རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་གསར་འགྱུར་བརྒྱུད་ལམ་དུ་རྒྱ་ནག་ནང་གི་ཆོས་ལུགས་སྲིད་ཇུས་དེ་རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་དང་མཉམ་སྡེབ་བྱེད་པར་བརྩོན་དགོས་ལུགས་བསྒྲགས་འདུག
ཟླ་ ༥ ཚེས་ ༢༡ ཉིན་གྷ་ཌིན་(the guardian)ཞེས་པའི་གསར་ལམ་ཐོག་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་གསར་འགྱུར་བརྒྱུད་ལམ་ཁག་ཏུ། སྲིད་གཞུང་གིས་རྒྱལ་ནང་གི་ཆོས་ལུགས་མི་སྣ་ཚོར་སྲིད་གཞུང་ལ་ཡིད་ཆེས་བློས་འཁེལ་བྱེད་དགོས་པའི་རེ་སྐུལ་གཏོང་བཞིན་པའི་སྒང་ལ་ཕྱི་ཕྱོགས་ནས་ཆོས་ལུགས་ཁྱབ་སྤེལ་གྱི་ཤུགས་རྐྱེན་ངན་པ་ཐེབས་མི་རུང་སྐོར་བརྗོད་ཡོད་འདུག
གནས་ཚུལ་དེའི་ནང་བཀོད་དོན། རྒྱ་ནག་ནི་ལྷ་མེད་སྨྲ་མཁན་ཞིག་སྟེ། དམར་ཤོག་ཚོགས་པས་དབང་བསྒྱུར་བའི་གཞུང་ཞིག་ཡིན་སྟབས། པེ་ཅིན་གཞུང་གིས་རྒྱལ་ཁབ་ཕྱི་ནང་གི་ཆོས་ལུགས་ལྟ་གྲུབ་ཁག་ལ་དམ་དྲག་ཤུགས་ཆེ་རུ་བཏང་སྟེ། ཉེ་ལམ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་རྒྱ་ནག་དམར་ཕྱོགས་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྟེང་ “ང་ཚོས་ངེས་པར་དུ་རང་རྒྱལ་གྱི་ཆོས་ལུགས་བཅའ་ཁྲིམས་གཞིར་བཟུང་ཐོག ཕྱི་ཕྱོགས་ཀྱི་ཆོས་ལུགས་དར་སྤེལ་ལ་སྟངས་འཛིན་ནན་མོ་བྱེད་དགོས” ཞེས་བརྗོད་ཡོད་པ་དང་། སྐད་ཆ་དེ་དམར་ཕྱོགས་ཚོགས་པའི་མགོ་ཁྲིད་ཚོས་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་དུ་ཁྱབ་བསྒྲགས་བྱས། ཡང་ཞི་ཅིན་ཕིན་གྱིས “ང་ཚོས་རྒྱ་ནང་གི་ཆོག་ལུགས་སྲིད་ཇུས་དེ་སྤྱི་ཚོགས་རིང་ལུགས་དང་མཉམ་སྡེབ་བྱེད་པར་འབད་བརྩོན་གནང་དགོས”ཞེས་པའི་བཤད་ཚུལ་ལ་བརྟག་ན། དམར་ཕྱོགས་ཚོགས་པ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་བྱིངས་ཀྱི་ཡིད་སེམས་གཉིས་ག་ལས་རྒྱལ་དགོས་ཚོད་རེད། ཅེས་སོགས་བཀོད་འདུག
གནས་ཚུལ་དེའི་ནང་མུ་མཐུད་དུ་བསྟན་དོན། ༡༩༩༠ ལོའི་ཆོས་ལུགས་སྲིད་ཇུས་ལག་ལེན་བསྟར་བ་ནས་བཟུང་། རྒྱ་ནག་གཞུང་གིས་རང་རྒྱལ་མི་མང་ལ་ཕྱི་ཕྱོགས་ཀྱི་ཆོས་ལུགས་ཚོགས་སྡེ་ཁག་གིས་བརྒྱུད་སྐུལ་བཏང་སྟེ། དམར་ཤོག་ཚོགས་པའི་སྒྲིག་འཛུགས་རྩ་གཏོར་གཏོང་འདོད་ཡོད་པའི་དོགས་གཞི་དང་ཞེ་འཁོན་བཅངས་ཡོད་སྟབས། རྒྱ་ནག་གཞུང་གི་མོས་མཐུན་དང་ཆོག་མཆན་མེད་པར། རྒྱ་ནག་ནང་དུ་ཕྱི་ཕྱོགས་ཀྱི་ཆོས་ལུགས་དར་སྤེལ་གྱི་བྱེད་སྒོ་ཁག་ལ་དམ་དྲག་དང་། ལྷག་པར་དུ་ཡེ་ཤུ་ལྡན་ས་བེ་ཊི་ཁན་ (Vatican) ཆོས་ཚོགས་ལྟ་བུའི་ཕྱི་ཕྱོགས་ཀྱི་ཆོས་ལུགས་ལྟ་གྲུབ་གང་ཡང་ཁྱབ་སྤེལ་མི་ཆོག་པའི་བཀའ་རྒྱ་བསྒྲགས་ཡོད།
ནུབ་རྒྱུད་ཀྱི་བོད་དང་ཤིན་ཅང་རང་སྐྱོང་ཁུལ་དུ། རྒྱ་ནག་གཞུང་གིས་ཕྱི་ཕྱོགས་ནས་རང་རྒྱལ་གྱི་ཁ་ཆེ་བའི་ཆོས་ལུགས་དང་། བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ལུགས་གྲུབ་མཐའ་ཁག་ལག་ཆར་བཟུང་སྟེ། གཞི་རིམ་མང་ཚོགས་ལ་རྒྱ་ནག་གཞུང་གི་སྒྲིག་འཛུགས་དང་ཆོས་ལུགས་སྲིད་ཇུས་ལ་ངོ་རྒོལ་གནང་དགོས་པའི་ངན་སྐུལ་གཏོང་གི་ཡོད་ཚུལ་བཤད་ཀྱང་། རྒྱ་ནག་རྒྱལ་ཡོངས་སུ་ཆོས་ལུགས་རིག་གནས་དར་སྤེལ་གྱི་ཁྱབ་ཤིན་དུ་ཆེ་བས། མི་མང་གི་ངོས་ནས་རྒྱ་ནག་དམར་ཕྱོགས་ཚོགས་པར་བཅངས་པའི་ཡིད་རྟོན་དང་དེའི་རིན་ཐང་ལྟ་ཚུལ་བརླག་འགྲོ་བའི་དཀའ་རྙོག་ཅིག་ལ་འཕྲད་ཡོད་པ་དང་། ༢༠༡༤ ལོའི་ལོ་སྟོད་ཙམ་ནས་རྒྱ་ནག་ཤར་རྒྱུད་ཀྲེ་ཅང་ཞིང་ཆེན་ནང་མུ་མཐུད་ཕྱི་གླིང་བའི་ཆོས་ལུགས་དར་སྤེལ་དང་ཁྱབ་བརྡལ་མི་གཏོང་བའི་ཆེད་དུ། ད་བར་ཡེ་ཤུ་ཆོས་ཁང་ ༤༠༠ ལྷག་གི་སྒོ་བརྒྱབ་ཡོད་འདུག
ཨ་རིའི་གཙུག་ལག་སློབ་ཆེན་ (Purdue University) གྱི་རྒྱ་ནག་གི་ཆོས་ལུགས་རིག་གནས་ཀྱི་ཆེད་མཁས་པ་སྐུ་ཞབས་ཡོན་ཧྥང་ཀོང་ (Yang Feng Gang) ཟེར་བ་ཞིག་གིས “རྒྱ་ནག་གཞུང་གིས་ཕྱི་ཕྱོགས་ཀྱི་ཤན་ཤུགས་ཟེར་བ་དེ། དོན་དངོས་སུ་ཕྱི་གླིང་བའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་གང་དང་། དེ་བཞིན་ཕྱི་གླིང་གི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་སྡེ་ཁག་གང་ཞིག་གིས་ཤུགས་རྐྱེན་ཐེབས་ཀྱི་ཡོད་མེད་ལ་ཁོངས་འཕེར་ར་སྤྲོད་ཅི་ཡང་མི་འདུག” ཅེས་དང་། ཡང་ཁོང་གིས་ “གོ་ལ་གཅིག་གྱུར་གྱི་དུས་སྐབས་འདིར། རྒྱ་ནག་གིས་རང་གི་རིག་གནས་གོམས་སྲོལ་དེ་ཕྱི་ཕྱོགས་སུ་དར་ཁྱབ་གཏོང་འདོད་ཚེ། དེ་ལྟ་བུའི་སྲིད་ཇུས་ཤིག་ལག་བསྟར་གནང་རྒྱུ་ཧ་ཅང་ཁག་པོ་རེད” ཟེར་ལ། ཁོང་གིས་གློག་འཕྲིན་གྱི་ལམ་ནས་ “ཁྱོད་ལ་ཕྱི་གླིང་གི་ཤུགས་རྐྱེན་ཐེབས་མི་ནུས་ན་ནི། ཁྱོད་ཀྱིས་ཕྱི་ཕྱོགས་སུ་ཤུགས་རྐྱེན་ཇི་ལྟར་བསྐྱེད་དམ” ཞེས་སོགས་བརྗོད་འདུག