ཟླ་འདིའི་ཕྱི་ཚེས་ ༦ ཉིན་བོད་རིགས་ལུས་རྩལ་བ་ཆོས་སྐྱིད་སྒྲོལ་མ་ལགས་ཨེ་ཤ་ཡའི་ན་གཞོན་མཆོང་རྒྱུག་འགྲན་ཚོགས་ནང་ཞུགས་རྒྱུ་ཡིན་འདུག
མཚོ་སྔོན་བརྙན་འཕྲིན་ཁང་གི་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཨེ་ཤ་ཡའི་རྒྱལ་ཁབ་ཁོ་ཊར(Qatar) གྱི་རྒྱལ་ས་ཌོ་ཧཱ་རུ། ཕྱི་ལོ་ ༢༠༡༥ ལོའི་ཨེ་ཤ་ཡའི་ན་གཞོན་མཆོང་རྒྱུག་འགྲན་ཚོགས་བསྡུ་བཞིན་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་ལུས་རྩལ་བ་ཆོས་སྐྱིད་སྒྲོལ་མ་ལགས། ཟླ་འདིའི་ཕྱི་ཚེས་ ༦ ཉིན་ཐེངས་འདིའི་འགྲན་ཚོགས་ཀྱི་འདུར་རྒྱུགས་འགྲན་སྡུར་ནང་ཞུགས་རྒྱུ་ཡིན་འདུག
རང་ལོ་ ༡༧ ཡིན་པའི་བུ་མོ་ཆོས་སྐྱིད་སྒྲོལ་མ་ལགས་ནི། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་ནས་ཡིན་ཞིང་། ཕྱི་ལོ་ ༢༠༡༣ ཟླ་ ༩ པར་མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་རིགས་ལག་རྩལ་སློབ་གྲྭར་ཞུགས་ཏེ། དུས་ཡུན་ཐུང་ངུའི་ནང་ཁོ་མོས་ཞིང་ཆེན་ཕྱི་ནང་གི་འདུར་རྒྱུག་འགྲན་སྡུར་དུ་མའི་ཁྲོད་གྲུབ་འབྲས་ལེགས་པོ་བླངས་བར་བརྟེན། འདི་ལོའི་ཕྱི་ཟླ་ ༢ པའི་ནང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཁང་མཆོང་རྒྱུག་ལྟེ་གནས་ཀྱི་ན་གཞོན་ཚན་པས། ཁོ་མོ་ཐེངས་འདིའི་ཡ་གླིང་ན་གཞོན་མཆོང་རྒྱུག་གི་འགྲན་ཞུགས་པར་བདམས་ཐོན་བྱུང་ཡོད་པ་དང་། ད་ལྟའི་ཆར་ཁོ་མོས་པེ་ཅིན་གྱི་ལུས་རྩལ་སྦྱོང་བརྡར་ལྟེ་གནས་ཤིག་ཏུ་རྒྱ་ནག་རྒྱལ་ཡོངས་ཀྱི་ཕྱོགས་ཡོང་འགྲན་ཞུགས་པ་ ༦༠ ལྷག་དང་མཉམ་དུ་སྦྱོང་བརྡར་བྱེད་བཞིན་ཡོད་འདུག
ཁོང་མོ་ནི་རྒྱལ་སྤྱི་རྒྱལ་ནང་གི་རྒྱུག་འགྲན་ནང་ཞུགས་པའི་བོད་རིགས་བུ་མོ་གསུམ་པ་དེ་ཡིན་ལ། ཕྱི་ལོ་ ༢༠༡༢ ལོའི་ལུན་ཏོན་ཨོ་རྩལ་འགྲན་ཚོགས་ཐོག མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ནས་ཡིན་པའི་ལུས་རྩལ་བ་ཆོས་དབྱངས་སྐྱིད་ཀྱིས། འདུར་རྒྱུག་འགྲན་སྡུར་ཁྲོད་ཨང་གསུམ་པའི་ཟངས་ཀྱི་རྟགས་མ་བླངས་ཡོད་པ་དང་། དེ་བཞིན། ཕྱི་ལོ་ ༢༠༡༣ ལོའི་རྒྱ་ནག་རྒྱལ་ཡོངས་སྐབས་བཅུ་གཉིས་པའི་ལུས་རྩལ་འགྲན་ཚོགས་ཐོག མཚོ་བྱང་ཁུལ་མདའ་བཞི་རྫོང་ནས་ཡིན་པའི་ལུས་རྩལ་བ་མཚོ་མོ་སྐྱིད་ལ་གསེར་གྱི་རྟགས་མ་ཐོབ་ཡོད་པ་རེད།
གསར་འགོད་པ། པདྨ་མཚོ།
ཡག་པོ་ཞེ་དྲག་རེད། འདི་ནི་ཆོས་དབྱིངས་སྐྱིད་ལགས་ཀྱིས་ཤུགས་རྐྱེན་ཡག་པོ་ཞིག་བསྐྲུན་པར་གོ་འོས། ད་བོད་ནང་ནས་ཚན་རིག་ལག་རྩལ་པ་ཞིག་བྱུང་དགོས་ཀྱི་འདུག་ལ། དེ་ཡི་ཤུགས་རྐྱེན་འོག་ནས་རིམ་པས་མང་དུ་འགྲོ་ངེས།
བོད་པའི་བུ་ཚོ་ལས། བོད་པའི་བུ་མོ་ཚོ་ངར་བ་བྱུང་གདའ།