དབུ་འོག་དཔུང་འདེགས་བྱེད་མཁན་ཡིན་པ་དང་། ཟླ་སྔོན་མའི་ཚེས་ ༢༠ ཉིན་རྙོག་གླེང་དེའི་ཐད་ཛ་དྲག་གི་ཚོགས་འདུ་ཞིག་ཚོགས་སྐབས། མང་མོས་ཐོག་ད་ལྟའི་ཚོགས་གཙོས་དགོངས་པ་ཞུ་མི་དགོས་པའི་ཐག་གཅོད་བྱུང་ཡོད་པ། དེ་བཞིན། རྒྱུ་མཚན་ཁ་གསལ་མེད་པར་ས་གནས་ཚོགས་གཙོས་ལས་མཚམས་འཇོག་དགོས་པའི་བཀའ་ཁྱབ་བཏང་བ་ནི་གཞོན་ནུའི་སྒྲིག་གཞིར་འགལ་ཡོད་པ་མ་ཟད། གཞོན་ནུའི་འགན་འཛིན་ལྷན་ཚོགས་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་བར་འབྲེལ་བ་མི་འཇོག་རྒྱུའི་གྲོས་ཆོད་བཞག་ཡོད་ཀྱང་། ས་གནས་ཀྱི་མི་རེ་ཟུང་གིས་འབྲེལ་བ་བྱེད་ཀྱིན་ཡོད་པ་མ་ཟད། འབྲེལ་བ་བྱེད་མཁན་དེར་ཚོགས་གཙོའི་འགན་དབང་སྤྲད་པ་ནི་གྲོས་ཆོད་རྡོག་རོལ་བཏང་བ་ཞིག་ཡིན་པ། གཞན། མ་འོངས་པར་གནད་དོན་འདི་དང་འབྲེལ་ནས་གནས་ཚུལ་ག་རེ་ལྷག་ཀྱང་དབུས་གཞོན་ནུའི་རྒྱུན་ལས་ཁང་གིས་འགན་འཁུར་དགོས་སྐོར་སོགས་འཁོད་འདུག

དབུས་གཞོན་ནུའི་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ས་གནས་ལ་བཏང་བའི་ཡི་གེ་ནང་འཁོད་དོན། འདི་ལོའི་ནེའུ་ཡོག་གསུམ་དུས་གནད་དོན་དེས་ས་གནས་མི་མང་བར་རྩོད་རྙོག་གི་གླེང་གཞི་བྱུང་བ་དང་། བོད་མིའི་སྤྱི་ཚོགས་ཁྱོན་ཡོངས་སུ་བློ་ཕམ་གྱིས་གླེང་ཤུགས་ཆེ་ཇེར་འགྲོ་བཞིན་ཡོད་པ་མ་ཟད། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཐེངས་ ༩ པའི་ཐོག་བློ་ཕམ་བྱུང་བའི་གླེང་སློང་ཡང་གནང་དགོས་བྱུང་བ་དང་། གཞིས་ལུས་སྤུན་ཟླར་ཡང་བློ་ཕམ་ཡོང་གཞི་རུ་འགྱུར་ཡོད།

རྙོག་གླེང་དེ་དང་འབྲེལ་བའི་སྐོར་དེ་ག་ས་གནས་ནས་གསལ་བཤད་དགོས་པའི་ཡི་གེ་ཞིག་འབུལ་ལམ་ཞུས་དོན་ལྟར་ཡིག་ལན་དུས་ཐོག་ཏུ་གནང་འབྱོར་བྱུང་བ་དང་། འདི་ག་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གིས་དཔྱད་ཞིབ་བྱས་པ་བརྒྱུད། འདི་ལོའི་ནེའུ་ཡོག་གི་གསུམ་དུས་སྐབས་ཀྱི་གནད་དོན་ལ་ས་གཞོན་ཚོགས་གཙོ་ནས་བོད་མིའི་ཆིག་སྒྲིལ་སོགས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྩ་བའི་དམིགས་ཡུལ་དང་། ལས་དོན་བྱེད་ཕྱོགས་སོགས་ལ་འགན་འཁུར་གནང་མ་ཐུབ་པའི་དབང་གིས་འགལ་འཛོལ་སོང་ཡོད་སྟབས། འདི་ལྟ་བུའི་སྲིད་དོན་གྱི་གནད་དོན་གལ་ཆེའི་རིགས་སྒྲིག་གཞིའི་འབྲུ་དོན་ལྟར་སྤྱི་ཁྱབ་དབུས་རྒྱུན་ལས་ལ་ངེས་པར་དུ་སྙན་སེང་བཀའ་འཁྲོལ་དང་དྲི་བསྡུར་བྱ་དགོས་ཀྱང་དེ་ལྟར་གནང་མེད་པ་མ་ཟད། འདས་པའི་ལོ་ངོ་གཅིག་ལྷག་གི་རིང་ལ་ས་གཞོན་ཚོགས་གཙོས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ལམ་སྟོན་ལ་གསན་འཇོག་མ་གནང་བ་སོགས་ཀྱི་གནད་དོན་ཡང་བྱུང་ཡོད་པར་བརྟེན། འབྱུང་འགྱུར་ཐལ་ཆེའི་གནད་དོན་རིགས་མི་འབྱུང་བའི་ཆེད་དུ། ནེའུ་ཡོག་དང་ནེའུ་ཇར་སི་ས་གནས་གཞོན་ལྷན་གྱི་ཚོགས་གཙོ་ངག་དབང་དཔལ་ལྡན་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༣༠ ནས་བཟུང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༦ བར་ས་གནས་རྒྱུན་ལས་ཀྱི་ལས་གནས་དང་ཚོགས་མིའི་འགན་དབང་མཚམས་འཇོག་དགོས་རྒྱུ་དང་། ཞིབ་ཕྲའི་ཐག་གཅོད་འགན་ལྷན་ཐེངས་ ༤༦ ཐོག་ནས་གནང་རྒྱུ། ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༤ ཚེས་ ༢ གོང་ལས་གནས་དང་བཅས་པ་རྩིས་སྤྲོད་ཀྱིས་སྐབས་རྗེས་མའི་རྒྱུན་ལས་གསར་འདེམས་མ་བྱུང་བར་ས་གནས་ཚོགས་གཞོན་ནས་ཚོགས་གཙོའི་འགན་དབང་བཞེས་དགོས་པ་བཅས་ཀྱི་ཐག་ གཅོད་ཀྱི་བཀོད་ཁྱབ་དང་། སླད་མར་ཡང་དེ་གའི་ས་གཞོན་ཚོགས་མིའམ་རྒྱུན་ལས་སུ་རུང་གིས་གཞོན་ལྷན་གི་མིང་ཐོག་ནས་ཞུ་སྒོ་ཆེ་ཆུང་ཅི་རིགས་ལ་གཞོན་ལྷན་གྱི་སྒྲིག་གཞི་དང་རང་ཉིད་ཀྱི་མཆོག་གསུམ་དབང་གཙུགས་ཀྱི་ཁས་ལེན་དམ་བཅའ་ལས་མི་འགལ་བ་ངེས་པར་གནང་དགོས་པ་མ་ཟད། སྲིད་དོན་དང་འབྲེལ་བའི་ལས་དོན་གལ་ཆེའི་རིགས་ངེས་པར་དུ་སྤྱི་ཁྱབ་དབུས་རྒྱུན་ལས་ལ་སྙན་སེང་གོ་བསྡུར་ཞུ་དགོས་པའི་ནན་བརྗོད་ཞུ་རྒྱུ་ཡིན། ཞེས་བཀོད་འདུག

ཕྱི་ཚེས་ ༣༡ ཉིན་ནེའུ་ཡོག་དང་ནེའུ་ཇར་སི་ས་གནས་གཞོན་ནུས་དོན་ཚན་ ༡༠ ཅན་གྱི་གསལ་བཤད་ཡི་གེ་ཞིག་དབུས་གཞོན་ནུར་བཏང་བའི་ནང་བཀོད་དོན། ༡༽ གཞོན་ནུའི་དབུས་སྤྱི་ཁྱབ་རྒྱུན་ལས་ནས་གནས་ཚུལ་གང་སར་ཞིབ་འཇུག་མེད་པར། ང་ཚོ་ད་ལྟ་འས་གནས་ཐོག་ཡོད་པའི་ས་གནས་གཞོན་ནའི་རྒྱུན་ལས་དང་། གསུམ་དུས་གྲ་སྒྲིག་འགན་འཁུར་གནང་མཁན་ནིའུ་ཡོག་དང་ནིའུ་ཇར་སི་བོད་རིགས་སྤྱི་ མཐུན་ཚོགས་པ་དང་། ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས། ས་གནས་མདོ་ཁམས་ཆུ་བཞི་སྒང་དུག་བཅས་པར་མཐོང་ཆུང་ཁྱད་གསོད་ཀྱིས་དྲང་བདེན་ལ་ རྡོག་རོལ་བཏང་ནས། ད་བར་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་སྐྱོན་བརྗོད་ཁོ་ན་བྱེད་མཁན་ གྱི་མི་སྣའི་མངོན་འདོད་ལ་རྒྱབ་སྐྱོར་གྱིས་ས་གནས་ཚོགས་གཙོ་གནས་དབྱུང་བཏང་བ་དང་། སྔོན་ཚུད་ནས་གྲ་སྒྲིག་གིས་དེ་ཉིན་ཆེད་མངགས་རྙོག་ཟིང་སློང་མཁན་དང་། ལོག་པའི་དྲིལ་བསྒྲགས་བྱེད་མཁན་གྱི་གང་བཤད་ལ་ཆ་འཇོག་གིས་ཁོ་ཚོའི་རྒྱབ་ཏུ་ ལངས་པ་ནི། གཞིས་བྱེས་བོད་མི་སྤྱི་དང་། ལྷག་པར་ནིའུ་ཡོག་དང་ནིའུ་ཇར་སི་མངའ་ཁུལ་དུ་ཡོད་པའི་རྒྱལ་ཞེན་ལྷག་བསམ་ཅན་གྱི་བོད་མི་ཡོངས་རྫོགས་ཐུགས་ཕམ་གྱུར་གཞི་ལས་མ་འདས།

༢༽ འདི་ག་ས་གནས་རྒྱུན་ལས་ཀྱི་མིང་ཐོག་ནས་ ༢༠༡༥ ལོའི་ཟླ་ ༣ ཚེས་ ༢༩ ཉིན་དབུས་ལ་ཡིག་ལན་ཕུལ་གནས་ནང་། ད་ལམ་རྙོག་གླེང་གང་བྱུང་བ་དེ་དག་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཚོགས་ མི་ཡིན་ཟེར་བ་སོགས་འགའ་ཞིག་གིས་ཆེད་མངགས་བཟོས་པ་ལས། ནིའུ་ཡོག་དང་ནིའུ་ཇར་སི་ཁུལ་གྱི་སེར་སྐྱ་མི་མང་བརྒྱ་ཆ་༩༩ མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་འོག་དཔུང་འདེགས་ཞུ་མཁན་ཤ་སྟག་ཡིན་པས་ ཐུགས་དོགས་གནང་མི་དགོས་པ་དང་། གསུམ་བཅུའི་དུས་དྲན་གྱི་བྱུང་རྐྱེན་སྐོར་རིང་མིན་ཟླ་ ༤ ཚེས་ ༤ ཉིན་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་དང་། བྱང་ཨ་རིའི་སྤྱི་འཐུས་བཀྲིས་རྣམ་རྒྱལ་ལགས། དེ་བཞིན་བྱང་ཨ་རིའི་སྤྱི་འཐུས་ནོར་བུ་ཚེ་རིང་ལགས་བཅས་དབུ་བཞུགས་ཐོག་ཚོགས་པ་ དྲུག་གི་རྒྱུན་ལས་རྣམས་ཚོགས་འཛོམས་སར་སྦྱང་བཤད་ཀྱིས་དགེ་འདོན་སྐྱོན་སེལ་ གནང་གཏན་འཁེལ་བ་བཞིན་མཐའ་བསྡོམས་གནས་ཚུལ་གང་བྱུང་ཆད་ལུས་མེད་པ་དབུས་སྤྱི་ ཁྱབ་རྒྱུན་ལས་རྣམ་པར་སྙན་སྒྲོན་ཆོག་པ་ཞེས་གསལ་པོ་བཀོད་ཡོད་ཀྱང་། སྐུ་ཚབ་དོན་གཅོད་དང་། བྱང་ཨ་རིའི་སྤྱི་འཐུས་རྣམ་གཉིས་ཀྱི་ཞིབ་འཇུག་གནང་རྒྱུའི་ལས་འཆར་ལ་ཡིད་ཆེས་ མ་གནང་བར་བློ་ཕམ་ཆེ་གཤིས། ཞིབ་འཇུག་བྱེད་རྒྱུར་ཉིན་ཞག་བཞི་ལས་མེད་པ་སྒུག་མི་ཐུབ་པའི་རྒྱུ་མཚན་ཡིག་ ཐོག་གསལ་བཤད་ཡོད་པ་ཞུ།

༣༽ དབུས་ཀྱི་ཕྱག་བྲིས་ནང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་ཐེངས་དགུ་པའི་ཐོག་ བློ་ཕམ་བྱུང་བའི་གླེང་སློང་བྱུང་ཚུལ་གསུངས་པ་ནི་ཕྱོགས་གཅིག་གི་གནས་ཚུལ་ཡིན་ ཞིང་། སྐབས་དེར་ས་གནས་ས་ཐོག་ཏུ་ཕེབས་ནས་གནས་ཚུལ་ཡོངས་རྫོགས་ཇི་མ་ཇི་བཞིན་དུ་ མཁྱེན་པ་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གི་གསལ་བཤད་དང་། བྱང་ཨ་རིའི་བོད་མིའི་གནས་སྟངས་ལ་དུས་རྒྱུན་རྟོག་ཞིབ་གནང་མཁན་སྤྱི་འཐུས་ གཉིས་ཡོད་པ་ནས་སྤྱི་འཐུས་བཀྲིས་རྣམ་རྒྱལ་ལགས་སྐབས་དེར་ནིའུ་ཡོག་ཏུ་ཕེབས་ནས་ གནས་ཚུལ་ཆ་ཚང་མཁྱེན་གྱི་ཡོད་ཀྱང་། སྐུ་གཟུགས་བདེ་མིན་གྱིས་ཚོགས་ཆེན་དུ་ཕེབས་མ་ཐུབ་པས་སྤྱི་འཐུས་ནོར་བུ་ཚེ་ རིང་ལགས་ཀྱིས་གསལ་བཤད་མཐིལ་ཕྱིན་གནང་བ་དེ་དག་ལ་བརྩི་འཇོག་མེད་པར་རྡོག་རོལ་ གཏོང་རྐྱང་གནང་བར་བློ་ཕམ་ཡོད།

 ༤༽ ཡང་དབུས་ཀྱི་ཕྱག་བྲིས་ནང་། འདི་ལོའི་ནིའུ་ཡོག་གི་གསུམ་དུས་སྐབས་ཀྱི་གནད་དོན་ལ་ས་གཞོན་ཚོགས་གཙོ་ནས་བོད་ མིའི་ཆིག་སྒྲིལ་སོགས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྩ་བའི་དམིགས་ཡུལ་དང་། ལས་དོན་བྱེད་ཕྱོགས་སོགས་ལ་འགན་འཁུར་གནང་མ་ཐུབ་པའི་དབང་གིས་འགལ་འཛོལ་བྱུང་ ལུགས་དང་། འདས་པའི་ལོ་ངོ་གཅིག་ལྷག་རིང་ས་གཞོན་ཚོགས་གཙོས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ གི་ལམ་སྟོན་གསན་འཇོག་མ་གནང་བ་སོགས་བཀོད་པར་ང་ཚོ་ས་གནས་རྒྱུན་ལས་ནས་ངོས་ལེན་ རྩ་བ་ནས་ཞུ་ཐབས་མེད། གང་ལགས་ཟེར་ན། ད་ཕན་ང་ཚོ་ས་གནས་རྒྱུན་ལས་ནས་ལས་དོན་ཆེ་འབྲིང་ཆུང་གསུམ་གཞོན་ནུའི་སྒྲིག་ གཞི་དང་། མང་གཙོའི་འགྲོ་ལུགས་དང་མཐུན་པར་གྲོས་བསྡུར་སྦྱང་བཤད་ཀྱིས་སྤྱི་མོས་སམ་མང་ མོས་ཀྱི་ཐོག་ནས་ཐག་གཅོད་བྱས་པ་ཁོ་ན་ལས། ཚོགས་གཙོ་མི་སྒེར་གཅིག་གིས་རང་འཚམས་ཐག་གཅོད་བྱས་རིགས་རྩ་བ་ནས་མེད་པ་དེས་ནས། ཚོགས་གཙོ་བྱེ་བྲག་པར་སྐྱོན་འཛུགས་དགོས་དོན་གང་ཡང་མ་མཐོང་ཞིང་། ལར་ནས་དབུས་ནས་ཚོགས་གཙོ་ལས་མཚམས་འཇོག་དགོས་པའི་བཀོད་ཁྱབ་དེ་གཞོན་ནུའི་ ཁྲིམས་དང་སྒྲིག་གཞི་གང་ལ་གཞི་བཟུང་ནས་ཐག་གཅོད་གནང་བ་ཡིན་ནམ། ཉེ་ཆར་ཕྱི་ཟླ་ ༣ ཚེས་ ༢༠ ཉིན་ས་གནས་སུ་ཛ་དྲག་ཚོགས་འདུའི་སྐབས་ཚོགས་མི་རེ་ཟུང་ནས་ཚོགས་གཙོ་དགོངས་ཞུ་ དགོས་ཚུལ་བསམ་འཆར་བཏང་བར་རྒྱུན་ལས་གྲོས་བསྡུར་གྱིས་དགོངས་ཞུ་མི་དགོས་པའི་ མང་མོས་ཐག་གཅོད་ཀྱིས་གྲོས་ཆོད་བཞག་པ་དེར། དབུས་ནས་བརྩི་མེད་ཀྱིས་རྒྱུ་མཚན་དང་སྒྲིག་གཞི་ཁ་གསལ་མེད་པར་ལས་དོན་མཚམས་ འཇོག་དགོས་པའི་བཀོད་ཁྱབ་གནང་བར་ངོས་ལེན་ཞུ་ཐབས་མེད། ཅི་སྟེ་དབུས་ནས་དཔྱད་ཞིབ་གནང་ཡོད་ན། དབུས་ཀྱི་ཚོགས་གཙོ་ས་གནས་སུ་ཕེབས་སྟེ་རྒྱུན་ལས་དང་མང་ཚོགས་ནང་གསལ་བཤད་མཐིལ་ ཕྱིན་པ་གནང་བའི་རེ་འབུལ་ཞུ་རྒྱུ་ཡིན། ལྷག་པར་ང་ཚོས་ད་བར་ལས་དོན་ཆེ་འབྲིང་ཆུང་གསུམ་གང་འདྲ་ཞིག་ཡིན་ཡང་། གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་གཞིའི་དམིགས་ཡུལ་དོན་ཚན་དང་པོ་གཞི་ལ་བཞག་པའི་ ཐོག་ནས་ལག་ལེན་བསྟར་བ་ཤ་སྟག་ཆགས་ཀྱི་ཡོད་པས། དེ་ལ་ནོར་འཁྲུལ་གཟིགས་པར་ང་ཚོ་བློ་ཕམ་ཡོད། གལ་ཏེ་གཞོན་ནུའི་སྒྲིག་གཞིའི་དམིགས་ཡུལ་དང་པོ་དེ་འགྲིགས་ཀྱི་མེད་པ་དང་དབུས་ ནས་བརྩི་འཇོག་ཞུ་མི་དགོས་པ་ཞིག་དགོངས་ཀྱི་ཡོད་ན། སྒྲིག་གཞིར་འགྱུར་བ་གཏོང་དགོས་པ་མ་ཟད། ང་ཚོར་ཡང་ཡིག་ཐོག་ཏུ་ངེས་གནང་ཡོད་པ་ཞུ།

༥༽ འབྲོང་བསད་པ་མ་ཚད་རྔ་མའི་རྒྱལ་མཚན་གྱི་དཔེ་ལྟར་ས་གནས་མི་དམངས་ཀྱིས་འོས་ འདེམས་བྱས་པའི་ང་ཚོ་རྒྱུན་ལས་མི་ངོ་གསོན་པོ་རྣམས་དང་འོས་བསྡུ་བ་ནིའུ་ཡོག་ དང་ནིའུ་ཇར་སི་གཉིས་ཀྱི་ཚོགས་མི་ཡོད་བཞིན་དུ། དབུས་ནས་ས་གནས་ཚོགས་གཙོའི་ལས་གནས་མཚམས་འཇོག་ཡིན་ཟེར་བར། ས་གནས་གཞོན་ནུ་དང་མི་མང་ལ་མཐོང་ཆུང་བྱས་པར་ངོས་འཛིན་བྱེད་ཀྱིན་ཡོད། ལྷག་པར་དུའང་སྐབས་རྗེས་མའི་རྒྱུན་ལས་གསར་འདེམས་མ་བྱུང་བར་ས་གནས་ཚོགས་གཞོན་ ངག་དབང་བཀྲིས་ལགས་ནས་ཚོགས་གཙོའི་འགན་དབང་ལེན་དགོས་པའི་བཀོད་ཁྱབ་བཏང་བ་ནི། དེ་བས་ཀྱང་ང་ཚོར་མཐོང་ཆུང་དང་སྒྲིག་གཞིར་རྩིས་མེད་བཏང་བར་ངོས་འཛིན་བྱེད་ ཀྱི་ཡོད། སྐབས་བཅོ་ལྔ་པའི་གཞོན་ནུའི་ཚོགས་ཆེན་སྐབས་ཀྱི་གྲོས་ཆོད་ནང་བོད་ཀྱི་གཞོན་ནུ་ ལྷན་ཚོགས་དང་། བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་གཉིས་བར་འབྲེལ་བ་མེད་ལ་མ་འོངས་པ་ལ་ཡང་འབྲེལ་ བ་གཏན་ནས་འཇོག་རྒྱུ་མིན་པ་ཚོགས་ཆེན་དེ་ཐོག་ནས་ཐག་གཅོད་བྱུང་ཞེས་གསལ་པོ་འཁོད་བཞིན་དུ་ནིའུ་ཡོག་ཏུ་གོང་གསལ་ཚོགས་པའི་ལས་འགུལ་སྔ་རྗེས་ལ་ངག་དབང་ བཀྲིས་ཀྱིས་དངོས་སུ་ཞུགས་ནས་གཏམ་བཤད་ཀྱང་བྱས་ཡོད་པ་མ་ཟད། ༧གོང་ས་མཆོག་ལ་དངོས་ཤུགས་བརྒྱུད་གསུམ་དུ་ཟུར་ཟ་དང་མཚན་སྨད་ཞུ་མཁན་གྱི་མི་ སྣ་དང་ཚོགས་པར་རྒྱུན་དུ་འབྲེལ་བ་བྱེད་ཀྱི་ཡོད་པ་མཁྱེན་བཞིན་དུ་ཚོགས་གཙོའི་ འགན་དབང་སྤྲད་པ་ནི་དབུས་ནས་ཚོགས་ཆེན་གྱི་གྲོས་ཆོད་ལ་རྩིས་མེད་རྡོག་རོལ་བཏང་ བ་ཞིག་རེད།

༦༽ ད་དུང་ཐེར་འདོན་བྱེད་རྒྱུར་དབུས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ནས་ ཀྱང་གོང་གསལ་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཟེར་བའི་ཚོགས་མི་རྒྱུན་དུ་༧གོང་ ས་མཆོག་ལ་དངོས་ཤུགས་བརྒྱུད་གསུམ་དུ་ཟུར་ཟ་དང་མཚན་སྨད་ཞུ་མཁན་དེ་ཚོར་དངོས་ སུ་འབྲེལ་བ་བྱས་པ་དང་། ངག་དབང་བཀྲིས་བརྒྱུད་ང་ཚོ་ས་གནས་གཞོན་ནུའི་རྒྱུན་ལས་ཀྱི་མཐུན་ལམ་གཏོར་བཤིག་ ཆེད་ལྐོག་གྲོས་ངན་གཡོའི་ལས་འགུལ་ནང་ཞུགས་པ། ལྷག་པར་༧གོང་ས་མཆོག་ལ་ཟུར་ཟ་དང་མཚན་སྨད་ཞུ་མཁན་དེ་རྣམས་ཀྱིས་ས་གནས་ཚོགས་ གཙོས་༧གོང་ས་མཆོག་གི་བཀའ་སློབ་ལ་བརྩི་བཀུར་དགོས་པའི་གཏམ་བཤད་ལ་མི་དགའ་བར་ ཚོགས་གཙོའི་ལས་འགན་ནས་དགོངས་ཞུ་དགོས་འདུན་སྔ་ཕྱི་བར་གསུམ་བཏོན་པར་དབུས་ ཚོགས་གཙོས་དངོས་སུ་རྒྱབ་སྐྱོར་གྱིས་ད་ཆ་ཁོ་ཚོའི་འདོད་དོན་སྒྲུབ་པ་འདི་ནི། དབུས་ཀྱི་གྲོས་ཆོད་དང་རྩ་འཛིན་ཁྲིམས་གཞིའི་ཡིག་ཆའི་འབྲུ་དོན་ལ་རྩ་འགལ་ཡིན་པར་མཐོང་གི་འདུག

༧༽ རྒྱ་གར་ལྷོ་ཕྱོགས་ཀྱི་ས་གཞོན་ཆེ་ཁག་དབུས་པའི་ས་གནས་གལ་འགངས་ཆེན་པོ་བརྒྱད་ ཀྱི་གཞོན་ནུ་ལྷན་ཚོགས་ནས་༧གོང་ས་མཆོག་གི་བཀའ་སློབ་ལམ་་སྟོན་གཞིར་བཟུང་ཤར་ བསྐྱོད་དང་དབུས་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་ཞུ་རྒྱུའི་དགོས་འདུན་ སྟོན་པ་འདི་ལ་དབུས་གཞོན་ནུ་ལྷན་ཚོགས་ཀྱི་རྒྱབ་སྐྱོར་ཞུ་རྒྱུའི་ཚབ་ལ། དེ་ལས་ཟློག་སྟེ་གཞོན་ནུའི་སྒྲིག་འཛུགས་ནས་ཕྱིར་འབུད་བཏང་བའི་ལེ་ཁག་དང་ཆབ་ སྲིད་ཀྱི་ནག་ཉེས་དེ་དབུས་སྤྱི་ཁྱབ་ཀྱི་ཚོགས་གཙོར་ཡོད།

༨༽ ༢༠༡༤ ལོའི་ཟླ་ ༡༡ ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནིའུ་ཡོག་ཏུ་ཆིབས་བསྒྱུར་བཀའ་དྲིན་ཆེ་ བའི་གོ་སྐབས་དང་བསྟུན་ས་གནས་གཞོན་ནུ་ལྷན་ཚོགས་ནས་གཞོན་ནུའི་སྒྲིག་གཞིའི་ དམིགས་ཡུལ་དོན་ཚན་དང་པོའི་དགོངས་དོན་གཞི་བཟུང་བཀའ་སྲུང་ཅི་སྒྲུབ་ཞུ་རྒྱུའི་ སྙན་ཞུ་ཕུལ་བར་དབུས་ནས་མ་འཐུས་པའི་རྣམ་འགྱུར་དང་སྡིག་རའི་བཀའ་རྩད་ཕེབས་པ་མ་ ཟད། དབུས་ཚོགས་གཙོ་སྔ་ལོ་ནིའུ་ཡོག་ཏུ་ཕེབས་སྐབས་མི་མང་ལ་ཁུངས་ལུང་མེད་པའི་གཏམ་འཆལ་གྱི་གསུང་བཤད་གནང་བའི་རྒྱུ་རྐྱེན་ལ་བརྟེན་ནས། ས་གནས་སུ་མི་མང་ནང་ཁུལ་རྙོག་འཛིང་བྱུང་བ་དང་། དུས་དེ་ནས་བཟུང་རྒྱུན་ལས་ཚོགས་མི་ནང་ཁུལ་ཡང་བསམ་ཚུལ་མ་མཐུན་པའི་དཀའ་ངལ་བྱུང་བ་འདི་སྐོར་བརྙན་པར་ར་སྤྲོད་བྱ་རྒྱུ་ཡོད་ཀྱང་། བོད་མིའི་ཆིག་སྒྲིལ་དང་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ལ་བསམ་ནས་བཟོད་ སྒོམ་དང་། མང་ཚོགས་ལ་བརྡབ་གསིག་མི་འབྱུང་བ་གཙོ་དོན་བྱས་ཡོད། ལྷག་པར་དེ་རིང་གི་ཕྲག་བྲིས་ནང་ད་བར་དབུས་ཀྱི་ལམ་སྟོན་ལ་གསན་འཇོག་གནང་མ་སོང་ གསུངས་པ་དེ་ནི་བདེན་པ་མིན་པའི་སྐྱག་རྫུན་ཁོ་ན་རེད། འབྱུང་འགྱུར་འདི་འདྲ་སུ་ལའང་མི་གནང་བའི་འབོད་སྐུལ་ཞུ་གི་ཡོད།

༩༽ གོང་གསལ་གསུམ་བཅུའི་དུས་དྲན་གྱི་བྱུང་རྐྱེན་སྐོར་འདི་ལོ་ཟླ་ ༤ ཚེས་ ༤ ཉིན་སྐུ་ཚབ་དོན་གཅོད་མཆོག་དང་བཀུར་འོས་བྱང་ཨ་རིའི་སྤྱི་འཐུས་རྣམ་གཉིས་དབུ་ བཞུགས་ཐོག་ཚོགས་པ་དྲུག་གི་རྒྱུན་ལས་ཚོགས་འཛོམས་སར་སྦྱང་བཤད་དགེ་འདོན་སྐྱོན་ སེལ་གནང་གཏན་འཁེལ་བ་བཞིན་མཐའ་བསྡོམས་ལ་ང་ཚོས་གུས་བརྩི་ཞུ་རྒྱུ་ཡིན་རུང་། ད་ཆ་དེ་གའི་བཀོད་ཁྱབ་ལ་བརྟེན་ནས་ཚོགས་འདུར་འགོག་རྐྱེན་རྙོག་ཟིང་བྱུང་ཚེ་དེའི་ལེ་ཁག་དབུས་ལ་ཡོད་པས་འགན་བཞེས་གནང་དགོས།

༡༠༽ ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་གཞོན་ནུའི་སྐབས་རྗེས་མའི་རྒྱུན་ལས་འོས་ བསྡུའི་ཐད་ཟླ་ ༤ ཚེས་ ༡༢ ཉིན་བྱེད་རྒྱུར་རྒྱུན་ལས་ཚོགས་འདུའི་གྲོས་ཆོད་དགོངས་དོན་གཏན་འབེབས་གསལ་ བསྒྲགས་བྱས་ཟིན་པ་ལྟར། ས་གནས་གཞོན་ནུའི་འགན་དབང་འོས་ཐོན་རྒྱུན་ལས་གསར་པར་བཀྲིས་ལོ་ལེགས་ངང་རྩིས་ འབུལ་ཞུ་འཆར་ཡིན་ཡང་། ད་ཆ་དབུས་ཀྱི་ཁུངས་མེད་ཕྱག་བྲིས་ལ་བརྟེན་ནས་འོས་བསྡུ་བྱེད་མ་ཐུབ་པའམ་གླེང་ རྙོག་བྱུང་ན་དེའི་འགན་དབང་ཆ་ཚང་དབུས་ནས་བཞེས་དགོས། མཐའ་དོན་དབུས་གཞོན་ནུ་ལྷན་ཚོགས་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་ གཞིའི་ལེ་ཚན་བཞི་པ་དམིགས་ཡུལ་གྱི་དོན་ཚན་དང་པོ་ནང་གསལ་ ༼གཞིས་བྱེས་བོད་མི་ཡོངས་ཀྱི་བློ་གཏད་བཅོལ་ཡུལ་གཅིག་ཉིད་༧གོང་ས་༧སྐྱབས་མགོན་ ཆེན་པོའི་དབུ་ཁྲིད་ལམ་སྟོན་ཡང་དག་མུན་སེལ་འོག་ཤར་བསྐྱོད་བྱ་རྒྱུ་ཁས་ལེན་དམ་ བཅའ་བཞག་རྒྱུ༽ཞེས་འཁོད་ཡོད་པ་དེ་འགྲིཊ་པ་ཡིན་ན་ང་ཚོས་ད་བར་ལས་དོན་གང་ བརྩམས་ཡོད་པར་ནོར་འཁྲུལ་བརྟན་ནས་མེད། གལ་སྲིད་དམིགས་ཡུལ་དོན་ཚན་དང་པོ་ཞི་བཟུང་ལས་འགུལ་སྤེལ་བར་དབུས་ནས་ནོར་འཁྲུལ་དུ་གཟིགས་ཀྱི་ཡོད་ན། ས་གཞོན་ལ་དབུས་ནས་ཡིག་ཐོག་ཏུ་འབྲེལ་བཤད་ཡོད་པ་ཞུ། ཞེས་སོགས་འཁོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 9

  1. སྣང་རྒྱལ་ཤེར་དགེ says:
    ལོ་ 10 སྔོན།

    རང་བཙན་ལྷན་ཚོགས་ལ་གཞོན་ནུ་ལྷན་ཚོགས་ནས་འབྲེལ་བ་མི་བྱེད་རྒྱུ་དམ་བཅའ་བྱས་པ་དེ་དངོས་གནས་ཧ་གོ་དཀའ་བ་ཞིག་རེད། ལྟ་བ་དང་དམིགས་ཡུལ་གཅིག་པ་ཡིན་བཞིན་དུ་ཅིའི་ཕྱིར་འདི་ལྟར་དམ་དྲག་བྱས་པ་རེད་དམ། གཞན་ཡང་དབུ་མ་དང་རང་བཙན་པའི་འཐབ་རྩོད་འདི་མུ་གེའི་སྒང་ལ་ཟླ་ལྷག་རེད། ཕྱི་ནས་དགྲ་བོས་སྒོ་རྡུང་དུས་ནང་ནས་ཕུ་ནུས་ནང་དམེ་བྱེད་པ་འདི་ལས་སྐྱོ་བ་ཞིག་གང་ན་ཡོད། ཆབ་སྲིད་མི་ཤེས་པའམ་ཆབ་སྲིད་མི་དགོས་མཁན་མང་པོ་ཞིག་ཆབ་སྲིད་ཀྱི་ཁྲི་ལ་བཞག་ན་ཡོང་རྒྱུ་འདི་ལས་མེད། ང་ནི་རྦད་དེ་ཐང་ཆད་སོང་།

    Reply
  2. གནས་ཚང་། says:
    ལོ་ 10 སྔོན།

    ད་ག་རེ་བཤད་དགོས་པ་ཤེས་ཀྱི་མི་འདུག ཚིག་རྩུབ་དྲག་ན་དུས་བབ་ལ་གནོད་པ་ཡོད་ས་རེད། ཚིག་འཇམ་དྲག་ན་བོད་མི་མང་ལ་བསམ་འཆར་ཡོད་ས་རེད། དབུ་མའི་ལམ་ག་བ་འདུག ཕྱོགས་སུ་མ་ལྷུང་པའི་དབུ་མའི་ལམ་ཞིག་སུ་ཡིས་བསྐྱར་གསོ་གནང་ཐུབ་བམ།

    Reply
  3. སྐལ་བཟང་རྣམ་རྒྱལ། says:
    ལོ་ 10 སྔོན།

    བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཉིས་ལྟ་གྲུབ་གཅིག་པ་ཡིན་ནའང་སྲིད་བྱུས་ལ་ཁྱད་པར་ཡོད་པ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཚོགས་པ་རྙིང་པ་ཡིན་ནའང་རྒྱལ་ཡོངས་རང་བཙན་ལྷན་ཚོགས་དབུ་བདེ་བར་བརྟེན་དེ་སྔོན་ལྟ་བ་གཅིག་པའི་ཚོགས་པ་གཉིས་ལག་གདང་སྦྲེལ་བའི་རྐྱེན་གྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་གོད་ཆག་འགའ་ཤས་བྱུང་བ་རེད། དེ་སྔོན་ཚོགས་ཆེན་ལ་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་དང་འབྲེལ་བ་མི་བྱེད་པའི་དམ་འཇོག་ཅིག་གནང་ཡོད་པ་རེད། དེའི་གཞི་རྩའི་ཐོག་ནས་ད་རེས་གསུམ་དུས་སྐབས་བྱང་ཨ་རིའི་ས་གཞོན་ཚོགས་གཙོ་དང་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཚོགས་མི་འགའ་ཤས་གདོང་ཐུག་བྱུང་འདུག སློབ་ཕྲུག་རང་བཙན་ཚོགས་པ་ནི་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་སྲིད་བྱུས་འོག་དབུ་འོག་དཔུང་འདེགས་ཞུ་གི་ཡོད་པས་ད་རེས་འབྲེལ་བ་ཆགས་པ་འདྲ། གང་ལྟར་ཡང་གནད་དོན་འདི་གཞོན་ལྷན་དབུས་ས་གཉིས་ནས་སྒྲིག་གཞི་དང་རྩ་འཛིན་ལམ་སྟོན་གྱི་ཡིག་ཆ་མང་པོ་ལ་གཞི་བཅོལ་ནས་ནང་ཁུལ་ཐག་གཅོད་བྱས་ན་ལེགས། འདི་ནི་རང་བཙན་དང་དབུ་མའི་རྩོད་གཞི་ཞིག་མིན་པས་ང་ཚོས་དེར་འབྲེལ་བ་བཏགས་ནས་བཤད་ན་དགོས་པ་མེད་པ་མ་ཟད། དགྲ་དགའ་གཉེན་སྡུག་ལ་འགྲོ་ཉེན་ཡོད། གལ་སྲིད་ལ་ལའི་ཕྱག་ལས་དེ་རང་ཡིན་ན་ངས་གང་ཡང་ཞུ་རྒྱུ་མིན།

    Reply
  4. འབྲོང་བུ་སོག་ཚ། says:
    ལོ་ 10 སྔོན།

    ས་གནས་མི་མང་གིས་ངོས་ལེན་ཆ་ཚང་ཡོད་མེད་སུས་ཤེས། དེ་ལས་འོས་ཤོག་བླུག་ན་ཏག་ཏག་རེད། རྐུན་མས་ང་རྐུན་མ་ཡིན་ནམ་ཡང་མི་ཟེར།

    Reply
  5. འགྲུལ་བཞུད་པ། says:
    ལོ་ 10 སྔོན།

    བསྟན་ནམ་ནས་ཡག་པོ་གསུངས་འདུག གཞོན་ནུ་ལྷན་ཚོགས་ལ་ཞུ་རྒྱུར། གཞོན་ལྷན་རྒྱུག་རྒྱུག་སྡོད་རོགས། ཁྲེལ་མེད་ལས་ཀ་བྱེད་རོགས། གཞོན་ལྷན་གཏོར་བཤིག་གཏོང་རོགས། ༧གོང་ས་མཆོག་ལ་འཕྱ་སྨོད་བྱེད་རོགས། གཞན་གྱི་རྒྱུག་ཁྱི་བྱེད་རོགས།
    དེ་ནས་མཐའ་དོན་ཞུ་རྒྱུར། ཚོགས་མིའི་ཁོངས་ནས་དོན་རོགས། དེ་མིན་ཟིང་ཆ་ལང་ཡོང་།

    Reply
  6. བདེན་སྐྱོང་། says:
    ལོ་ 10 སྔོན།

    ད་ཐེངས་དབུས་གཞོན་ལྷན་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཙང་སེལ་གྱིས་གཞོན་ལྷན་ནང་ཁུལ་དང་སྤྱི་ཚོགས་དཀྲུགས་ཤིང་གི་བྱེད་པོ་དག་ཐེར་འདོན་གྱིས་བོད་སྤྱིའི་བདེན་དོན་འཐབ་རྩོད་ལ་སྨན་པའི་ཐག་གཅོད་ཡག་པོ་ཞིག་གནང་འདུག་པར་དཀྲིན་བླ་མེད་དུ་ཆེ་ཞུ་རྒྱུ་དང་། ད་དུང་མི་ངན་ངག་དབང་དཔལ་ལྡན་འདྲ་བ་རེ་ཟུང་ཡོད་པ་རྣམས་གཅིག་ཀྱང་མ་ལུས་པ་ལས་གནས་མཚམས་འཇོག་ཙམ་མ་ཡིན་པར་དུས་གཏན་དུ་ཕྱིར་ཕུད་བྱ་རོགས་གནང་ཅེས་ངས་འབོད་སྐུལ་ཐ་གཅིག་ཏུ་ཞུ་རྒྱུ་ཡིན།
    དེ་དང་མཉམ་དུ་བརྗོད་འདོད་པ་ནི། ནིའུ་ཡོག་ས་གཞོན་ཡིན་ཟེར་བའི་མི་ལྔའི་མཚན་རྟགས་འཁོད་པའི་ཡི་གེ་རིང་པོ་དེའི་ནང་གནས་ཚུལ་མང་པོ་ཞིག་འཁོད་འདུག་ཀྱང་ངས་ལྟས་ན་དེ་དག་ཚང་མ་ཁུངས་སྐྱེལ་དང་བདེན་པ་མེད་པའི་གནས་ཚུལ་ཤ་སྟག་ཞིག་ཏུ་མཐོང་། གལ་སྲིད་མཚན་རྟགས་འགོད་མཁན་མི་ལྔ་དེར་རྒྱུ་མཚན་ཁུངས་ལྡན་ཡོད་ཚེ་དབུས་གཞོན་ལྷན་གྱི་ཡི་གེའི་ནང་གསལ་བ་ལྟར་ཞིབ་ཕྲའི་ཐག་གཅོད་འགན་འཛིན་ལྷན་ཚོགས་ཐོག་ནས་གནང་རྒྱུ་ཅེས་གསལ་བ་ལྟར་། ངེས་པར་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐོག་ཡོང་ནས་ཁུངས་སྐྱེལ་བྱས་ན་ད་ཟོད་གཞི་ནས་ངེས་པ་བརྙེད་ངེས་རེད་མ་གཏོགས། ངས་མི་ངན་དེ་དག་གི་སྐད་ཆར་ཡིད་ཆེས་ཞིག་རྩ་བ་ནས་མེད། ངའི་རེ་བ་གཅིག་རང་ཡོད་པ་ནི་མཚན་རྟགས་འཁོད་པའི་མི་ལྔ་པོ་དེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ནས་རྩ་དགོངས་ཞུས་ཏེ། དབུ་མའི་ལམ་གྱི་ཚོགས་པ་ཞིག་འཛུགས་རོགས་བྱེད་ཅེས་འབོད་སྐུལ་ཞུ་རྒྱུ་དང་། རང་ཉིད་ཀྱི་འདོད་མོས་སམ་ལངས་ཕྱོགས་དང་མཚམས་པའི་ཚོགས་པ་ཞིག་བཙུགས་ཏེ་ལྷག་བསམ་རྣམ་དག་གིས་ལས་ཀ་བྱས་ན་ངས་ཚོགས་པ་དེ་གསར་འཛུགས་བྱེད་རྒྱུའི་མ་དངུལ་ཕྱེད་ཀ་གཏོང་ངེས་ཡིན། དེ་མིན་རང་ཉིད་དང་ལངས་ཕྱོགས་མ་མཐུན་པའི་ཚོགས་པ་ཞིག་གི་ནང་ཨུ་ཚུགས་ཀྱིས་བསྡད་ནས་ཚོགས་པའི་སྒྲིག་གཞི་དམིགས་ཡུལ་ལ་རྩིས་མེད་གཏོང་བའི་བྱེད་བབ་དེ་དག་ནི་དམིགས་ཡུལ་ཅི་ཞིག་ཡིན་ནམ་སྙམ་པའི་ཚོར་བ་ཡང་ཡོང་གི་འདུག

    Reply
  7. བསྟན་རྣམ། says:
    ལོ་ 10 སྔོན།

    བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལྷོ་ཕྱོགས་ཀྱི་ས་གནས་གཞོན་ནུའི་རུ་ཁག་བརྒྱད་དེ་སྔོན་ནས་ཕྱིར་འཕུད་བཏང་སོང་། ད་རེས་ནིའུ་ཡོག་ས་གནས་གཞོན་ནུ་ཕྱིར་འཕུད་གཏོང་གིན་འདུག འདིའི་རྗེས་མར་གཏན་གཏན་ལྡི་ལི་དང་རྡ་རམ་ས་ལའི་ས་གནས་གཞོན་ནུ་ཕྱིར་འཕུད་གཏོང་གི་རེད། ཚང་མ་འཕུད་ཚར་རྗེས་ཤུལ་ནས་འདུག་མཁན་དེ་སུ་ཡིན་ཟེར་ན། དབུས་གཙང་སྤྱི་འཐུས་ཀརྨ་ཡེ་ཤེས་དང་སྙན་ངག་པ་ལྷ་བཟང་ཚེ་རིང་། གཞོན་ནུའི་དབུས་རྒྱུན་ཟུར་བ་དོན་གྲུབ་ལྷ་དར། རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཟེར་བའི་ཚོགས་གཙོ་ཆོས་ལྡན་ལྷ་རྒྱལ། མདོ་སྟོད་སྤྱི་འཐུས་ཟེར་རྟ་ཚུལ་ཁྲིམས། བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་སོགས་ཡིན་ངེས། འདི་ནི་ལྷའི་ལུང་བསྟན་ཡིན་ལ། ལྐོག་ཏུ་ཡིབ་པའི་དོན་དངོས་ཀྱང་ཡིན་ནོ།།

    Reply
  8. འགྲུལ་བཞུད་པ། says:
    ལོ་ 10 སྔོན།

    བོད་ཀྱི་གཞོན་ནུ་ལྷན་ཚོགས་སོ་སོའི་སྡོད་སར་མ་བསྡད་པར་མིག་ལོང་བ་བཞིན་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཟེར་བའི་ཚོགས་ཆུང་དེའི་རྐུབ་གཡོག་རྒྱུག་ཆེ་བའི་དབང་གིས་ད་གཟོད་སོ་སོའི་སྒོ་ལ་བརྡོ་ཞུས་ན་ཡང་ཧ་གོ་མ་སོང་མདོག་མདོག་བྱེད་ཀྱི་འདུག བོད་ཀྱི་གཞོན་ལྷན་ནི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་སྒྲིག་འཛུགས་གལ་ཆེན་ཞིག་ཡིན་ཡང་ད་ཡོད་ཀྱི་རྒྱུན་ལས་ཚོས་དེ་རྩེད་མོ་རྩེ་བཞིན་འདུག གང་ལྟར་ཡང་། ཚོགས་གཙོ་རྒྱུག་ཁྱི་གཙོས་པའི་རྒྱུན་ལས་ཚོ་ཡང་དགོངས་ཞུ་བྱེད་རན་འདུག
    ཡ་མཚན་པ་ཞིག་ལ་བོད་ཀྱི་གཞོན་ལྷན་ཚོས་སོ་སོས་གྲོས་ཆོད་བཞག་ཡང་དེ་ནས་སོ་སོས་གྲོས་ཆོད་དེར་རྡོག་རོལ་གཏོང་བཞིན་འདུག དེས་ན་ཁྱེད་རྣམས་པས་གང་གཟབ་བྱེད་དགོས་པ་ལས་ཁྲེལ་མེད་བྱས་ན་མིང་རྗེས་ངན་པ་བཟོས་ཡོང་།

    Reply
  9. ཇོ་རུ་ཚེ་རིང་། says:
    ལོ་ 10 སྔོན།

    ད་ནི་གཞོན་ལྷན་གྱི་ན་ཚ་འདི། ཨེ་ཙི་རིམས་ནད་ཀྱི་ཚད་མིན་ནའང་། གློ་བའི་གཅོང་ནད་ཀྱི་ཚད་ལ་སླེབས་གྲབས་འདུག ཐེངས་རྗེས་མའི་ཚོགས་ཆེན་སྐབས་ན་ཚ་གཏིང་གཅོད་པའི་གཤགས་བཅོས་ཆེན་པོ་ཞིག་མ་བྱས་པ་ཡིན་ན། དྲག་ཁག་པོ་རེད། གཞོན་ལྷན་གྱི་འབྲེལ་ཡོད་རྣམས་ནས་ཁྲིམས་དང་སྒྲིག་གཞིའི་ངོས་ཐད་ནས། མ་གེ་མོག་གེ་མ་ཡིན་པ། ཡང་དག་པ། ཕྱི་གསལ་ནང་གསལ་ཞིག་ཅི་ལྟར་བཅོ་དགོས་མིན། ཐ་ན་དབུས་ས་གཉིས་བར་ལས་དོན་འགན་འཁྱེར་སྟངས་ཀྱི་སྒྲིག་གཞི་བཅས་ཀྱི་ཐད། སྔ་ས་ནས་བསམ་བློ་གཏོང་རན་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese