ཁ་སང་དཀར་མཛེས་ཁུལ་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་ཚེ་དབང་ཆོས་འཕེལ་ལགས་ཉེན་རྟོག་པས་བཙན་འཁྲིད་བྱས་ཡོད་འདུག
འདི་གར་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཁ་སང་ཕྱི་ཚེས་ ༡༨ ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་ ༡༠།༣༠ ཙམ་ལ། རྒྱ་གཞུང་ཉེན་རྟོག་པས་རྟའུ་ཉི་མཚོ་དགོན་པའི་དགེ་འདུན་པ་ཚེ་དབང་ཆོས་འཕེལ་ལགས་གཅིག་བཞད་གྲོང་འདབས་ནས་གློ་བུར་བཙན་འཁྲིད་བྱས་ཡོད་པ་དང་། ད་ལྟའི་ཆར་ཁོང་འཛིན་བཟུང་བྱས་པའི་རྒྱུ་རྐྱེན་ཅི་ཡིན་དང་གནས་སྟངས་ག་འདྲ་ཡིན་སོགས་ཤེས་རྟོགས་མེད་པར་ལྷག་ཡོད་འདུག
རྒྱ་གཞུང་གིས་ཁོང་འཛིན་བཟུང་བྱས་པའི་རྒྱུ་རྐྱེན་ཅི་ཡིན་འགྲེལ་བརྗོད་བྱས་མེད་ཀྱང་ས་གནས་བོད་མི་ཚོས། འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༣ ཉིན་རྒྱལ་གཅེས་དཔའ་བོ་སྐལ་བཟང་ཡེ་ཤེས་ལགས་ཀྱིས། རྒྱ་གཞུང་གི་བཙན་གནོན་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྐབས། གྲྭ་ཚེ་དབང་ཆོས་འཕེལ་ལགས་ཀྱིས་རྒྱ་གཞུང་ཉེན་རྟོག་པ་ཚོར་མི་འདོད་པའི་རྣམ་འགྱུར་བསྟན་ཏེ་རྡོ་ཡིས་བརྒྱབ་པར་བརྟེན། དེ་ནས་བཟུང་རྒྱ་གཞུང་གིས་ཁོང་ལ་དོགས་ཟོན་བྱེད་མགོ་བཙུགས་ཡོད་པ་དང་། ཁོང་ནི་ནམ་རྒྱུན་མི་རིགས་ཀྱི་ལ་རྒྱ་དང་བདེ་སྡུག་ལ་དོ་སྣང་ཆེན་པོ་ཡོད་མཁན་ཞིག་ཡིན་སྟབས། ད་རེས་རྒྱ་གཞུང་གིས་རྒྱུ་རྐྱེན་དེ་དག་ལ་བརྟེན་ནས་བཙན་ཁྲིད་བྱས་པ་ཞིག་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག
རང་ལོ་ ༢༩ ཙམ་ཡིན་པའི་གྲྭ་ཚེ་དབང་ཆོས་འཕེལ་ལགས་ནི་རྟའུ་མ་ཟུར་གྲོང་ཚོའི་ཁུ་ཆ་སྡེ་བ་ནས་ཡིན་ཞིང་། རྟའུ་ཉ་མཚོ་དགོན་གྱི་འཛིན་གྲྭ་སྐབས་དང་པོ་ནས་ཡིན་འདུག
གསར་འགོད་པ། པདྨ་མཚོ།