ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༼བོད་འཕེལ་རྒྱས་ཀྱི་ལམ་བུའི་ལོ་རྒྱུས་གདམ་ག༽ཅེས་པའི་ཕྱི་ལོ་ ༢༠༡༥ ལོའི་བོད་ཀྱི་རྒྱབ་ཤ་དཀར་པོའི་དེབ་ཟེར་བ་ཞིག་ཕྱིར་བསྒྲགས་བྱས་ཏེ། དབུ་མའི་ལམ་ནི་རྒྱ་ནག་ཁ་བྲལ་གཏོང་བའི་སྲིད་བྱུས་ཤིག་ཡིན་ལ། ཞི་བདེ་དང་འཚེ་མེད་ཀྱི་འཕྲུལ་སྣང་ཁྲོད་བོད་རང་བཙན་དང་རྒྱལ་ཁབ་འཛུགས་པའི་རེ་ངན་བཅངས་ཡོད་སྐོར་བསྒྲགས་ཡོད་སྟབས། འདི་གའི་གསར་འགོད་པས་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ལ་དེའི་ཐོག་དགོངས་ཚུལ་ཅི་ཡོད་བཅར་འདྲི་ཞུས།
དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་རྟ་མགྲིན་སྲི་ཆོས་ལགས་ཀྱིས། རྒྱ་ནག་གཞུང་གི་ངོས་ནས་རྒྱབ་ཤ་དཀར་པོ་ཟེར་བ་བཏོན་ཏེ། རྒྱལ་སྤྱིའི་སྡིངས་ཆའི་ཐོག་བདེན་པ་མ་ཡིན་པ་ཞིག་བདེན་པར་བསྒྲུབ་པའི་ཆེད་དུ་དུས་རྟག་ཏུ་འབད་བརྩོན་བྱེད་བཞིན་པ་ལྟར། ད་ལན་ཡང་ཁོ་ཚོས་འབད་བརྩོན་དེ་འདྲ་བྱས་པ་ཞིག་མ་གཏོགས་བདེན་པ་ཁོངས་སྐྱེལ་གྱི་གནས་བབ་ཅིག་རྩ་བ་ནས་མེད་པར་ངོས་འཛིན་བྱེད་བཞིན་ཡོད། ལྷག་པར་དུ་ད་ལན་གྱི་རྒྱབ་ཤ་དཀར་པོ་ཟེར་བ་དེའི་ནང་བལྟས་པ་ཡིན་ན། གཞོན་ནུ་ལྷན་ཚོགས་དང་འབྲེལ་བའི་གནད་དོན་ཐད་ཁོ་ཚོས་དུས་རྟག་ཏུ་བཤད་ཀྱི་ཡོད་པ་དེ་རང་འཇགས་བཤད་ཡོད་པ་རེད། གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་འཇིགས་སྐུལ་རིང་ལུགས་ཀྱི་སྒྲིག་འཛུགས་ཤིག་དང་། ༢༠༠༩ ལོ་ནས་བཟུང་བོད་ནང་བོད་མི་མང་པོས་སྐུ་ལུས་མེར་བསྲེགས་གནང་བ་དེ། ༧གོང་ས་མཆོག་དང་གཞོན་ནུ་ལྷན་ཚོགས་ཀྱིས་བརྒྱུད་སྐུལ་རེད་ཅེས་འཚེ་བ་སྤྱོད་ཀྱི་ཡོད་ལུགས་ཤོད་ཀྱི་ཡོད་ཀྱང་། སྐད་ཆ་དེ་ཚོ་གཞི་མེད་ཀྱི་སྐྱག་རྫུན་ཁོ་ན་མ་གཏོགས་ཁོངས་འཕེལ་གྱི་དཔང་རྟགས་ཡོད་ན་འཛམ་གླིང་ལ་སྟོན་དགོས་པ་རེད། གསར་འགྱུར་བརྒྱུད་ལམ་འདིའི་ཐོག་ནས་རྒྱ་ནག་གཞུང་ལ་ཞུ་དགོས་པ་ཞིག་ནི། དངོས་གནས་དྲང་གནས་ལྷག་བསམ་རྣམ་དག་གིས་བསམ་བློ་བཏང་བའི་ཐོག་ནས་བོད་ནང་གི་དཀའ་ངལ་སེལ་ཐབས་ཆེད་གོམ་པ་མདུན་སྤོས་བྱེད་དགོས་པ་ལས། རྫུན་གཏམ་རང་བཤད་དེ་བོད་རྒྱ་གཉིས་ཀྱི་དཀའ་ངལ་སེལ་ཐུབ་པའི་གནས་བབ་ཅིག་རྩ་བ་ཉིད་ནས་ཡོད་པ་མ་རེད་ཅེས་བརྗོད་འདོད་བྱུང་ཟེར།
དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་སྒྲོལ་མ་ལགས་ཀྱིས། ང་ཚོ་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་གནས་ཚུལ་དེའི་ཐད་ཚོར་ཤུགས་ཆེན་པོས་ཞུ་དགོས་པ་ཞིག་ལ། གཅིག རྒྱལ་སྤྱིའི་སྟེང་ནས་འཛམ་གླིང་ཞི་བདེའི་མཚན་གནས་འབུལ་བཞེས་གནང་ཡོད་པའི་ཀུན་གྱིས་བཀུར་འོས་༧གོང་ས་མཆོག་གི་གུ་ཡངས་དཀྱིལ་ཆེའི་མཛད་འཕྲིན་ལ་ལོག་འགྲེལ་བྱེད་རྒྱུ་མཚམས་འཇོག་དགོས། གཉིས། དབུ་མའི་ལམ་གྱི་ངོ་བོ་དངོས་འབྲེལ་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ནང་གསལ་བའི་རང་སྐྱོང་གི་ཆ་རྐྱེན་མ་ལུས་པ་མིང་དོན་མཚུངས་པར་ལག་བསྟར་བྱེད་དགོས་པ་དང་། བོད་རིགས་ཡོངས་རྫོགས་རང་སྐྱོང་གི་འཛིན་སྐྱོང་གཅིག་གི་འོག་ཚུད་དགོས་པ་བཅས་ནི་སྲིད་བྱུས་དེའི་སྙིང་པོ་རེད། གསུམ། རྒྱབ་ཤ་དཀར་པོའི་ནང་བཤད་པ་ལྟར་དངོས་ཡོད་བོད་ལྗོངས་ནང་ཡར་རྒྱས་བཏང་ཡོད་ན། བོད་ནང་གི་དངོས་ཡོད་གནས་ཚུལ་ལ་དཔྱད་ཞིབ་ཆེད། རྒྱལ་སྤྱི་དང་རྒྱལ་ནང་གི་གསར་འགོད་པ་བོད་ནང་འགོག་དོན་ཅི་ཡིན། བཞི། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་ཀྱི་མཚན་སྨད་མཚམས་འཇོག་བྱས་ཏེ་ཁོང་གི་འཇིག་རྟེན་ཀུན་ཁྱབ་ཀྱི་མཛད་འཕྲིན་ལ་ངོས་ལེན་བྱེད་དགོས། ཞེས་བརྗོད་བྱུང་།
བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་པ་སངས་ཚེ་རིང་ལགས་ཀྱིས། རྒྱབ་ཤ་དཀར་པོ་ཟེར་བའི་དེབ་དེའི་ནང་བཀོད་པའི་དོན་ཚན་ལྔ་དེར་མདོར་བསྡུས་ན་ནང་དོན་གསར་པ་མི་འདུག རྒྱ་གཞུང་གིས་སྔར་ནས་བཤད་ཚར་བའི་སྐད་ཆ་རྙིང་པ་རྐྱང་རྐྱང་ཆགས་འདུག ཡིན་ནའང་། ཁོ་ཚོས་དེ་འདྲ་བྱེད་དགོས་པའི་དམིགས་ཡུལ་དེར་རྒྱུ་མཚན་གཉིས་མཐོང་གི་འདུག རྒྱུ་མཚན་དང་པོ་དེ་དེང་སང་རྒྱ་ནག་གཞུང་གི་དཔོན་རིགས་ནང་ཁུལ་དུ་ཆབ་སྲིད་འགྲན་རྩོད་རྣོ་ངར་ཆེན་པོ་ཡོད་པ་དང་། དེ་ལས་གལ་ཆེ་བ་ཞིག་ལ་རྒྱ་ནག་གི་མཚོ་ཐོག་གླིང་ཕྲན་དེའི་བདག་དབང་ཆེད་ཉི་ཧོང་དང་རྩོད་གླེང་མངོན་གསལ་དོད་པོ་ཆགས་ཡོད་སྟབས། འཐབ་རྩོད་དང་རྙོག་ཟིང་དེ་རིགས་སྦས་སྐོང་དང་གཞན་གྱི་དོ་སྣང་ཁ་བསྒྱུར་ཆེད་རྒྱབ་ཤ་དཀར་པོ་ཟེར་བ་དེ་བཏོན་པ་རེད། རྒྱུ་མཚན་གཞན་དེ་ནི། དོན་ཚན་ལྔ་དེ་དུས་རྒྱུན་གཞིར་བཞག་གིས་ལོ་རྒྱུས་ལ་མི་བདེན་རྫུན་སྒྲིག་བྱེད་པ་དང་། དབུ་མའི་ལམ་ནི་ཕྱེད་རང་བཙན་རེད་ཟེར་བ་སོགས་ཀྱི་སྐད་ཆ་དེ་སྔོན་མ་ནས་བཤད་བསྡད་པ་རེད། ད་ལྟ་མངོན་གསལ་དོད་པོ་བྱས་ནས་ག་རེ་བཤད་ཡོང་གི་འདུག་ཟེར་ན། འཚེ་མེད་ཞི་བ་ཟེར་བ་དེ་ལྟར་སྣང་ཙམ་རེད། དོན་དངོས་ཐོག་བོད་ནང་སྐུ་ལུས་མེར་བསྲེགས་བཏང་བ་དེ་ཚོར་༧གོང་ས་མཆོག་གིས་དབུ་འཁྲིད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་སྐུལ་སློང་བྱས་བ་རེད་ཟེར་གྱིན་ཡོད། དེ་ནི་དུས་རྒྱུན་ཁོ་རང་ཚོར་འགྲོ་བ་མིའི་ཐོབ་ཐང་ཐོག་ནས་གནོན་ཤུགས་ཡོང་གི་ཡོད་སྟབས། ནག་ཉེས་དེར་གཡོལ་ཆེད་བོད་མིའི་སྒྲིག་འཛུགས་ཉེས་འགེལ་གྱི་དམིགས་ཡུལ་བཟུང་ཡོད་པ་རེད། ཅེས་བརྗོད་བྱུང་།
བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས། རྒྱ་གཞུང་གིས་བོད་སྐོར་གྱི་རྒྱབ་ཤ་དཀར་པོ་ཟེར་བ་དེ་དུས་རྒྱུན་ནས་འདོན་བཞིན་ཡོད་ལ། དེར་ཆ་འཇོག་གང་ཡང་མེད་པ་འཛམ་བུ་གླིང་གི་མི་ཚང་མས་ཧ་གོ་བསྡད་ཡོད་པ་རེད། ༧གོང་ས་མཆོག་གིས་སྣེ་ཁྲིད་པའི་བཙན་བྱོལ་བོད་གཞུང་གིས་ཁ་ཞེ་གཉིས་མེད་ཀྱིས་དབུ་མའི་ལམ་གྱི་ཐོག་ནས་རྒྱ་གཞུང་ལ་འབྲེལ་བ་གནང་བཞིན་ཡོད་པ་རྒྱ་གཞུང་གིས་མ་ཤེས་པ་མ་རེད། ཤེས་བཞིན་དུ་རང་བཙན་གྱི་སྐད་ཆ་ཞིག་གི་ཐོག་ཁ་བསྒྱུར་ཏེ་བོད་ཀྱི་འཐབ་རྩོད་ལ་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་རེད། དེ་སྔོན་སྐབས་ཤིག་ལ་རང་བཙན་གྱི་སྐད་ཆ་མ་བཤད་པ་ཡིན་ན། སྐད་ཆ་གཞན་ག་རེ་ཡིན་ནའང་བཤད་ཆོག་ཅེས་པའི་སྐད་ཆ་བྱུང་སྟེ་བོད་རྒྱ་འབྲེལ་མོལ་མགོ་བཙུགས་པ་རེད། ད་ལྟའི་ཆར་དབུ་མའི་ལམ་གྱི་སྐད་ཆ་མ་བཤད་པ་ཡིན་ན། རེ་བ་ཡོད་པའི་རྣམ་པ་སྟོན་བཞིན་པ་དེ་ང་ཚོ་བོད་པའི་འཐབ་རྩོད་ཀྱི་ནུས་པ་ཆུང་དུ་གཏོང་ཐབས་དང་། ནང་ཁུལ་འཁྲུག་ཏུ་འཇུག་པའི་ཐབས་ཇུས་ངན་པ་ཞིག་རེད་བསམ་གྱི་འདུག དེར་བརྟེན་ང་ཚོའི་ངོས་ནས་སོ་སོའི་འཐབ་རྩོད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་གྲོས་མོལ་བྱེད་སྐབས། སོ་སོའི་ལངས་ཕྱོགས་དང་དགོས་འདུན་བརྟན་ཞིང་ཤུགས་ཆེན་པོ་བཟུང་བ་ཡིན་ན། ཕར་ཕྱོགས་ཀྱི་ངོས་ནས་དེ་ནང་བཞིན་གྱི་འབབ་ས་ཡག་པོ་ཞིག་ཏུ་དབབ་ཐུབ་པའི་རེ་བ་ཞིག་མཐོང་གི་འདུག
བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་དྲུང་ཆེ་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས། རྒྱབ་ཤ་དཀར་པོ་ཟེར་བ་དེའི་ནང་ནང་དོན་ཁག་ ༥ ལས་རིམ་འདྲ་བོ་བྱས་ནས་མར་ཕབ་འདུག་ཀྱང་། ང་ཚོའི་ངོས་ནས་དབུ་མའི་ལམ་དང་འབྲེལ་བའི་དོན་ཚན་དེ་གལ་ཆེ་ཤོས་སུ་མཐོང་གི་འདུག རྒྱ་གཞུང་གིས་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཁ་བྲལ་གྱི་ཐབས་ལམ་རེད་ཟེར་བ་དེ་ཁོ་རང་ཚོའི་བསམ་ཚུལ་ཙམ་རེད་མ་གཏོགས། ༧གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་ནག་དང་ཁ་བྲལ་ཆེད་དབུ་མའི་ལམ་བེད་སྤྱོད་གནང་བ་ཞིག་རྩ་བ་ནས་མིན་པ་དེ་གསལ་བོ་ཞེ་དྲགས་རེད། གང་ཡིན་ཟེར་ན། བོད་མི་དང་རྒྱ་མི་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པ་གཞིར་བཞག་ནས་དབུ་མའི་ལམ་གཏན་ འབེབས་གནང་བ་ཡིན་ལ། ཕྱོགས་གཉིས་ཀ་གཞིར་བཞག་པའི་ལམ་དེ་སུ་གཅིག་གིས་ཁ་བྲལ་ཐབས་རེད་ཅེས་བཤད་ཐུབ་པ་མ་རེད། འཛམ་གླིང་གི་རྒྱལ་ཁབ་མང་པོས་༧གོང་ས་མཆོག་གི་དགོངས་གཞི་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དབུ་མའི་ལམ་ཡག་པོ་འདུག སྲིད་བྱུས་དེའི་ཐོག་སྐད་ཆ་བཤད་པའི་གཞི་རྩ་འདུག་ཅེས་རྒྱབ་སྐྱོར་གནང་གིན་ཡོད། ཅེས་བརྗོད་བྱུང་།
དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་སྤྱི་ཟུར་ཡོན་ཏན་རྒྱ་མཚོ་ལགས་ཀྱིས། རྒྱ་ནག་གཞུང་གིས་དབུ་མའི་ལམ་དེ་རྫུན་མ་རེད་ཟེར་གྱི་ཡོད་པ་དང་། རྫུན་མ་ཡིན་ན་ཁོ་ཚོས་ཁོངས་སྐྱེལ་བྱེད་དགོས་པ་རེད། ང་ཚོས་དབུ་མའི་ལམ་རྫུན་མ་མིན་པ་འཛམ་གླིང་ཐོག་ཕྱི་གསལ་ནང་གསལ་བཟོས་ཏེ། བོད་འདི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་ནའང་། རང་བཙན་རྩོད་ཀྱི་མེད་པར་རྒྱ་མི་རིགས་དང་མཉམ་དུ་སྡོད་ཀྱི་ཡིན་གསུང་གི་ཡོད་པ་དང་། རྒྱ་གཞུང་གིས་བོད་རྒྱ་ནག་གི་ཆ་ཤས་ཡིན་ཟེར་གྱི་ཡོད་དུས། རྒྱལ་ཁབ་ཅིག་གི་ནང་ཡོད་པའི་འཛམ་བུ་གླིང་གི་ཐོག་ཞབས་ཞུ་ཞུ་ཐུབ་པའི་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་དགོས་པ་དེ་ཁོ་ཚོའི་ལས་འགན་རེད་ལ། ང་ཚོའི་ལས་འགན་ཡང་རེད། ང་ཚོས་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་བོད་རིགས་ཡོངས་རྫོགས་གཅིག་ཏུ་བསྒྲིལ་བའི་རང་སྲིད་རང་སྐྱོང་དགོས་ཟེར་གྱི་ཡོད་ལ། ༡༩༥༡ ལོར་བཞག་པའི་ཆིངས་ཡིག་དོན་ཚན་ ༡༧ ནང་ཁོ་ཚོས་དེ་ལ་ཁས་ལེན་བྱས་ཟིན་པ་རེད། ང་ཚོས་རྒྱ་ནག་ལས་ལོགས་སུ་ཐོན་རྒྱུ་ཡིན་ཟེར་གྱི་མེད་པ་རྒྱ་ནག་གཞུང་གིས་གསལ་བོར་ཤེས་ཀྱི་ཡོད་པ་རེད། ཡིན་ནའང་། བོད་ཀྱི་ཆོས་དང་རིག་གཞུང་མི་རིགས་བཅས་རྩ་མེད་བཟོས་ནས་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་བའི་འཆར་གཞི་ཞིག་གི་ཐོག་ནས་བདེན་པ་ལ་བདེན་པ་མིན་པའི་འཁྱོག་བཤད་བྱས་ཏེ། རྒྱབ་ཤ་དཀར་པོ་ཟེར་བའི་དེབ་སོགས་རབ་དང་རིམ་པ་བཏོན་ཏེ་འཛམ་གླིང་ཐོག་མགོ་སྐོར་གཏོང་གི་ཡོད་ཀྱང་མཐའ་འཁྱོལ་ངེས་མ་རེད། དེར་བརྟེན་རྒྱ་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་བའི་སྲིད་བྱུས་མི་འཛིན་པར་དངོས་གནས་དྲང་གནས་ཀྱི་ཆིག་སྒྲིལ་གྱི་དགོངས་པ་ཞིག་བཞེས་རོགས་གནང་ཞེས་འབོད་སྐུལ་ཞུ་བཞིན་ཡོད། ཅེས་བརྗོད་བྱུང་།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཉིན་བྱེད་ལགས་ཀྱིས། དེབ་དེའི་ཐོག་ནས་ངས་གཙོ་བོ་གནས་ཚུལ་གསུམ་མཐོང་གི་འདུག དང་པོ་༧གོང་ས་མཆོག་གིས་ཞི་བདེ་དང་དབུ་མའི་ལམ་གསུངས་པ་མ་གཏོགས་དོན་དངོས་ཐོག་བོད་རང་བཙན་རྩོད་ཀྱི་ཡོད་པ་རེད་ཟེར་བ་དང་། གཉིས་པ་རྒྱ་གཞུང་གིས་ཁ་ནས་རང་བཙན་རྩོད་ཀྱི་འདུག་ལབ་པ་མ་གཏོགས། དོན་དངོས་ཐོག་༧གོང་ས་མཆོག་གི་དམངས་གཙོའི་འཆར་སྣང་གིས་རྒྱ་ནག་མི་མང་གི་སེམས་བཀུག་འགྲོ་ཡི་རེད་བསམ་ནས་ཞེད་ཀྱི་ཡོད་པའི་ཚོར་སྣང་བྱུང་། གསུམ་པ་དེང་སང་བོད་ནང་རྒྱལ་ཞེན་གྱི་ངར་ཤུགས་ཆེན་པོ་ཞིག་སླེབ་ཀྱི་ཡོད་པ་དེར་སེམས་ཁྲལ་དང་ཞེད་སྣང་སྐྱེ་བཞིན་ཡོད་པ་རེད། ནམ་རྒྱུན་རྒྱབ་ཤ་དཀར་པོ་ཟེར་བ་དེ་བཏོན་ནས་རྒྱ་གཞུང་གིས་འུར་ག་རེ་རྒྱག་གི་ཡོད་པ་རེད་ཟེར་ན། བོད་གསར་པ་ཞེས་བོད་ལ་བཅིངས་གྲོལ་བཏང་ནས་དཔལ་འབྱོར་ཡར་རྒྱས་ཕྱིན་སྐོར་ངོམ་གྱི་ཡོད་པ་རེད། ཡིན་ནའང་། དེ་འུར་རང་མ་གཏོགས་དོན་དངོས་དང་གཏན་ནས་མཐུན་གྱི་ཡོད་པ་མ་རེད། ང་ཚོས་ད་ལོའི་ལོ་འཁོར་སྙན་ཐོའི་ནང་ཤེས་ཡོན་དང་སྨན་བཅོས་མཐུན་རྐྱེན་སོགས་ཀྱི་ཐོག་ནས་བོད་དེ་རྒྱ་ནག་རྒྱལ་ཡོངས་ནང་གི་སྐྱོ་ཤོས་དེ་ཆགས་ཡོད་པའི་བསྡོམས་བརྒྱབ་ཡོད། དེ་ང་ཚོའི་བསྡོམས་བརྒྱབ་པ་གཅིག་པུ་མ་རེད། འཛམ་གླིང་གི་དཔལ་འབྱོར་རིག་པའི་ཆེད་མཁས་པ་མང་པོས་དེ་ལྟར་བསྡོམས་བརྒྱབ་ཡོད་སྟབས། རྒྱ་གཞུང་གིས་རྒྱབ་ཤ་དཀར་པོ་ཟེར་བ་སོགས་ཀྱི་ནང་འུར་སྒྲོག་བྱས་པ་དང་རྦད་དེ་རྒྱབ་འགལ་ཆགས་བསྡད་ཡོད་པ་རེད། ཅེས་བརྗོད་བྱུང་།
གསར་འགོད་པ། པདྨ་མཚོ།
རང་བཙན་ལ་ཁ་གཏད་གཅོག་རྒྱུ་འདོམས་བདེ་བོ་ཡོད་པ་ཁོང་ཚོས་ཤེས་འདུག
ཤར་ཕྱོགས་ཁུག་རྟ།
ད་ཐེངས་ཀྱི་རྒྱབ་ཤ་དཀར་པོའི་ནང་གི་དབུ་མའི་ལམ་ལ་སྐྱོན་བརྗོད་བྱེད་སྟངས་ཀྱི་རྣམ་པ་ནི་སྔོན་ལས་ཅུང་གཟབ་ནན་རེད་འདུག་ཀྱང། དོན་དག་དབུ་མའི་ལམ་ལ་དོན་མཐུན་ལན་འདེབས་མ་རྙེད་པའི་ནོངས་འགྱོད་དམིགས་བསལ་ཞིག་ཐོན་འདུག་པ་མ་ཟད། དབུ་མའི་ལམ་ལ་གླེགས་མ་འཁེལ་བས་ཞེད་སྣང་ཞེ་དྲག་ལངས་བཞིན་པའང་གསལ་བོ་བསྟན་འདུག ཁོང་ཚོའི་དམིགས་ཡུལ་ངོ་མ་ནི་བོད་མི་ཚོས་རང་བཙན་བརྩད་ན་བསམས་ཀྱི་ཡོད་པ་དང། རང་བཙན་བརྩད་ན་དེའི་ཁ་གཏད་ནས་གཞུང་སྒེར་གཉིས་ཀྱིས་རྒྱལ་ནང་དང་རྒྱལ་སྤྱིའི་མདུན་དུ་ཁེ་ཕན་འཕྲོ་རིམ་འཕྲོར་ལོན་རྒྱུ་ཡིན་པ་དེ་གསལ་བོ་ཧ་གོ་འདུག དེའི་རྐྱེན་དབུ་མའི་ལམ་ཐང་གི་གྲོག་མ་ཚུན་གྱིས་དཀར་པོ་ཡིན་པ་མཐོང་བཞིན་དུ། ཁོང་ཚོས་ངོ་ཚ་ཕར་གཡུགས་ནས་ནག་པོ་ནག་རྐྱང་རེད་ཅེས་བཤད་ཀྱི་ཡོད་པ་རེད། དེ་ནི་དགོད་བྲོ་ལ་སྙིང་རྗེ་བ་ཞིག་ཀྱང་ཡིན་སྟབས། དབུ་མའི་ལམ་ལ་གྲུབ་འབྲས་གང་མགྱོགས་ཐོབ་རྒྱུ་ཡིན་པའི་ཡིད་ཆེས་གདེང་སྤོབས་སྔར་ལས་ཆེ་རུ་འགྲོ་གི་འདུག དབུ་མའི་ལམ་རྒྱལ་ལོ།
༢༠༡༥། ༤། ༣༠། ཉིན།།
མང་གཙོ་ཚོགས་པའི་དྲུང་ཆེ་འདིས་ག་རེ་བཤད་ཀྱི་ཡོད་དམ། ༧གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་ནག་དང་ཁ་བྲལ་ཆེད་དབུ་མའི་ལམ་བེད་སྤྱོད་གནང་བ་ཞིག་རྩ་བ་ནས་མིན་པ་དེ་གསལ་བོ་ཞེ་དྲགས་རེད། གང་ཡིན་ཟེར་ན། བོད་མི་དང་རྒྱ་མི་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པ་གཞིར་བཞག་ནས་དབུ་མའི་ལམ་གཏན་ འབེབས་གནང་བ་ཡིན་ལ། ཕྱོགས་གཉིས་ཀ་གཞིར་བཞག་པའི་ལམ་དེ་སུ་གཅིག་གིས་ཁ་བྲལ་ཐབས་རེད་ཅེས་བཤད་ཐུབ་པ་མ་རེད། འཛམ་གླིང་གི་རྒྱལ་ཁབ་མང་པོས་༧གོང་ས་མཆོག་གི་དགོངས་གཞི་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དབུ་མའི་ལམ་ཡག་པོ་འདུག་ཟེར། དབུ་ལམ་ཡག་པོ་ཡོད་པ་ཤེས་བཞིན་དུ་ཁོ་རང་ཚོ་རང་བཙན་གྱི་སྟེང་དུ་འགྲོ་དོན་ག་རེ་ཡིན་ནམ། སྐད་ཆ་ལ་ཆོ་ཁོ་རང་མི་འདུག སྨྱོན་པའི་སྐད་ཆ་དང་གཅིག་པ་རེད་འདུག་
མི་འདི་དག་ལ་ག་རེ་མ་འགྲིག་པ་རེད་དམ། རྒྱ་ནག་དབུས་སྲིད་གཞུང་གིས་གཞུང་འབྲེལ་ལམ་ནས་ལམ་དབུ་མ་ངོས་ལེན་མ་གནང་པ་རེད། དེ་ལ་ཡིན་མིན་ཞིག་ལྷག་ཡོག་མ་རེད། ད་ཐབས་གཉིས་ལྷག་ཡོད།
གཅིག ཞིས་ཅིན་ཕེན་གྱིས་མཚོན་པའི་རྒྱ་ནག་དབུ་ཁྲིད་ཁག་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཁྲིམས་ནང་སྐྱེལ་དགོས་པ་རེད། སྐྱེལ་ཐུབ་མིན་གང་ལྟར་ཡང་དབུ་མའི་ལམ་ལ་རྒྱབ་བསྐྱོར་གནང་མཁན་ཚོ་ནི་བློ་སེམས་རྩེ་གཅིག་ཡིན་པ་མཚོན་ཡོད་ལ། འཛམ་གླིང་མི་མང་གིས་ཀྱང་དོ་སྣང་གསར་དུ་སྤྲད་སྲིད།
གཉིས། གལ་སྲིད་དེ་མི་འཇོན་པའམ་ཞེད་ན། དབུ་མའི་ལམ་ལ་བསྐྱར་ཞིབ་ལས་འགུལ་ཞིག་འགྲོ་དགོས།
ཚང་མ་ལོས་ཤུགས་རྒྱོབ།
སྤྱིར་བཏང་ང་ཚོས་སྐད་ཆ་བཤད་ལུགས་ཞིག་ལ་གཞན་པས་དེ་སྔོན་གང་བཤད་པ་དེར་འགྱུར་བ་ཕྱིན་མེད་ན་སྐད་ཆ་དེར་ནུས་པ་ཆེར་མེད་པ་ཞིག་ཏུ་བརྩི་བཞིན་འདུག་མོད། རྒྱ་ནག་གིས་སྐད་ཆ་གང་བཤད་པ་དེར་ལོ་ནས་ལོར་འགྱུར་བ་གང་ཡང་འགྲོ་བཞིན་མེད་པ་ནི་རྒྱུ་མཚན་ཆེན་པོ་ཡོད་རེད་བསམ།
གཅིག་ནས་མཱའོ་ཡིས་རྫུན་ཚིག་ཅིག་ཐེངས་མ་བརྒྱ་ལ་བཤད་པ་ཡིན་ན། ནམ་ཞིག་དེ་བདེན་པར་འགྱུར་རྒྱུ་རེད། ཅེས་བཤད་ཡོད། དེས་ན་རྒྱ་གཞུང་གིས་བཙན་བྱོལ་བོད་མའི་སྒྲིག་འཛུག་དང་༧གོང་ས་སྐྱབས་མགོན་ཆེན་པོ་ལ་སྙོན་འཛུག་རྒྱུ་མ་རག་ནས་བསྐྱར་བཟློས་ཡང་བཟློས་བྱེད་བཞིན་པ་ཞིག་རྩ་བ་ནས་མ་རེད་ལ། དེ་ནི་ཆེས་ཇུས་འགོད་དང་ཕུགས་བསམ་ཡོད་པའི་བཤད་སྟངས་ངན་པ་ཞིག་རེད་དྲན།
གཉིས་ནས་རྒྱ་གཞུང་གིས་སྔོན་ནས་ད་བར་སྐད་ཆ་གཅིག་རང་དང་བཙན་བྱོལ་མའི་སྒྲིག་འཛུག་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ལྟ་སྟངས་གཅིག་རང་བཟུང་བཞིན་པ་ནི། དོན་དངོས་ཐོག་རྒྱ་གཞུང་ལ་བོད་རྒྱའི་དཀའ་རྙོག་སེལ་འདོད་ཀྱི་འཆར་གཞི་གང་ཡང་མེད་པ་དང་། བོད་ཀྱི་གནས་སྟངས་འདི་ནི་རྒྱ་ནག་ལ་མཚོན་ན་དཀའ་རྙོག་ཅིག་མིན་པར་དེ་ནི་དཔལ་འབྱོར་དང་ཆབ་སྲིད། ལྷག་དོན་ཕྱི་འབྲེལ་སོགས་ཀྱི་ཐད་ནས་ཁྲོམ་རར་སྟོན་ཏེ་གོང་ཚད་རྒྱག་སའི་ཅ་དངོས་ལྟ་བུ་ཞིག་ཏུ་ཆགས་ཡོད།
རྒྱུ་མཚན་དེ་དག་ལ་བརྟེན་ནས་རྒྱབ་ཤ་དཀར་པོའི་དེབ་ཟེར་བར་ལོ་ལྟར་དེའི་བརྗོད་བྱར་འགྱུར་བ་མི་འགྲོ་བ་དེ་ང་ཚོར་མཚོན་ན་ཡག་རྟགས་ཞིག་མ་རེད་ལ། ཁྱད་པར་བོད་རྒྱ་འབྲེལ་མོལ་བྱ་རྒྱུའི་ཐབས་ལམ་ཕྱི་འགྱང་དང་། འབྲེལ་མོལ་བྱ་བར་རྒྱ་གཞུང་ཕྱོགས་ནས་རྣམ་འགྱུར་གཅིག་ཁོ་ནས་ཡ་ལན་ནམ་ཡང་མི་བྱ་བའི་འཆར་གཞི་ངན་པ་ཞིག་རེད་དྲན། འདིའི་ཐད་གོང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་རྣམས་ཀྱིས་ཐབས་ལམ་དང་འབད་བརྩོན་གང་ལེགས་གནང་དགོས་པ་ལས། རྒྱ་གཞུང་གིས་སྐྱག་རྫུན་བཤད་ཀྱིན་ཡོད་རེད། སྐད་ཆ་སྔོན་མ་དེ་རང་རེད་ཟེར་ནས་བཞུགས་བསྡད་ན་རྒྱ་གཞུང་ལ་དགོས་རྒྱུ་དེ་ཕལ་ཆེར་དེ་རེད་དྲན།
གང་ལྟར་གུས་པའི་བསམ་ཚུལ་ནི་གོང་ཞུས་ལྟར་རྒྱ་གཞུང་གི་ལོ་ལྟར་རྒྱབ་ཤ་དཀར་པོའི་དེབ་ཟེར་བ་དེའི་ནང་དོན་འགྱུར་བ་མི་འགྲོ་བ་དེ་ཆེས་ཡག་རྟགས་ཞིག་རྩ་བ་གཉིས་ནས་མ་རེད་དྲན་གྱིན་ཡོད།