ཁ་སང་ཉིན་གུང་བྱུང་བའི་བལ་ཡུལ་གྱི་ས་ཡོམ་གནོད་སྐྱོན་ཁྲོད་ཉུང་མཐར་མི་གྲངས་ ༨༤ ཙམ་རྐྱེན་ལམ་དུ་ཤོར་ཡོད་འདུག
ཁ་སང་ཕྱི་ཚེས་ ༡༢ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢ ཙམ་ལ། རི་བོ་ཇོ་མོ་གླིང་མའི་རི་རྒྱུད་གཙོ་བོར་གྱུར་བའི་བལ་ཡུལ་གྱི་རྫོང་ཁུལ་ ༣༨ ནང་། ཡང་བསྐྱར་ཚད་རིམ་ ༧.༤ དང་ ༦.༣ ཅན་གྱི་ས་ཡོམ་སྔ་རྗེས་སུ་བྱུང་སྟེ། ཉུང་མཐར་མི་གྲངས་ ༦༦ རྐྱེན་འདས་དང་མི་ ༡༩༢༦ ལྷག་ལ་རྨས་སྐྱོན་ཕོག་པ་དང་། ཁང་རྩེག་མང་པོར་རྡིབ་སྐྱོན་བྱུང་ཡོད་འདུག ས་ཡོམ་དེའི་ཁྲོད་བལ་ཡུལ་ནང་ཆེད་གཏོང་བྱས་པའི་ཨ་རིའི་ཐད་འཕུར་གནམ་གྲུ་ཞིག་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཐད་འཕུར་གནམ་གྲུ་དེའི་ནང་ཨ་རིའི་དམག་མི་ ༦ དང་བལ་ཡུལ་གྱི་དམག་མི་ ༢ ཡོད་འདུག
ཁ་སང་གི་ས་ཡོམ་གྱིས་བོད་བལ་ས་མཚམས་ཁག་ཅིག་ཏུའང་གནོད་སྐྱོན་ཐེབས་ཡོད་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་བརྗོད་པ་ལྟར་ན་རི་ཉིལ་ཏེ་མི་གཅིག་རྐྱེན་ལམ་དུ་ཤོར་ཡོད་འདུག ཁ་སང་རྒྱ་གར་གྱི་བྷི་ཧར་དང་ཨུ་ཌར་པར་ཌི་ཤི་ནང་དུའང་གོད་ཆག་བྱུང་ཡོད་པ་ལྟར། རྒྱ་གར་ནང་སྲིད་བློན་ཆེན་ར་ཇ་ནཱ་ཐ་སིན་(Rajnath Singh)ལགས་ཀྱིས། ཁ་སང་གི་ས་ཡོམ་གྱིས་རྒྱ་གར་ནང་ཁྱོན་མི་གྲངས་ ༡༧ རྐྱེན་ལམ་དུ་ཕྱིན་ཡོད་སྐོར་བརྗོད་འདུག
བལ་པོའི་རྒྱལ་ཡོངས་ས་ཡོམ་བརྟག་དཔྱད་ཁང་གིས་བསྒྲགས་པ་ལྟར་ན། ཁ་སང་ཉིན་གུང་བལ་ཡུལ་གྱི་ཆུ་ཚོད་ ༡༢།༥༠ རྗེས་སུ་ཚད་རིམ་ ༤ ལས་བརྒལ་བའི་ས་ཡོམ་ཐེངས་ ༣༣ བརྒྱབ་ཡོད་འདུག་ལ། དེ་རིང་ཞོགས་པར་བལ་ཡུལ་ནང་སྲིད་བློན་ཆེན་གྱི་མགྲིན་ཚབ་པ་ལ་སི་མི་(Laxmi Prasad Dhakal)ལགས་ཀྱིས། ཕྱི་ཟླ་ ༤ ཚེས་ ༢༥ ནས་ད་ལྟའི་བར་ས་ཡོམ་གྱི་གོད་ཆག་འོག ཁྱོན་མི་གྲངས་ ༨༢༠༠ རྐྱེན་ལམ་དུ་ཤོར་བ་དང་། མི་གྲངས་ ༣༨༢ གར་སོང་ཆ་མེད་དུ་གྱུར་ཡོད་སྐོར་བརྗོད་ཡོད་པ་རེད།
ཚན་རིག་པ་ཚོས་བལ་ཡུལ་ནང་ས་ཡོམ་ཤུགས་ཆེན་བྱུང་བར་བརྟེན། ཧི་མ་ཡ་ལའི་རི་རྒྱུད་ཀྱི་མཐོ་ཚད་རྨི་ཊིར་ ༡ ཙམ་དམའ་རུ་ཕྱིན་ཡོད་ཀྱང་། འབྱུང་ཁམས་ཀྱི་འཕེལ་འགྱུར་དང་བསྟུན་ཏེ་རིམ་གྱིས་ཡར་མཐོ་རུ་འགྲོ་རྒྱུ་ཡིན་སྐོར་བརྗོད་འདུག་ལ། དེ་བཞིན། ཨ་རིའི་ས་ཁམས་དཔྱད་ཞིབ་པ་རི་ཆར་ཌི་བྷ་རི་གྷི་སི་(Richard Briggs)ཡིས་བྷི་བྷི་སི་གསར་ཁང་ལ་བརྗོད་པ་ལྟར་ན། ཐེངས་འདིའི་ས་ཡོམ་གྱིས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཌའུ་ཡི་ཐག་ཉེར་ཡོད་པའི་གླང་ཐང་ས་ཁུལ་གྱི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མཐོ་ཚད་མར་ཆགས་ཏེ། རྒྱ་ཁྱོན་སྤྱི་ལེ་ ༨༠ ནས་ ༡༠༠ ཙམ་གྱིས་ཆེ་རུ་སོང་ཡོད་སྐོར་བརྗོད་འདུག
གསར་འགོད་པ། པདྨ་མཚོ།