མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀ་ལོན་སྦུག་གི་ཐུག་པ་བཟོ་མཁན། ༼༡༽

བོད་ཀྱི་དུས་བབ།
༢༠༡༥/༠༦/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་ཕྱི་ཟླ་བཞི་པའི་ཚེས་ ༡༤ ཉིན། སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་༼ཀ་ལོན་སྦུག་གི་ཐུག་བཟོ་བ།༽ཞེས་པའི་དཔེ་དེབ་ཨ་རིའི་དཔར་སྐྲུན་ཁང་ཞིག་གིས་འགྲེམ་སྤེལ་བྱས་མ་ཐག བོད་པ་དང་བོད་དོན་ལ་དོ་སྣང་ཡོད་རིགས་ཡོངས་ཀྱིས་ཧབ་ཐོབ་ཀྱིས་ཀློག་གི་ཡོད་ཀྱང་། དབྱིན་ཡིག་མི་ཤེས་མཁན་ཚོར་ཀློག་པའི་སྐལ་བ་མི་ལྡན་སྟབས། ཨ་རིར་གནས་སྡོད་ཕྱོར་ཚང་འཇམ་དབྱངས་བཀྲ་ཤིས་ལགས་དང་ལྷན་དུ་དེབ་དེའི་སྐོར་ལ་དྲ་ཐོག་ནས་གླེང་མོལ་བྱས་པའི་ནང་དོན་ཡིག་ཐོག་ཏུ་ཕབ་པ་དང་། གནས་ཚུལ་རེ་ཟུང་ཐོག་བསྐྱར་དུ་རྩད་ཞིབ་བྱས་ཏེ་འདིར་བཀོད།

 དོན་འགྲུབ་བཀྲ་ཤིས། ཉེ་ལམ་༧གོང་ས་མཆོག་གི་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་༼ཀ་བློན་སྦུག་གི་ཐུག་བཟོ་བ།༽ཞེས་པ་དེ་ཉེ་ལམ་ཨ་རིའི་ (Public affairs) དཔར་སྐྲུན་ཁང་གིས་དཔར་འགྲེམ་བྱས་སོང་། ཁྱེད་རང་གིས་དྲ་ཐོག་ནས་དཔེ་དེབ་དེ་ཉོས་ནས་བཀླགས་ཚར་ཡོད་སྟབས། ཁྱེད་རང་ཧ་ལམ་བོད་པའི་སྤྱི་ཚོགས་ནང་གི་དེབ་དེ་ཀློག་མཁན་སྔ་ཤོས་གྲས་ཡིན་རྒྱུ་རེད།

 འཇམ་དབྱངས་བཀྲ་ཤིས། དེབ་འདི་ཉེ་ལམ་ཨ་རིའི་ཕབ་ལི་ཁི་ཨ་ཧྥེར་དཔེ་སྐྲུན་ཁང་གིས་ཕྱི་ལོགས་སུ་འགྲེམས་སྤེལ་བྱས་མ་ཐག ཨེ་མ་རྫོན་(Amazon)སོགས་ཀྱི་དྲ་ཐོག་ནས་ཀྱང་ཉོ་ཐུབ་ཀྱི་འདུག ནམ་རྒྱུན་དབྱིན་ཡིག་གི་དཔེ་དེབ་རིགས་དྲ་ཐོག་ནས་ཉོ་བཞིན་ཡོད། དེབ་འདི་ལ་མཚོན་ན་དྲ་ཐོག་ནས་དེབ་གཟུགས་མངགས་ཉོ་བྱེད་ཐུབ་པ་མ་ཟད། འཕྲུལ་དེབ་ཀྱང་ཉོ་ཐུབ་པའི་ཆ་རྐྱེན་འདུག་སྟབས། འཕྲུལ་དེབ་ཉོས་ན་ཕྱི་ཟླ་ ༤ ཚེས་ ༡༣ ཉིན་གྱི་མཚན་མོ་ནས་སོ་སོའི་སོ་སོའི་དེབ་ཀློག་སྤྱད་ཀྱི་མཉེན་ཆས་ནང་འབྱོར་འདུག རིན་གོང་ཡང་དེབ་གཟུགས་ལས་ཧ་ལམ་ཕྱེད་ཙམ་གྱིས་ཁེ་བ་འདུག དེར་བརྟེན་ཕྱི་ཟླ་ ༥ པའི་ཟླ་མཇུག་ཙམ་ལ་དེབ་ཧྲིལ་བོ་བཀླགས་ཚར་སོང་།

 རྒྱལ་ལོ་དོན་གྲུབ་ཀྱི་དེབ་འདི་ལ་མཚོན་ན། སྤྱི་ཚོགས་ནང་རེ་སྒུག་བྱེད་སྡོད་མཁན་ཧ་ཅང་མང་པོ་ཡོད་པ་རེད་བསམ་གྱི་འདུག དེ་གང་རེད་ཟེར་ན། གཅིག་ནས་ཁོང་༧གོང་ས་མཆོག་གི་གཅེན་པོ་རེད། བོད་ཀྱི་དུས་འགྱུར་མགོ་བཙུགས་པ་ནས་ད་ལྟའི་བར་གྱི་མི་སྣ་གལ་ཆེ་ཤོས་ཤིག་ཆགས་ཡོད་པ་རེད། གཉིས་ནས་ཁོང་ལ་སྤྱི་ཚོགས་ནང་རྒྱལ་གཅེས་པ་དང་རྒྱལ་བཙོང་བ་ཞེས་བཟང་ཕྱོགས་ངན་ཕྱོགས་གཉིས་ཐད་ནས་གླེང་མཁན་ཡོད་པ་རེད། གསུམ་པ། ད་སྔ་བོད་པའི་འཐབ་རྩོད་ཁྲོད་ཀྱི་མི་སྣ་རྒན་གྲས་སྐོར་ཞིག་གིས་ལོ་རྒྱུས་བྲིས་ཡོད་པ་དེ་དག་སྤྱི་ཚོགས་ནང་གླེང་སློང་ཆེན་པོ་བྱུང་བ་དང་བསྟུན་ཏེ། སྐུ་གཅེན་རྒྱལ་ལོ་དོན་གྲུབ་མཆོག་གིས་ལོ་རྒྱུས་ཤིག་བྲིས་ན་གང་འདྲ་ཡོད་ངམ། ཞེས་མང་ཚོགས་ནང་ཨམ་ཅོག་ཀྲོང་ཀྲོང་བྱས་སྡོད་མཁན་མང་པོ་ཡོད་པ་རེད་བསམ་གྱི་འདུག

 དོན་འགྲུབ་བཀྲ་ཤིས། དེབ་འདིའི་རྩོམ་པ་པོ་ལྕམ་སྐུ་(Anne F. Thurston)ལ་མཚོན་ན་སྔོན་ཆད་དེབ་མང་པོ་ཞིག་བྲིས་ཡོད་པ་དག་ལས།  སྐད་གྲགས་ཆེ་ཤོས་གཅིག་རྒྱ་ནག་དམར་ཤོག་གི་མགོ་ཁྲིད་ཟུར་བ་མའོ་ཙེ་ཏུང་གི་སྐོར་ལ་<< The Private Life of Chairman Mao>>ཞེས་པ་ཞིག་བྲིས་ཡོད་པ་དེ་རེད། དེབ་དེའི་ནང་དོན་གྱི་ཆ་ནས་མའོ་ཙེ་ཏུང་གི་གསང་རྣམ་དང་ཚུལ་མིན་ཆགས་སྤྱོད་རིགས། འབྲི་སྟངས་ཀྱི་ཆ་ནས་ལོ་ངོ་ ༢༠ ལྷག་རིང་མའོ་ཙེ་ཏུང་ལ་མཉམ་གཤིབ་བྱས་མྱོང་མཁན་མའོ་སྒེར་གྱི་སྨན་པ་(Li Zhisui)ཟེར་བ་དང་མཉམ་འབྲེལ་གྱིས་བྲིས་པ་ཞིག་རེད། ད་རེབ་རྒྱལ་ལོ་དོན་གྲུབ་ཀྱི་ལོ་རྒྱུས་འདི་ལ་མཚོན་ན་འབྲི་སྟངས་དང་ནང་དོན་གྱི་ཆ་ལ་དམིགས་བསལ་དེ་འདྲ་མཐོང་གི་འདུག་གམ།

 འཇམ་དབྱངས་བཀྲ་ཤིས། སྤྱིར་བཏང་རྩོམ་པ་པོ་ཨེན་ཐོར་སི་ཊོན་མོ་རང་ཨ་རིའི་མ་རའེ་ལན་ཌའི་མངའ་སྡེའི་(Johns Hopkins University)ཞེས་པའི་གཙུག་ལག་སློབ་ཆེན་ཞིག་གི་དགེ་རྒན་རེད། རྒྱ་ནག་དང་ཨེ་ཤ་ཡའི་སྐོར་གྱི་ཉམས་ཞིབ་པ་ཞིག་རེད། མོས་སྔོན་ཆད་རྒྱ་ནག་སྐོར་ལ་<< Enemies of the People>>ཟེར་བ་སོགས་ཀྱི་དེབ་མང་པོ་བྲིས་ཡོད་ཀྱང་། སྐད་གྲགས་ཆེ་ཤོས་འདྲ་བོ་དེ་མའོ་ཙེ་ཏུང་གི་སྐོར་དེ་རེད། དེབ་དེ་མའོ་ཙེ་ཏུང་གི་སྨན་པས་བརྒྱ་ཆ་མང་ཆེ་བ་བྲིས་ཚར་ཡོད་པ་ཞིག་ལ་མོ་རང་གིས་རྩོམ་སྒྲིག་བྱས་པ་རེད།

དེབ་དེ་སྐད་གྲགས་ཆགས་དགོས་དོན། མའོ་ཙེ་ཏུང་ལ་དགའ་རོགས་མང་པོ་ཡོད་པ་དང་། བུ་མོ་ལོ་ཆུང་མང་པོར་འཁྲིག་སྤྱོད་བྱས་པ། ཐ་ན་ལོ་ ༡༤ ཅན་ལའང་ཆགས་སྤྱོད་བྱས་ཡོད་པ་དང་། ཁོ་རང་རྒན་འཁོགས་ཆགས་ན་འཁྲིག་སྤྱོད་ཀྱི་ནུས་པ་ཉམས་རྒྱུར་སེམས་ཁྲལ་ཆེན་པོ་ཡོད་ས་རེད། འཁྲིག་སྤྱོད་ནུས་པ་མི་ཉམས་ཆེད་ཤ་བོའི་ར་ཁྲག་དང་སྨན་སྣ་ཚོགས་བསྟེན་ཡོད་པ། མཐའ་ན་ཁོ་རང་གི་སྐུ་སྲུང་ཕོ་གསར་སྙིང་རྗེ་བོ་དེ་ཚོར་ཡང་འཐམ་འཁྱུད་བྱེད་པ་སོགས་བྲིས་ཡོད་སྟབས། སྤྱི་ཚོགས་ནང་དེབ་དེར་སྐད་གྲགས་འདྲ་བོ་ཆགས་པ་རེད།

 

ཨེན་ཐོར་སི་ཊོན་མོ་རང་སྔོན་ཆད་རྒྱ་ནག་པེ་ཅིན་སོགས་སུ་ཕེབས་བཞུགས་མང་པོ་གནང་མྱོང་མཁན་ཞིག་ཡིན་པ་མ་ཟད། ཉིས་སྟོང་གཉིས་གསུམ་ལོར་བོད་ནང་དུའང་ཐེངས་མང་པོར་ཕྱིན་འདུག མོས་རྒྱ་ནག་ནང་གི་ཆབ་སྲིད་སྐོར་ལ་རྩོམ་ཡིག་མང་པོ་སྤེལ་གྱི་ཡོད་སྟབས། རྒྱ་ནག་གཞུང་གིས་རྗེས་སུ་མོ་རང་རྒྱ་ནག་ནང་ཐོངས་མཆན་སྤྲོད་རྒྱུ་མཚམས་འཇོག་བྱས་འདུག

དེབ་འདི་ཐོག་མ་ཨ་རིའི་༧གོང་ས་མཆོག་གི་ངོ་ཤེས་གྲོགས་མོ་རྙིང་པ་ཨེལ་སེ་ཝོལ་ཁཱར་ (Elsie Walker)ཟེར་བ་དེ་བརྒྱུད་ནས་བྲིས་པ་ཞིག་ཆགས་འདུག ཨེལ་སེ་ཝོལ་ཁཱར་ཟེར་བ་དེ་ཨ་རིའི་སྲིད་འཛིན་ཟུར་བ་ཇོར་ཇི་བྷི་ཤིའི་ཨ་ཕ་དང་ཨ་རིའི་སྲིད་འཛིན་སྐབས་ ༤༡ པ་ George H. W. Bush དང་ཕ་མ་སྤུན་གྱི་བུ་སྤུན་ཡིན་ས་རེད། མོ་རང་གིས་བཤད་སྟངས་བྱས་ན། ༧གོང་ས་མཆོག་ཨ་རིའི་སྲིད་འཛིན་ལ་ཐོག་མར་མཇལ་འཕྲད་གནང་བའང་མོ་རང་གིས་གོ་སྒྲིག་བྱས་འདུག མོས་མའོ་ཙེ་ཏུང་སྐོར་གྱི་དེབ་དེ་བཀླགས་ནས་དེབ་དེའི་རྩོམ་སྒྲིག་པ་ཨནེ་ཐོར་སི་ཊོན་ལ་དོ་སྣང་བྱུང་ནས་རྒྱལ་ལོ་དོན་གྲུབ་ཀྱི་ལོ་རྒྱུས་འབྲི་རྒྱུར་སྐུལ་མ་བྱས་འདུག

 རྩོམ་པ་པོས་དེབ་འདི་འབྲི་རྒྱུའི་ཐོག་དཀའ་ལས་མང་པོ་བརྒྱབ་འདུག མོ་རང་སྡོད་ས་ཨ་རི་རེད། རྒྱ་གར་ནང་ཐེངས་མང་པོར་ཡོང་སྟེ་ཀ་ལོན་སྦུག་དང་ལྡི་ལི་སོགས་ནས་རྒྱལ་ལོ་དོན་གྲུབ་ལ་ཐུག་འཕྲད་བྱས་པ་དང་། ཝ་ཞིན་ཏྲོན་དང་ཧོང་ཀོང་སོགས་སུའང་རྒྱལ་ལོ་ལ་སྐད་ཆ་དྲིས་འདུག དེར་མ་ཟད་དེབ་འདི་འབྲི་ཆེད་མོ་རང་གིས་བོད་དོན་སྐོར་གྱི་དེབ་ཀྱང་མང་པོ་བཀླགས་དགོས་བྱུང་ཡོད་ས་རེད། ཁྱོན་དེབ་འདི་ལ་ཤོག་ངོས་ ༣༥༤ དང་ལེའུ་ ༣༤ ཙམ་འདུག

 དོན་འགྲུབ་བཀྲ་ཤིས། ལོ་ཤས་གོང་ནས་བཟུང་སྤྱི་ཚོགས་ནང་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ཕྱི་གླིང་བ་ཞིག་གིས་འབྲི་བཞིན་ཡོད་སྐོར་གོ་སོང་། རྒྱལ་ལོ་དོན་འགྲུབ་ཁོ་རང་གིས། ང་རང་གི་མི་ཚེའི་ལོ་རྒྱུས་དེ་མ་བྲིས་ན་འགྲིག་གི་མི་འདུག བྲིས་ན་གནས་ཚུལ་དྲང་མོར་བཤད་དགོས་སྟབས། གཞུང་སྒེར་མང་པོ་ཞིག་ལ་ཕོག་ཐུག་འགྲོ་སྲིད་པ་རེད་ཅེས་གསུང་གི་ཡོད་པ་ཞིག་གོ་སོང་།

འཇམ་དབྱངས་བཀྲ་ཤིས། གནས་ཚུལ་དེ་འདྲ་རེ་གཉིས་འདུག དཔེར་ན། ཚ་རོང་ཚང་གིས་བོད་གཞུང་གི་གསེར་བཙོང་བའི་དངུལ་མང་ཆེ་བ་བོད་གཞུང་ལ་རྩིས་སྤྲོད་མ་བྱས་པ་རེད་ཟེར་བ་འདྲ་བོ་དང་། ང་ཚོ་ཨ་རིའི་གསང་བའི་ལས་ཁུངས་ཀྱི་གཡོ་འོག་ཏུ་ཚུད་པ་རེད་ཟེར་བ། རྒྱ་གར་གཞུང་གིས་བོད་རྒྱའི་གནད་དོན་འགྲིག་འཇགས་ཡོངས་རྒྱུར་འགོག་རྐྱེན་བཟོས་སྐོར། རྒྱ་གར་གྱི་སྲིད་བློན་ནེ་རུ་ཡིས་སྔ་ཕྱི་བར་གསུམ་དུ་རྒྱལ་ལོ་དོན་གྲུབ་ལ་འབྲེལ་བ་བྱས་ཏེ། ཁོ་རང་གི་བསམ་བློ་ལ་འགྱུར་བ་མང་པོ་ཐེབས་ཡོད་ནའང་བར་སྐབས་ཤིག་ལ་རྒྱ་ནག་ལ་དམག་རྒྱག་རྒྱུར་བོད་པར་རྒྱབ་སྐྱོར་བྱ་འདོད་ཡོད་པའི་སྐད་ཆ་བྱུང་ཚུལ་སོགས་བཀོད་འདུག

དེ་ནས། རྒྱ་གར་གསང་བའི་ལས་ཁུངས་ཀྱིས་འབྲུག་རྒྱལ་བོའི་ཟུར་བསྟེན་མ་བོད་པའི་བུ་མོ་ཨ་ཤེ་གཡང་སྐྱིད་ཟེར་བ་ཞིག་བེད་སྤྱོད་བཏང་སྟེ། འབྲུག་རྒྱལ་བོའི་སྲས་ངོ་མའི་ལག་ནས་སྲིད་དབང་འཕྲོགས་ཏེ། ཟུར་བསྟེན་མ་དེའི་ཕྲུ་གུ་འབྲུག་རྒྱལ་བོར་བསྐོ་རྒྱུའི་གསང་ཇུས་ཤིག་འཐེན་འདུག དེའི་དམིགས་ཡུལ་སྐབས་དེར་རྒྱ་གར་གཞུང་གིས་འབྲུག་ཟ་འདོད་དང་འབྲས་ལྗོངས་ལྟར་རྒྱ་གར་འོག་འཇུག་འདོད་ཀྱི་འཆར་གཞི་ཡོད་ཀྱང་། རྗེས་སུ་འབྲུག་གཞུང་གིས་གནས་ཚུལ་དེ་ཧ་གོ་སྟེ། ནག་ཉེས་ཡོངས་རྫོགས་བོད་པའི་མགོར་ལྷུང་ཡོད་ས་རེད། ལྷག་པར་དུ་རྒྱལ་ལོ་དོན་གྲུབ་ཀྱི་མགོ་ལ་གཡོགས་ཏེ། འབྲུག་ཡུལ་གྱི་བོད་པ་མང་པོ་བཙོན་འཇུག་མནར་གཅོད་དང་། འབྲུག་ནས་ཕྱིར་འཕུད་བཏང་བ་སོགས་བྱུང་འདུག འདིས་རྒྱ་གར་གཞུང་དང་འབྲུག་གི་བར་དོ་ཕོག་ཟེར་ན་འདྲ་གོ་ཕྱོགས་ཉན་ཕྱོགས་མ་བདེ་བ་ཡོང་སྲིད་པ་རེད།

གཞན། སྐུ་དྲག་དང་བླ་དཔོན་དེ་ཚོར་དངོས་ཤུགས་བརྒྱུད་གསུམ་ནས་ཐེར་འདོན་མང་པོ་བྱས་འདུག དཔེར་ན། སྔོན་ཆད་བོད་པ་བཙན་བྱོལ་དུ་འབྱོར་བའི་རྗེས་ལ་དྷ་རམ་ས་ལར་བོད་གཞུང་འཛུགས་སྐབས། གཡུ་ཐོག་དང་ཟུར་ཁང་སོགས་ཀྱིས་རྒྱལ་བ་རིན་པོ་ཆེར་འབོད་སྐུལ་ཞུས་ཏེ་རྒྱ་གར་གཞུང་ལ་ཧིན་སྒོར་ས་ཡ་ ༢༠༠ གཡར་རོགས་ཞུས་ཡོད་ཀྱང་། སྲིད་བློན་ནེ་རུས་ང་ལ་དངུལ་དེ་འདྲ་གཡར་རྒྱུ་མེད་ལབ་ནས་གཡར་མེད་སྟབས། རྗེས་སུ་ཟུར་ཁང་དང་གཡུ་ཐོག་སོགས་དྷ་རམ་ས་ལ་ནས་མ་བསྡད་པར་ཕྱིན་འདུག རྗེས་སུ་ཁོང་ཅག་ཐེ་ཝན་ལ་སོང་ནས་བཀའ་ཤག་ཡིག་ཚང་ཟེར་བ་ཞིག་བཙུགས་ཏེ་ལས་ཀ་འདྲ་མིན་སྣ་ཚོགས་བྱས་ཚུལ་སོགས་བཀོད་འདུག

གནས་ཚུལ་འདི་དག་ལ་ཕྱོགས་གཞན་ནས་བསམ་བློ་བཏང་ན། ད་ལྟ་སྤྱི་ཚོགས་གུ་ཡངས་དང་བརྡ་འཕྲིན་ཅན་ཆགས་ཏེ། གནས་ཚུལ་ག་རེ་ཡིན་ནའང་ཕྱི་ལོགས་ལ་འཐོན་ཡོང་གི་ཡོད་པ་རེད། ལྷག་པར་དུ་དེང་སྐབས་མི་སྒེར་བའི་མི་ཚེའི་ལོ་རྒྱུས་འབྲི་མཁན་ཚོས་ཡག་སྡུག་ག་རེ་ཡིན་ཡང་དྲང་མོ་དྲང་བཞག་གིས་འབྲི་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་སྟབས། ཕར་ཕྱོགས་ནས་ཀྱང་བརྩི་བཀུར་དང་གུ་ཡངས་བྱེད་མ་ཐུབ་པ་དེ་འདྲ་ཡོད་པ་མ་རེད་བསམ་གྱི་འདུག རྦད་དེ་གཞི་རྩ་མེད་པའི་སྐྱོན་འཛུགས་དེ་འདྲ་ཡིན་ན་གནས་ཚུལ་ཐ་དད་རེད། གཉིས་ནས་རྒྱལ་ལོ་དོན་གྲུབ་ཁོ་རང་ཉིད་ཀྱིས་ཀྱང་སྔོན་མ་ནས་བསམ་བློ་བཏང་མེད་པ་དེ་འདྲ་མ་རེད། དཀའ་རྙོག་ག་རེ་བྱུང་ཡང་ཁོང་རང་གིས་འཁུར་རྒྱུ་ཡིན་གསུངས་འདུག གང་ཡིན་ཟེར་ན་ཁོང་རང་ཉིད་ཀྱི་ངོས་ནས་བཤད་ན་གནས་ཚུལ་དེ་དག་ཚང་མ་དྲང་མོ་དྲང་བཞག་ཡིན་བསམ་བསྡད་ཡོད་པ་རེད།

ད་དུང་དེབ་འདི་འབྲི་མགོ་བཙུགས་མ་ཐག་ཅིག་ལ། རྒྱལ་ལོ་དོན་གྲུབ་༧གོང་ས་མཆོག་ལ་མཇལ་ཏེ། ད་དུང་སེམས་ནང་དོན་དངོས་གནས་ཚུལ་མང་པོ་ཞིག་བཤད་མི་ཕོད་པའི་ཚོར་བ་ཞིག་ཡང་ཡང་ཡོང་གི་འདུག་ཅེས་ཞུས་སྐབས། ༧གོང་ས་མཆོག་གིས་ཁྱོད་རང་གིས་མི་ཚེ་གང་བོར་བོད་དོན་ལ་ཞབས་ཞུ་སྒྲུབ་པ་རེད། གནས་ཚུལ་ག་རེ་ཡིན་ཡང་གསལ་བོ་གསལ་རྐྱང་གིས་བཤད་དགོས་པ་རེད་ཅེས་སྐུལ་མ་གནང་སོང་ཞེས་བཀོད་འདུག གང་ལྟར། ཁོ་རང་གི་སེམས་ནང་གནས་ཚུལ་མང་པོ་ཞིག་དྲང་བོར་བཤད་ན་གཞུང་སྒེར་མང་པོར་ཕོག་ཐུགས་འགྲོ་གི་རེད་ཟེར་བ་དེའི་དུས་ཚོད་ཡོལ་ཚར་བ་རེད་བསམ་གྱི་འདུག

དོན་འགྲུབ་བཀྲ་ཤིས། ཉེ་ལམ་རྒྱལ་ལོ་དོན་གྲུབ་ཀྱི་དེབ་འདི་ཐོན་པའི་རྗེས་ཏག་ཏག་ལ། ཚ་རོང་བདུད་འདུལ་རྣམ་རྒྱལ་གྱི་བུ་མོ་སྟག་ལྷ་རྣམ་རྒྱལ་གྱིས་རྒྱལ་ལོ་དོན་གྲུབ་ཀྱིས་ཁོང་ཚང་ལ་ཉེས་འཛུགས་བྱས་འདུག་ཅེས་མོ་རང་གི་ངོ་དེབ་ནང་དབྱིན་ཡིག་ཐོག་དགག་པ་ལྟ་བུ་ཞིག་བསྐྱོན་སོང་། དེའི་རྗེས་ལ་ཚ་རོང་ཚེ་བརྟན་དཔལ་འབྱོར་གྱིས་ཀྱང་བོད་གནས་བསྐྱར་ཞིབ་(tibetan review)སྟེང་ལན་འདེབས་ཤིག་གནང་འདུག དེ་དག་ལྟ་ཀློག་བྱེད་རྒྱུ་བྱུང་སོང་ངམ།

 འཇམས་དབྱངས་བཀྲ་ཤིས། ཚ་རོང་གི་སྐོར་དེ་དེབ་འདིའི་ནང་མི་སྒེར་དང་འབྲེལ་བའི་རྙོག་གྲ་ཆེ་ཤོས་འདྲ་བོ་རེད། གང་ཡིན་ཟེར་ན། སྔོན་མ་ཚ་རོང་ཟླ་བཟང་དགྲ་འདུལ་གྱིས་ཁོ་རང་གི་ནང་དུ་བོད་གཞུང་གི་དངུལ་རྫུན་མ་དཔར་ཡོད་སྐོར་དང་། ཁོས་རྒྱ་གར་དབྱིན་གཞུང་ལ་འབྲེལ་བ་བྱས་ཏེ་བོད་གཞུང་མགོ་རྟིང་སློག་རྩིས་བྱས་སྐོར། ཚ་རོང་བདུད་འདུལ་རྣམ་རྒྱལ་གྱིས་བོད་ས་ཤོར་རྗེས་རྒྱ་གར་ནང་བོད་གཞུང་གི་གསེར་བཙོང་བའི་དངུལ་འབོར་ཆེན་ཞིག་མེད་པ་བཟོས་ཏེ་གཞུང་ལ་རྩིས་འཕྲོད་མེད་ཚུལ་སོགས་བཀོད་འདུག

རྒྱལ་ལོའི་དེབ་འདིའི་ནང་། སྔོན་ཆད་ལྷ་སར་ཚ་རོང་ཚང་རྒྱུ་ཆེན་པོ་ཞེ་དྲག་ཆགས་ཡོད་པ་དང་། དེ་ནི་ཚ་རོང་ཟླ་བཟང་དགྲ་འདུལ་གྱིས་ནང་དུ་བོད་གཞུང་གི་དངུལ་དཔར་སྤྱད་ཅིག་ཉར་ཡོད་པ་སྐབས་དེར་ལྷ་སར་ཡོད་པའི་ཟླ་བ་བཟང་པོ་ཟེར་བའི་སོག་པོ་ཡིན་ཟེར་མཁན་གྲྭ་པ་ཞིག་གིས་མཐོང་བ་ཁོ་རང་ལ་དངོས་སུ་བཤད་མྱོང་ཡོད་སྐོར་བཀོད་འདུག གྲྭ་བ་དེའང་རྒྱུ་ཆེན་པོ་དང་མཐོ་རིམ་སྐུ་གྲགས་ཚོར་འབྲེལ་བ་ཡག་པོ་ཡོད་མཁན། རྒྱ་གར་དང་བལ་ཡུལ་སོགས་སུའང་ཐེངས་མང་སྐྱོད་མྱོང་མཁན་ཞིག་ཡིན་ས་རེད། རྗེས་སུ་ཁོ་རང་སོག་པོ་མིན་པར་ཉི་ཧོང་གཞུང་གི་གསང་མྱུལ་བ་ཞིག་ཡིན་འདུག་ལ། ཁོའི་མིང་ངོ་མར་(Hisao Kimura)ཞེས་ཟེར་གྱི་ཡོད་པ་ཧ་གོ་ཡོད་པ་རེད། ཁོས་ཀྱང་བོད་སྐོར་གྱི་དེབ་ཅིག་བྲིས་ཡོད་ས་རེད།

དེ་ནས་སྔོན་མ་བོད་གཞུང་གིས་གསེར་ཀྱིག་རྩེ་མ་(Gold Bullion)མང་པོ་ཞིག་འབྲས་ལྗོངས་(Sikkim)རྒྱལ་བོར་བཅོལ་ཡོད་པ་དེ་ཚ་རོང་ཟླ་བཟང་དགྲ་འདུལ་གྱི་བུ་ཚ་རོང་བདུད་འདུལ་རྣམ་རྒྱལ་གྱི་ལག་ནས་མེད་པ་ཆགས་པ་རེད་ཅེས་བཀོད་འདུག གསེར་དེ་དག་སྔོན་ཆད་བོད་གཞུང་གིས་ཛ་དྲག་དགོས་མཁོར་དམིགས་ཏེ། ཞ་སྒབ་པ་དབང་ཕྱུག་བདེ་ལྡན་ཨ་རི་དང་དབྱིན་ཡུལ་སོགས་སུ་ཚོང་དོན་ལ་སྐྱོད་སྐབས། གསེར་ཏྭོ་ལ་གཅིག་ལ་ཨ་སྒོར་ ༤༠ རེ་སྤྲད་དེ་ཨ་སྒོར་ས་ཡ་གཅིག་གི་རིན་འབབ་ཀྱིས་གསེར་ཉོས་ཡོད་འདུག དེའི་སྟེང་ལ་ལྷ་ས་ནས་ཀྱང་གཞུང་གི་གསེར་དངུལ་དབོར་འདྲེན་བྱས་ཡོད་ས་རེད།

རྒྱལ་ལོ་དོན་གྲུབ་ཀྱིས་ཚ་རོང་བདུད་འདུལ་རྣམ་རྒྱལ་ཆེད་དུ་མངགས་ཏེ་གསེར་དེ་བཙོང་བར་ཀ་ལི་ཀ་ཏར་བཏང་འདུག ཁོ་གཏོང་དགོས་དོན་གཙོ་བོ་གང་རེད་ཟེར་ན། བདུད་འདུལ་རྣམ་རྒྱལ་སྐབས་དེར་ཚོང་བ་ཆེན་པོ་དང་། དབྱིན་ཇའི་སྐད་ཡིག་མཁྱེན་པ། ལྷག་པར་ཏུ་རྒྱ་གར་གྱི་ཚོང་ལས་པ་ཚོར་འབྲེལ་བ་ཡག་པོ་ཡོད་པ་སོགས་ལ་བརྟེན་ཏེ། ཁོ་རང་ལ་ཡིད་ཆེས་བློས་འཁེལ་བྱས་པ་ཡིན་ས་རེད། རྗེས་སུ་གསེར་བཙོང་པའི་དངུལ་མང་ཆེ་བ་བོད་གཞུང་ལ་རྩིས་སྤྲོད་རྒྱུ་མེད་པ་ཆགས་འདུག ཚ་རོང་བདུད་འདུལ་རྣམ་རྒྱལ་གྱིས་གསེར་དེ་དག་བཙོངས་ཏེ་དངུལ་ཡར་མར་བཅོལ་བ་དང་གཡར་བ། དེ་བཞིན་བྷོན་ཌི་(Bond)ཚུར་ཉོས་པ་བཅས་ཀྱི་ཡིག་ཆའི་ལག་སྒམ་(Suitcase)ཞིག་བོར་བརླག་ཕྱིན་སོང་ཞེས་ལབ་ཡོད་ས་རེད། འདིའི་སྐོར་ལ་རྒྱལ་ལོ་དོན་གྲུབ་ཀྱིས་བློ་ཕམ་ཆེན་པོ་གནང་གི་འདུག སྐབས་དེར་བོད་གཞུང་ལ་དངུལ་གྱི་དགོས་མཁོ་ཆེན་པོ་ཡོད་པའི་སྐབས་ཤིག་ལ། འདི་ལྟ་བུའི་གྱོང་གུད་ཆེན་པོ་ཞིག་ཕོག་པ་དེ་ཧ་ཅང་ཐབས་སྡུག་གི་གནས་ཚུལ་ཞིག་ཡིན་པ་དང་། དངོས་གནས་བྱས་ན་བོད་གཞུང་གིས་ཁྲིམས་ཐོག་ལ་བསྐྱེལ་དགོས་པའི་གནད་དོན་ཞིག་ཆགས་ཡོད་སྐོར་སོགས་བཀོད་འདུག

ཚ་རོང་ཚང་གི་སྲས་མོ་རྣམ་རྒྱལ་སྟག་ལྷ་ལགས་ཀྱིས་མོ་རང་གི་ངོ་དེབ་ནང་། རྒྱལ་ལོ་དོན་གྲུབ་ཀྱི་སྐད་ཆ་དེ་དག་གཞི་རྩ་མེད་པའི་ཉེས་འཛུགས་ཡིན་སྐོར་དང་། ཚ་རོང་ཕ་བུ་གཉིས་བོད་སྤྱི་ཚོགས་ཀྱིས་ཡིད་ཆེས་བློས་འཁེལ་བྱེད་ཡུལ་ཞིག་ཡིན་ཚུལ། དངུལ་དེ་བོར་བརླག་ཏུ་སོང་བའི་རྐྱེན་རྩ་རྒྱལ་ལོ་དོན་གྲུབ་ལ་ཐུག་ཡོད་སྐོར་སོགས་ལབ་འདུག དེའི་རྗེས་ལ་ཚ་རོང་བདུད་རྣམ་རྒྱལ་གྱི་བུ་ཆུང་བ་ཚེ་བརྟན་དཔལ་འབྱོར་ལགས་ཀྱིས་ཀྱང་ལན་འདེབས་ཅུང་རྒྱས་པོ་ཞིག་སྤེལ་འདུག ངས་དེ་དག་ལ་རོབ་ཙམ་ལྟ་རྒྱུ་བྱུང་། ཚེ་བརྟན་དཔལ་འབྱོར་གྱི་ལན་འདེབས་དེའི་ནང་དུ། སྔོན་ཆད་ཚ་རོང་ཚང་ཕྱུག་པོ་ཡིན་དོན་ཚ་རོང་ཟླ་བཟང་དགྲ་འདུལ་རྒྱ་གར་དང་། བལ་ཡུལ་སོགས་སུ་བསྐྱོད་དེ་ཚོང་བརྒྱབ་སྟེ་ཕྱུག་པོ་ཆགས་པ་ཡིན་སྐོར་བཀོད་འདུག

ལན་འདེབས་དེའི་ནང་ཚ་རོང་བདུད་འདུལ་རྣམ་རྒྱལ་གྱིས་བོད་གཞུང་གི་གསེར་དེ་ཇི་ལྟར་འཚོང་བསྒྱུར་བྱས་པ་དང་། དངུལ་རྐྱང་རྒྱ་གར་གྱི་ཚོང་པ་ཆེན་པོ་ཚོར་སྐྱེད་འཇོག་བྱས་པ་རྗེས་སུ་ཕྱིར་སློག་མ་བྱས་སྐོར་སོགས་བཀོད་འདུག་ལ། གནས་ཚུལ་དེའི་སྐོར་ཆ་ཚང་༧གོང་ས་མཆོག་ལའང་སྙན་གསེང་ཞུས་ཡོད་སྐོར་བཀོད་འདུག གལ་སྲིད་གནད་དོན་དེ་ཁྲིམས་ཐོག་ལ་བསྐྱེལ་དགོས་ན། དངུལ་དེ་ཐོག་མ་ཏཱ་ལའི་བླ་མའི་ཐེབས་རྩ་(Dalai Lama Trust)ཡི་མིང་ཐོག་ཏུ་བཞག་ཡོད་སྟབས། ཁྲིམས་ཐོག་ལ་འགྲོ་དགོས་ན་༧གོང་ས་མཆོག་འགྲོ་དགོས་ཆགས་རྒྱུ་ཡིན་སྐོར་སོགས་ལབ་འདུག

རྒྱལ་ལོ་དོན་གྲུབ་ཀྱིས་ད་དུང་འདི་འདྲ་ཞིག་ཀྱང་ལབ་འདུག ༢༠༠༤ ལོ་ཞིག་ལ་སྐུ་སྒེར་དྲུང་ཆེས་ཁོ་ལ་ཡི་གེ་ཞིག་བཏང་ནས་བསླེབས་སོང་། དེ་རྒྱ་གར་ཀ་ལི་ཀ་ཏའི་ཅ་དངོས་བཅོལ་དམ་ཁང་(safe-deposit box)ཞིག་བེད་སྤྱོད་བཏང་བའི་གླ་ཧིན་སྒོར་དྲུག་སྟོང་ལྷག་གི་འཛིན་ཞིག་རེད། ཚ་རོང་གིས་སྐུ་སྒེར་ཡིག་ཚང་བརྒྱུད་ནས་ང་ལ་བརྡ་ལན་སྤྲད་པ་དེ་རྩ་བའི་གཞུང་གི་གསེར་དངུལ་སྐོར་གྱི་རྙོག་དྲ་དེ་ངའི་སྟེང་ལ་གཡོག་ཐབས་བྱས་པ་ཞིག་རེད། ཅེས་སོགས་བཀོད་འདུག

ཚ་རོང་ཚེ་བརྟན་དཔལ་འབྱོར་གྱིས་གསེར་བཙོང་པའི་དངུལ་དེ་རྒྱལ་ལོ་དོན་གྲུབ་ཀྱིས་མེད་བརླག་བཏང་བ་ཡིན་སྐོར་དང་། ཀ་ལི་ཀ་ཏའི་ཅ་དངོས་བཅོལ་དམ་ཁང་ནས་རྒྱལ་ལོ་དོན་འགྲུབ་ཀྱིས་གསེར་འདོན་འཇུག་བྱས་པའི་ས་རྟགས་ད་ལྟའང་བཅོལ་དམ་ཁང་དེའི་ཐོ་དེབ་ནང་གསལ་བོ་ཡོད་སྐོར་སོགས་བཤད་འདུག་ཀྱང་། རྒྱལ་ལོ་དོན་གྲུབ་ཀྱིས་ངས་བཅོལ་དམ་ཁང་( safe-deposit  box ) གི་སྐོར་གང་ཡང་ཤེས་ཀྱི་མེད། ང་ལ་སྒམ་དེ་འདྲ་ཞིག་གི་ལྡེ་མིག་ཀྱང་རག་མ་སོང་ལ་གསེར་དེ་དག་གི་རིན་འབབ་ལས་སྒོར་རྡོག་གཅིག་ཀྱང་ངས་འཁྱེར་མྱོང་མེད་ཅེས་བཀོད་འདུག

 

་་་་་་་་་་་་་་་་་་་་་་་་་་་་མུ་འགོད་བྱ་རྒྱུ་ཡིན།

 

 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 9

  1. བསམ་འཆར་། says:
    ལོ་ 10 སྔོན།

    གང་ལྟར་གསེར་དངུལ་དེ་དག་ཚ་རོང་བདུད་འདུལ་རྣམ་རྒྱལ་དང་། རྒྱལ་ལོ་དོན་གྲུབ་གཉིས་ཀྱི་བར་ནས་མེད་པ་ཆགས་སོང་བ་གསལ་བོ་རེད། སྤྱི་དངུལ་སྒེར་ཟས་བྱས་ནས་འགྲིག་ཐབས་རྩ་བ་ནས་མེད་མོད།མི་ཆེན་སྤྱི་དངུལ་སྒེར་ཟས་བྱེད་ཀྱང་མཆོག་པ་དང་དེ་མིན་སྤྱིར་དངུལ་སྒེར་ཟས་མི་མཆོག་པ་ཅི་ཡོད།དཔེར་ན།
    http://www.tibettimes.net/news.php?id=5885
    http://bod.asia/2013/06/འཆི་མེད་རྡོ་རྗེས་སྤྱི་/

    Reply
  2. གཡང་འཛོམས། says:
    ལོ་ 10 སྔོན།

    ༼ སྲེས་ཚ་རོང་བདུད་འདུལ་རྣམ་རྒྱལ་གྱི་ལོ་རྒྱུས། ༽
    ཚེ་འདས་དམ་པ་ཁོང་ནི་ཕྱི་ལོ་ ༡༩༢༠ ལོར་ལྷ་སར་བོད་དམག་གི་དམག་དཔོན་ཚ་རོང་མདའ་བཟང་དགྲ་འདུལ་མཆོག་གི་སྲས་རྒན་ཤོས་སུ་འཁྲུངས་ཤིང། ཁོང་གིས་ཕྱི་ལོ་ ༡༩༣༥ ནས་ ༡༩༤༠ བར་རྡོར་གླིང་ཁུལ་དུ་ཡོད་པའི་རྒྱ་གར་གྱི་མཐོ་སློབ་ (St.Joseph ) ནང་སློབ་གཉེར་གནང་རྗེས་བོད་ནང་ཕྱིར་ལོག་གིས་ཕྱི་ལོ་ ༡༩༤༡ ལོའི་ཟླ་བ་༣ པའི་ནང་གཞུང་ཞབས་ཞུས། ཕྱི་ལོ་ ༡༩༥༡ ཟླ་ ༧ པའི་ནང་མདོ་མཁར་སྲས་མོ་དབྱངས་ཅན་སྒྲོལ་དཀར་དང་འཁྲུངས་ས་བསྐྱོན་ཏེ་མུ་མཐུད་ དགའ་ལྡན་ཕོ་བྲང་གི་ཞབས་ཞུ་གནང་སྟེ་འབྲི་གུང་རླུང་ཤོད་ཕུ་ལ་གྲྭ་བཞི་ལས་ཁུངས་ ཀྱི་དངུལ་སྲང་སྒོར་བཅུ་གསར་བཟོའི་ལུགས་རྒྱག་ལས་བྱ་གནང་བ་དང་། གཞུང་བཀའ་ཤག་ནང་བཀའ་མགྲོན་མཚན་ཐོག་ར་སྒྲེང་བླ་བྲང་ལ་ཞིབ་དཔྱད་འགན་བཞེས་ཏེ་ ཞབས་ཕྱི་མུ་མཐུད་ཞུས་ཡོད། དམ་པ་ཁོང་གིས་ཕའི་རྗེས་ཤུལ་འཛིན་ནས་བོད་ནང་དེང་རབས་དང་མཐུན་པའི་འཛུགས་ སྐྲུན་གྱི་ལས་གཞིའི་ཐོག་བོད་ནང་ཡོད་པའི་དབྱིན་ཇིའི་སྐུ་ཚབ་དང་ལྷན་ཏར་འཕྲིན་ བོད་དུ་ཐོག་མར་གསར་བསྐྲུན་བྱ་རྒྱུའི་ལས་གཞིའི་ཐོག་ཕྱག་ལས་གནང་མྱོང་ཡོད་པ་མ་ ཟད། ལྷ་སའི་སྐྱིད་ཆུ་གཙང་པོའི་སྟེང་ཆུ་ཤུགས་གློག་འདོན་གསར་འཛུགས་ཀྱི་ལས་གཞིའི་ (Hydro-Electric Power) ཐོག་ཕྱག་ལས་གནང་མྱོང་ཡོད།
    ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་རྗེས་ཞ་སྒབ་པའི་ཕྱག་རོགས་དང་གསུང་སྒྱུར་ཆབས་ཅིག་བོད་ མི་བཙན་བྱོལ་བ་ས་མཚམས་གང་ས་ནས་འབྱོར་བཞིན་པར་སོང། ལྡི་ལི་དང་མ་སུ་རི་གང་སར་གསུང་སྒྱུར་གྱིས་བོད་མི་གསར་འབྱོར་བ་རྣམས་ལ་འཚོ་བ་ དང་འཕྲོད་བསྟེན་རོགས་རམ་ཚོགས་པ་(Central relief committee for Tibet refugee) ལས་ཁུངས་དེ་བརྒྱུད་རོགས་རམ་ཚོགས་པར་ཕྱག་ལས་གནང་བ་དང་། དེ་རྗེས་སྐུ་ངོ་རྒྱ་ལོ་དོན་གྲུབ་མཉམ་དུ་དེ་སྔ་སྒང་ཏོག་ཏུ་ཡོད་པའི་གཞུང་གི་ གསེར་དངུལ་རྣམས་ཀ་ཏར་འོར་འདྲེན་ཐོག་སྤུས་ཚོང་བྱེད་རྒྱུ་དང་འཇུག་ཡུལ་དངུལ་ ཁང་ཁག་གོ་སྒྲིག་ཞུས་ཏེ་(Dalai Lama Trus)ཞེས་པའི་ཡིད་ཆེས་དངུལ་ལས་ཁང་བཙུགས་ཏེ་གཞུང་སའི་ཕྱག་དངུལ་ལ་ཁྲལ་ཆག་ཐབས་ མཛད། ཕྱི་ལོ་ ༡༩༦༩ ལོར་རྒྱ་གར་གྱི་ཝི་ཧར་མངའ་སྡེའི་ཧི་རོ་ངྷིར་དགེ་བདེ་ལྕགས་དོང་བཟོ་གྲྭ་ཐོག་མར་གསར་འཛུགས་སོགས་ཀྱི་ཕྱག་ལས་གནང་འདུག ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༨ ཉིན་དགུང་གྲངས་ ༩༡ ལ་ཕེབས་པའི་ཚ་རོང་བདུད་འདུལ་རྣམ་རྒྱལ་མཆོག་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་སྨན་ཁང་དུ་འདས་གྲོངས་སུ་གྱུར་ཡོད།
    དམ་པ་དེ་ཉིད་ཀྱིས་རང་གི་ཕ་མདའ་བཟང་དགྲ་འདུལ་ཚ་རོང་གི་ལོ་རྒྱུས་ཀྱི་དཔེ་དེབ་ ཅིག་བྲིས་གནང་ཡོད་པ་མ་ཟད། ཁོང་གིས་བོད་ཀྱི་དེ་སྔའི་གནས་སྟངས་ཐོག་(What Tibet Was) ཞེས་པའི་དཔེ་དེབ་ཅིག་བྲིས་གནང་ཡོད། དམ་པ་ཁོང་པར་རྒྱག་རྒྱུར་ཐུགས་སྣང་ཆེན་པོ་ཡོད་པ་དང་པར་གྱི་ལམ་ནས་བོད་ནང་རྒྱ་ ནག་གཞུང་གིས་བཙན་འཛུལ་བྱས་ཚུལ་རྣམས་འཛམ་གླིང་མི་མང་ཚོར་ར་སྤྲོད་བྱ་རྒྱུར་ རྩ་ཆེའི་དཔང་རྟགས་ཤིག་ཆགས་ཐུབ་ཡོད། ཁོང་དང་སྐུ་ཟླ་དབྱངས་ཅན་སྒྲོལ་དཀར་ལགས་སུ་ཕྲུ་གུ་ལྔ་ཡོད་པ་རྣམས་ནི་སྟག་ལྷ་རྣམ་རྒྱལ་ལྷ་མོ་ལགས་དང་། ནོར་འཛིན་ཞ་སྒབ་པ། ཚེ་དབང་འཇིགས་མེད། འབྲི་གུང་ཆེ་ཚང་རིན་པོ་ཆེ། ཚེ་བརྟན་དཔལ་འབྱོར་བཅས་ཡིན་འདུག

    Reply
  3. གཡང་འཛོམས། says:
    ལོ་ 10 སྔོན།

    ༼ ཡབ་ཚ་རོང་ཟླ་བཟང་དགྲ་འདུལ་གྱི་ལོ་རྒྱུས། ༽
    ཚ་རོང་ཟླ་བཟང་དགྲ་འདུལ་ནི། འཕན་པོ་དཔལ་གླིང་ཤང་ཁ་སྐོར་གྲོང་ཚོའི་མདའ་བཟོ་ཚང་ཞེས་སེ་ར་ཕུར་ལྕོག་བླ་བྲང་གི་མི་སེར་ཞིག་གི་ཁྱིམ་ནས་ཡིན་ཞིང་། ཁྱིམ་ཚང་ཁྲལ་བུན་ཆེ་བས་ཁོང་དང་གཅུང་པོ་བསོད་ནམས་དབང་འདུས་གཉིས་ལྷ་སའི་བྱང་ཕྱོགས་དོག་བདེ་ལྷོ་མོས་གཞིས(དེ་སྔ་ཕུར་ལྕོག་བླ་བྲང་གི་གཞིས་ཀ་ཡིན)སུ་ལུག་རྫི་ར་སྡོད་སྐབས་སྤྱང་ཀིས་ར་ལུག་བསད་རྐྱེན་བྲོས་བྱོལ་གྱིས་ལྷ་སའི་ནུབ་ཏུ་ཡོད་པའི་མཁར་ནག་གླིང་ཁར་བོད་ས་གནས་སྲིད་གཞུང་གི་རྔ་མོང་བདག་སྐྱོང་འགོ་པ་ཞིག་གི་སར་བསྡད་པ་བརྒྱུད་དེའི་ངོ་ཤེས་རྩེ་དྲུང་རྩེ་གཉེར་ཚང་བ་ཞིག་གི་གཡོག་པོར་སྡོད་སྐབས་བོད་རབ་བྱུང་བཅོ་ལྔ་པའི་ཤིང་འབྲུག(༡༩༠༤)ལོར་དབྱིན་ཇིས་བོད་དུ་བཙན་བཛུལ་བྱེད་དུས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་རྒྱ་སོག་ཡུལ་གྲུར་ཕེབས་སྐབས་རྩེ་དྲུང་དེ་ཆིབས་ཞབས་སུ་བསྐྱོད་ནས་ཟླ་བཟང་དགྲ་འདུལ་གཡོག་ཏུ་ཡོད་པ་དེའི་གྲུང་ཤ་དོད་པ་སོགས་ཀྱི་རྣམ་འགྱུར་ལ་ཏཱ་ལའི་བླ་མའི་མཉེས་པོ་བྱུང་ནས་ཆིབས་ཞབས་སུ་ཚུད། ལྕགས་ཁྱི་(༡༩༡༠)ལོར་ཏཱ་ལའི་བླ་མ་རྒྱ་གར་དུ་ཕེབས་པའི་ཆིབས་ཞབས་སུ་བསྐྱོད་དེ་ལྕགས་ཟམ་གྲུ་ཁར་ལུའུ་ཅུན་དམག་གི་རྗེས་འདེད་ལ་འགོག་རྒོལ་བྱས་ནས་རྒྱབ་སྲུང་ཞུས་རྗེས་རྒྱ་གར་དུ་བསྐྱོད། ཏཱ་ལའི་བླ་མས་གཟིགས་སྐྱོང་ཆེན་པོ་གནང་སྟབས་སྤྱན་བསལ་གནམ་གང་ལགས་ཞེས་མིང་གྲགས། ཏཱ་ལའི་བླ་མ་རྒྱ་གར་དུ་ཕེབས་རིང་བོད་ཀྱི་སྲིད་དོན་ལས་འགན་གཙོ་བོ་བཀའ་བློན་ཚ་རོང་དབང་ཕྱུག་རྒྱལ་པོར་བཀའ་མངགས་གནང་བ་བཞིན་བཀའ་བློན་ཚ་རོང་པས་བོད་ས་གནས་སྲིང་གཞུང་དང་ལུའུ་ཅུན་བར་ཞི་མཐུན་ཡོང་ཐབས་གནང་བ་དེ་མི་ཉུང་ཤས་ཀྱི་བློར་མ་བབས་རྐྱེན་གླེང་ཕྱོགས་སྣ་ཚོགས་བཟོས་མཐར་བཀའ་བློན་ཚ་རོང་པ་དང་དེའི་བུ་བཀའ་མགྲོན་གཉིས་དམར་གསོད་གཏང་སྟབས་ཚ་རོང་ཁྱིམ་ཚང་དུ་བུ་མོ་བཞི་དང་མནའ་མ་མ་གཏོགས་མེད་སྟབས་ཆུ་བྱི(༡༩༡༢)ལོར་ཏཱ་ལའི་བླ་མ་ཕྱིར་ཕེབས་རྗེས་གཟིམ་དཔོན་མཁན་པོ་ཚ་སྤྲུལ་རིན་པོ་ཆེའི་ཞུས་ངོ་བཞིན་སྤྱན་བསལ་གནམ་གང་སྒེར་ཚ་རོང་པའི་མག་པར་བཏང་ནས་ཤོད་དྲུང་ཞུས་པ་དང་། དེ་རྗེས་བཀའ་བློན་དང་བོད་དམག་གི་སྤྱི་ཁྱབ་མདའ་དཔོན(དམག་སྤྱི)བྱས་ཏེ་དམག་ཁྲིམས་དམ་འདོམས་ཚ་ནན་ཐལ་དྲགས་པ་དང་། དམག་ཁྲིམས་ཐད་བཀའ་ཤག་གི་བཀའ་སྒུག་མི་དགོས་པའི་སྐོར་སོགས་ལ་དམག་དཔོན་ཁག་ནས་གན་རྒྱ་བཞག་པ་སོགས་ཀྱི་རྐྱེན་པས་དམག་སྤྱི་ཕྱིར་འཐེན་དང་། དེ་རྗེས་བཀའ་བློན་ཡང་གནས་དབྱུང་གིས་ཛ་སག་དུ་བཞག་མཐར་བོད་ཀྱི་གསེར་ཊམ་དང་། བོད་དངུལ་སྣ་ཚོགས། བལ་འཁེལ་འཐག་བཟོ་གྲྭ་སོགས་ཀྱི་འགན་འཁུར་བྱས་ཐོག་ཀརྨ་ཤར་གླིང་ཁ་ནས་ནོར་བུ་གླིང་ཁ་བར་གྱི་ཆུ་ཡུར་དང་། ལྕགས་པོ་རིའི་ལྷོ་ངོས་སུ་སྨོན་ལམ་ཚོགས་ཤིང་གི་དམིགས་སྒོ་ལྕང་ཤིང་གསར་འཛུགས། སྟོད་ལུང་ཁྲི་ཟམ་ལ་ཨར་འདམ་ཟམ་པ་གསར་བཟོ། ཆུ་ཤུལ་རྫོང་ཁོངས་གནམ་གྱི་འཕྲེང་ལམ་གཏོར་ནས་ལམ་ཆེན་བཟོ་བ་སོགས་བྱས་པ་མ་ཟད། ར་མ་སྒང་གི་རི་ཟུར་ནས་ལྷ་སའི་སྐྱིད་ཆུར་ཟམ་པ་འཛུགས་རྩིས་བྱས་ཀྱང་དོན་དེ་མ་འགྲུབ། ཚོང་གཉེར་ཤུགས་ཆེ་བྱས་ནས་རང་ཁྱིམ་འབྱོར་པ་ཆེ་གྲས་སུ་གྱུར་པ་མ་ཟད། ཁོང་ནི་བློ་རིག་གསལ་ལ་བློ་རྒྱ་ཆེ་བ་ཞིག་ཡིན་པས་ཁྱིམ་ཚང་གི་བྱེད་སྒོ་དང། ཁང་པའི་བཟོ་བཀོད་སོགས་ཀྱང་ཞིང་བྲན་བདག་པོ་གཞན་ལས་ཕྱི་ལུགས་སམ་སྔོན་ཐོན་གྱི་རྣམ་པ་ཆེ་ཙམ་ཡོད། རབ་བྱུང་བཅུ་དྲུག་པའི་ས་བྱ(༡༩༦༩)ལོར་འདས།

    Reply
  4. སྤང་མདའ་སྟོབས་རྒྱས། says:
    ལོ་ 10 སྔོན།

    བོད་གཞུང་གི་གསེར་དངུལ་ཡོད་ཚད་ལྷ་ས་ནས་འབྲས་ལྗོངས་བར་འོ་འདྲེན་བྱེད་མཁན་སྤང་མདའ་ཚང་ཡིན། གནས་ཚུལ་དེས་རྐྱེན་པའི་སྤང་མདའ་ཡར་འཕེལ་རྒྱ་གར་ཀ་ལི་སྤུངས་ནས་ཕྱིས་བོད་དུ་ལོག་དགོས་བྱུང་བ་དང་། སྤང་མདའ་ར་དགའ་ལ་ཀ་སྤུངས་ནས་མི་མདའ་ཕོག་པ་དང་། སྤང་མདའ་དབང་མོ་༧གོང་ས་མཆོག་མཇལ་བཅར་བཏང་ཉེས་ཀྱི་དྲུང་ཆེ་རྟ་ར་ལགས་ཀྱི་སྐེ་ལ་ཐག་པ་བཏགས་ནས་དྲུད་དགོས་ཟེར་བ་སོགས་ཀྱི་གནས་ཚུལ་དེ་དག་གི་ཕུག་ཏུ་སྐུ་ངོ་རྒྱ་ལོ་བཞུགས་ཡོད་ཙང་ད་ལན་ཐུག་བཟོ་ཟེར་བའི་དེབ་ནང་དེའི་སྐོར་འཁོད་ཡོད་མེད་ངོ་སྤྲོད་གནང་རོགས། གལ་སྲིད་འཁོད་མེད་ན་ད་དུང་སྐུ་ངོ་གསང་བ་ཆེན་པོ་མི་ཚེ་ལོ་རྒྱུས་གཞན་ཞིག་ཐོན་རྒྱུ་ཡིན་པ་ངོས་འཛིན་ཞུ་ཆོག།

    Reply
  5. གཙང་ཆབ། says:
    ལོ་ 10 སྔོན།

    གང་ལྟར་གསེར་དངུལ་དེ་དག་ཚ་རོང་བདུད་འདུལ་རྣམ་རྒྱལ་དང་། རྒྱལ་ལོ་དོན་གྲུབ་གཉིས་ཀྱི་བར་ནས་མེད་པ་ཆགས་སོང་བ་གསལ་བོ་རེད།
    ང་རང་རྒྱལ་ལོ་དོན་གྲུབ་ལ་དོགས་པ་ཆེ་བ་ཟ་བཞིན་ཡོད། གང་ཡིན་ཟེར་ན། སྐབས་དེར་ཁོ་རང་གཉིས་ལ་དབང་ཆ་ཆེ་བ་རྒྱལ་ལོ་དོན་གྲུབ་ལ་ཡོད་རེད། གང་ཡིན་ཟེར་ན་ཁོས་གསེར་དངུལ་དེ་དག་ལ་བཏང་འཛིན་བྱེད་ཀྱི་ཡོད་པ་སྒང་གི་གསར་འགྱུར་ནང་དུ་ཡང་འཁོད་འདུག དངོས་ཡོད་གནས་སྟངས་ཀྱི་ཐད་ནས་ཀྱང་བོད་ས་ཤོར་ནས་རྒྱ་གར་ནང་འབྱོར་བའི་སྐབས་དེར་རྒྱལ་ལོ་དོན་འགྲུབ་བོད་པའི་དམག་དང་བོད་གཞུང་གི་རྒྱུ་ནོར་ཡོངས་རྫོགས། མཐའ་ན་སྐབས་དེའི་བོད་གཞུང་གི་བཀའ་བློན་རྣམས་ཀྱང་ཧ་ལམ་རྒྱལ་ལོ་དོན་གྲུབ་ཀྱི་བཏང་འཛིན་འོག་ཡོད་པ་རེད། གནས་སྟངས་དེ་འདྲ་ཞིག་གི་འོག་ནས་ཚ་རོང་གིས་དེ་འདྲ་བྱེད་ཕོད་ཀི་མ་རེད་ལ། གསེར་དངུལ་དེ་འདྲ་ཕོན་ཆེན་པོ་ཞིག་འཁོར་སྐྱོད་སྒེར་བཟོས་བྱེད་པའི་གོ་སྐབས་དང་དབང་ཆ་གཉིས་ཆ་རེག་ཐབས་ཡོད་པ་མ་རེད་བསམ་གྱི་འདུག

    Reply
  6. བློ་ཕུན། says:
    ལོ་ 10 སྔོན།

    ཚ་རོང་ཚང་དང་འབྲེལ་བའི་གནས་ཚུལ་ཞིག་འདིར་འགོད་ཆོག་པ་བྱོས།

    དམག་སྤྱི་ཚ་རོང་དང་འབྲེལ་བའི་ཡིད་སྐྱོ་བའི་ལོ་རྒྱུས་དུམ་བུ་ཞིག
    ལུགས་རྙིང་བོད་བཀའ་ཤག་སྲིད་གཞུང་གི་དམག་སྤྱི་ཆེན་མོ་བཀའ་བློན་ཚ་རོང་ཟླ་བཟང་ དགྲ་འདུལ་ལམ་སྤྱན་བསལ་གནམ་གང་ལགས་སུ་འབོད་པ་ཁོང་ནི། སྤྱི་ལོ་༡༨༨༨ལོར་འཕན་ཡུལ་དཀར་མོ་ལྗོངས་ཀྱི་སའི་ཆར་གཏོགས་པའི་ལྷུན་གྲུབ་ རྫོང་དཔལ་འབྱོར་གླིང་ཤང་ཁ་སྐོར་གྲོང་ཚོའི་མདའ་བཟོ་ཚང་ཞེས་པ་སེ་ར་ཕུར་ལྕོག་ བླ་བྲང་གི་མི་སེར་དཀྱུས་མ་ཞིག་གི་ཁྱིམ་དུ་འཁྲུངས་ཤིང་ཆུང་དུས་ཀྱི་མཚན་ལ་ གནམ་གང་ཞེས་འབོད། ཆུང་དུས་སུ་ཕུར་ལྕོག་བླ་བྲང་གི་གཞིས་ཀ་ཞིག་གི་ལུག་རྫིར་བསྡད་མྱོང་བ་དང་། སྤྱི་ལོ་༡༩༠༤ལོར་དབྱིན་ཇིས་བོད་དུ་བཙན་འཛུལ་བྱས་པས་༧རྒྱལ་དབང་སྐུ་ཕྲེང་བཅུ་ གསུམ་པ་སོར་པོར་ཉེན་གཡོལ་དུ་ཕེབས་སྐབས་ཚ་རོང་ཁོང་གི་ཆིབས་གཡོག་ཏུ་ཁྲིད། དེ་ནས་ཨུ་རུ་སུ་སོགས་སྟོབས་ཆེའི་རྒྱལ་ཁབ་རེ་འགར་དཔུང་རོགས་ཀྱི་ཐུགས་རེ་ བཅངས་ཀྱང་སྟོང་ཟད་དུ་སོང་བས་སླར་བོད་ཡུལ་དུ་ལོག དེ་ལྟ་བུའི་དཀའ་ཁག་དུ་མ་འཕྲད་རྗེས་ཁོང་གི་ཐུགས་སུ་སྟོབས་ཆེ་བའི་དམག་དཔུང་ ཞིག་ཡོད་ན་གཞི་ནས་རང་ཉིད་བདེ་འཇགས་ངང་འཚོ་གནས་དང་འཕེལ་རྒྱས་ཡོང་བའི་ངེས་ ཤེས་དྲག་པོ་རྙེད་དེ་ཚ་རོང་སོགས་ལ་རྒྱལ་ཁབ་གཞན་གྱི་ས་ནས་དམག་རྩལ་སྦྱོང་བའི་ དྭངས་ཁ་སྦྱིན་ཤིང་། ཚ་རོང་མ་གཞི་ནས་བློ་རིག་བཀྲ་ལ་བརྩོན་འགྲུས་ལྡན་པ་ཞིག་ཡིན་ཁར་ལོ་ན་ཆུང་ཡང་ ༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་ཕྱག་རོགས་བྱས་ཏེ་རྒྱ་གར་དང་རྒྱ་ནག་སོགས་ སུ་འགྲོ་མྱོང་བ་དང་མི་རིགས་མང་པོ་མཐོང་མྱོང་བས་ལྟ་རྒྱ་དང་མཐོང་རྒྱ་བསྐྱེད་ པ་མ་ཟད། རྒྱ་ནག་ཏུ་སྡོད་སྐབས་ཨུ་རུ་སུའི་དམག་སྒར་ཞིག་ཏུ་དམག་རྩལ་སློབ་སྦྱོང་བྱེད་ མྱོང་ཡོད། ལྕགས་ཟམ་གྲུ་ཁར་ལུའུ་ཅན་དམག་དཔུང་ལ་འགོག་རྒོལ་འཐབ་འཛིང་གིས་རྒྱལ་དབང་སྐུ་ ཕྲེང་བཅུ་གསུམ་པ་མཆོག་བདེ་སྲུང་གིས་རྒྱ་གར་དུ་བསྐྱོད་ཐུབ་པ་བྱུང་བས་ཁོང་ལ་ གཟིགས་སྐྱོང་དེ་བས་ཆེན་པོ་གནང་སྟེ་སྤྱན་གསལ་གནམ་གང་ཞེས་མིང་དུ་གྲགས། རང་ཉིད་ལ་ཁ་ཞེ་གཉིས་མེད་ངང་ཞབས་ཏྟོག་བསྒྲུབས་ཤིིང་རང་ཉིད་དགྲ་བོ་མང་པོའི་ བཀག་འགོག་ལས་བསྒྲལ་རོགས་མཛད་པས་རྒྱལ་དབང་ཁོང་ལ་ཐུགས་མཉེས་ཐག་ཆོད་དེ་མཚན་ཡང་ ཟླ་བཟང་དགྲ་འདུལ་ཞེས་གསོལ། རྒྱལ་དབང་ཡུལ་གཞན་དུ་འགྲོ་ཡུན་དུ་བཀའ་བློན་ཚ་རོང་དབང་ཕྱུག་རྒྱལ་པོས་བོད་ ཀྱི་སྲིད་ཀྱི་འགན་བཞེས་ཏེ་ཡོད་མོད། ཚ་རོང་དབང་ཕྱུག་རྒྱལ་པོས་བོད་སྲིད་གཞུང་དང་ལུའུ་ཅན་བར་ཞི་མཐུན་ཡོང་ཐབས་བྱས་ པར་མི་འགའ་ཤས་ཤིག་མ་འཐད་པར་གླེང་ཕྱོགས་བཟོས་ཏེ། བཀའ་བློན་ཚ་རོང་པ་དང་ཁོང་གི་སྲས་བཀའ་མགྲོན་གཉིས་དམར་གསོད་བཏང་སྟེ་ཚ་རོང་ པའི་ཁྱིམ་ཚང་དུ་བུ་མོ་བཞི་དང་མནའ་མ་ལས་མ་ལྷག སྤྱི་ལོ་༡༩༡༢ལོར་རྒྱལ་དབང་མཆོག་ཕྱིར་ལྷ་སར་ཕེབས་རྗེས་གཟིམ་དཔོན་ཚ་སྤྲུལ་ རིན་པོ་ཆེས་ཞུས་ངོ་བཞིན་ཟླ་བཟང་དགྲ་འདུལ་ལམ་སྤྱན་གསལ་གནམ་གང་ཚ་རོང་པའི་ ཁྱིམ་དུ་མག་པར་བཏང་སྟེ་ཤོད་དྲུང་ཞུས། སྤྱི་ལོ་༡༩༡༣ལོར་ཚ་རོང་ལ་བོད་བཀའ་ཤག་དམག་སྤྱི་ཁང་གི་སྤྱི་ཁྱབ་དམག་སྤྱིའི་ འགན་བཞེས་སུ་བཅུག
    དེ་སྔོན་བོད་དམག་རྣམས་ནི་ཞིང་ལས་བྱེད་མཁན་གྱི་གྲལ་ནས་དམག་ཁྲལ་བསྡུས་པ་ཤ་ སྟག་ཡིན་པ་ལས་ཆེད་ལས་ཀྱི་དམག་མི་མེད་པས་རྒྱལ་དབང་ཁོང་དང་ཚ་རོང་ནས་དབུས་གཙང་ ས་ཁུལ་ནས་བོད་དམག་མི་གྲངས་༤༠༠༠བསྡུ་རུབ་བྱས། སྤྱི་ལོ་༡༩༡༥ ལོར་བཀའ་བློན་དུ་བསྐོ་བཞག་གནང་ཞིང་། བཀའ་བློན་ཚ་རོང་ཟླ་བཟང་དགྲ་འདུལ་ཞེས་ཀུན་ལ་གྲགས། ཚ་རོང་ཟླ་བཟང་དགྲ་འདུལ་བོད་ཀྱི་དམག་དཔོན་བྱས་རྗེས་ཁོང་གིས་གཅིག་ནས་རང་ཉིད་ མངའ་འོག་གི་དམག་མི་རྣམས་ལ་སྒྲིག་འཛུགས་ནན་པོ་བྱེད་པ་དང་། དམག་སྦྱོང་ནན་པོ་བྱེད་དུ་བཅུག་པ་མ་ཟད་ཐབས་བརྒྱ་ཇུས་སྟོང་གིས་བོད་དམག་རྣམས་ དེང་རབས་ཅན་གྱི་དམག་དཔུང་དུ་འགྱུར་རྒྱུའི་རེ་བ་བཅངས། ཚ་རོང་གིས་སྔ་རྗེས་སུ་དབྱིན་གཞུང་ནས་དེང་རབས་ཅན་གྱི་མེ་མདའ་དང་འབར་རྫས་ སོགས་ཉོ་ཐབས་སྣ་ཚོགས་བྱས་ཀྱང་ཕྱི་རྐྱེན་དང་ནང་རྐྱེན་སྣ་ཚོགས་ཀྱི་དབང་གིས་ དེ་དག་ལམ་དུ་མ་ལྷོངས། སྤྱི་ལོ་༡༩༢༠ལོར་ཚ་རོང་གིས་བོད་དམག་གི་མི་གྲངས་ལྡབ་གསུམ་སྤར་རྒྱུའི་བསམ་ འཆར་བཏོན་པ་ལྟར་བོད་དམག་༡༥༠༠༠གསར་དུ་སྣོན་པ་དང་དམག་མི་དེ་དག་གི་ཟས་གོས་དང་ ཡོ་ཆས་ཡོད་ཚད་བཀའ་ཤག་སྲིད་གཞུང་ནས་འདོན་དགོས་པས་བཀའ་ཤག་སྲིད་གཞུང་ལ་དཔལ་ འབྱོར་གྱི་གནོན་ཤུགས་མི་ཆུང་བ་ཐེབས། བོད་དམག་ལྡབ་གསུམ་སྤར་བ་དེས་སེ་འབྲས་དགེ་གསུམ་གྱི་གཙོས་པའི་དགོན་སྡེ་ཁག་གི་ སེར་མོ་བ་དང་། བཀའ་ཤག་ནང་ཁུལ་གྱི་དཔོན་ཆེན་ཁག་བཅས་ཀྱིས་ངོ་རྒོལ་དྲག་པོ་བྱུང་བ་དང་། སེ་འབྲས་དགེ་གསུམ་གྱི་གཙོས་པའི་དགོན་སྡེ་ཁག་གི་སེར་མོ་བ་དང་བཀའ་ཤག་ནང་ཁུལ་ གྱི་དཔོན་ཆེན་ཁག་གགི་སེམས་སུ་ཚ་རོང་ནི་བོད་བཀའ་ཤག་སྲིད་གཞུང་གི་བཀའ་བློན་ དང་། བོད་དམག་གི་སྤྱི་ཁྱབ་དམག་སྤྱི། ཤོག་བུ་བཟོ་གྲྭ་སོགས་ཀྱི་མགོ་གཙོ་ཡིན་ཁར་རྒྱལ་དབང་ཁོང་གི་སྤྱན་གསལ་ཡང་ཡིན་ པའི་དམིགས་བསལ་གནས་བབ་དང་ལྷག་པར་དུ་བོད་དམག་གི་གནས་བབ་ཇེ་མཐོར་འགྲོ་ཞིང་བླ་ གྲྭ་དང་དཔོན་རིགས་ཁག་གི་གཟི་ཉམས་ཇེ་ཞན་དུ་འགྲོ་བ་ལ་གཞིགས་ཏེ། ཕྱིས་སུ་ཚ་རོང་མངའ་འོག་གི་དམག་མི་མང་པོ་ཞིག་གིས་བཀའ་ཤག་དང་དགོན་སྡེ་ཁག་གི་ བླ་གྲྭ་ཚོའི་གནས་བབ་འཕྲོག་འོངས་སྙམ་པའི་དོགས་པའམ་ཡང་ན་བཀའ་ཤག་གི་སྲིད་དབང་ འཕྲོག་འོངས་སྙམ་པའི་དོགས་པ་སྣ་ཚོགས་ཡིད་ལ་ཤར། དེ་ལྟར་ལོ་ཤས་འདས་པ་ན་བོད་དམག་དང་དགོན་སྡེ་ད་དུང་བཀའ་ཤག་སྲིད་གཞུང་སོགས་ ཀྱི་དབར་གྱི་འགལ་བ་དེ་དེ་བས་རྣོ་ངར་ཅན་དུ་འགྱུར་འགོ་ཚུགས། བོད་དམག་རྣམས་ཀྱིས་མགོ་སྐྲ་གཅོད་པ་དང་ཕྱུ་པ་མི་གྱོན་པ་སོགས་དབྱིན་ཇི་དང་ཨུ་ རུ་སུ་རྒྱ་ནག་སོགས་ཀྱི་དེང་རབས་ཅན་གྱི་དམག་མིའི་ཆས་གོས་གྱོན་པ་དང་རྐང་རྩེད་ སྤོ་ལོ་སོགས་དེང་རབས་ཀྱི་ལུས་རྩལ་རྩེ་བ། བླ་གྲྭ་དང་དཔོན་རིགས་ལ་ལྟོས་བཅས་ཀྱིས་དད་གུས་མི་བྱེད་པ་སོགས་བྱུང་བས། བོད་ཀྱི་སེར་སྐྱ་ཕོ་མོ་ཡོངས་ཀྱིས་དགག་པ་ནན་པོ་བྱས། ལྷག་པར་དུ་ཨ་ར་དཀར་པོས་གཙོས་པའི་མི་དྲག་མང་པོས་ཚ་རོང་མེད་པར་བཟོ་བའི་དབྱེན་ གྱི་སྦྱོར་བ་རྒྱ་ཆེར་རྩོམ་འགོ་ཚུགས། ཁོ་ཚོས་རྒྱལ་དབང་དང་ཚ་་རོང་གི་བར་སེལ་འཇུག་དཀྲུག་ཤིང་གི་ཞུ་ལོག་སྣ་ཚོགས་ བཟོས་ཤིང་། ཐོག་མར་རྒྱལ་དབང་ཁོང་གིས་ཁོ་ཚོའི་དབྱེན་སྦྱོར་ལ་མི་གསན་མོད་ཕྱིས་སུ་ཨ་ར་ དཀར་པོས་གཙོས་པའི་མི་དྲག་རྣམས་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་ལས་ངན་ཡོད་དང་ཚ་ རོང་དང་འབྲེལ་ཨེ་ཐུབ་ལྟ་བ་དང་། ལྷག་པར་དུ་སྤྱི་ལོ་༡༩༢༤ལོར་བོད་དམག་དང་བོད་དུ་བཅའ་སྡོད་རྒྱ་གར་ཉེན་རྟོག་པ་ གཉིས་ཟིང་འཁྲུག་ལངས་པའི་ཁྲོད་བོད་དམག་གིས་རྒྱ་གར་གྱི་ཉེན་རྟོག་པ་གཅིག་བསད་ པ་དེས་ཚ་རོང་ཁོང་ཁྲོ་ཚད་མེད་ལངས་ཏེ་ཉེན་རྟོག་པ་གསོད་མཁན་གྱི་དམག་མི་དག་གི་ རྐང་པ་པུས་མོའི་མཚམས་ནས་བྲེགས་པ་དང་དེའི་ངན་རོགས་ཀྱི་རྣ་བ་བྲེགས་པས་མང་ ཚོགས་ཀྱིས་ལབ་གླེང་སྣ་ཚོགས་བྱུང་། ཁོང་གིས་དེ་ལྟར་བྱེད་པ་ནི་དམག་མི་རྣམས་ལ་རང་སྣང་གང་ཤར་བྱེད་པའི་བསམ་པ་མེད་ པ་བཟོ་བྱེད་དམ་ཡང་ན་མི་རིགས་གཉིས་ཀྱི་འཆམ་མཐུན་ལ་དགོངས་པ་ཡིན་ངེས་ཀྱང་། ཨ་ར་དཀར་པོའི་ངོས་ནས་བརྗོད་ན་ད་གཟོད་ཚ་རོང་ལ་རྒོལ་ལན་སྤྲོད་པའི་དུས་ལེགས་ པོ་ཞིག་ཤར་སོང་སྙམ། ཨ་ར་དཀར་པོས་ཚ་རོང་གིས་རྒྱལ་དབང་ལ་སྙན་གསེང་མ་ཞུས་པར་རང་གར་ཁྲིམས་བུ་ཆུང་ སྤྱད་པ་དེས་རྒྱལ་དབང་མིག་ནང་དུ་མ་བཞག་ཚུལ་དང་ཚ་རོང་གིས་གཙོས་པའི་བོད་དམག་ བསྟན་པའི་དགྲ་ལ་ལངས་ཚུལ། དེ་བཞིན་ཚ་རོང་གིས་དབྱིན་གཞུང་ལ་ངོ་དགའ་བྱེད་ཚུལ་སོགས་མངོན་ལྐོག་སྣ་ཚོགས་ བརྒྱུད་དེ་རྒྱལ་དབང་གི་སྙན་དུ་གསོལ་གང་ཐུབ་བྱས། དེ་ལྟར་རྒྱལ་དབང་ཁོང་གི་ཐུགས་དགོངས་སུའང་བོད་དམག་རྣམས་ཀྱིས་ཚ་རོང་མགོ་རྩེར་ བཀུར་བ་དང་། བོད་དམག་གི་སྟོབས་ཤུགས་ཀྱང་བོད་ནང་ཁུལ་གྱི་ཚོགས་པ་ཁག་ལས་དམིགས་བསལ་དུ་ཐོན་ ཡོད་པ་གཟིགས་རྗེས། ཁོང་རང་ཉིད་ལའང་འཇིགས་དངངས་དང་དོགས་པ་ཅུང་ཟད་བྱུང་ནས་མཐར་ཚ་རོང་མེད་པར་བཟོ་ རྒྱུའི་སེམས་ཐག་བཅད། མཐར་སྤྱི་ལོ་༡༩༢༤ལོའི་ལོ་སྨད་དུ་ཚ་རོང་རྒྱ་གར་དུ་སོང་བའི་སྐབས་དང་བསྟུན་ཏེ་ ཚ་རོང་དང་ཉེ་བའི་དམག་དཔོན་དང་མི་དྲག་མང་པོ་གནས་དབྱུང་བཏང་། སྤྱི་ལོ་༡༩༢༥ཚ་རོང་ལོར་བོད་ཡུལ་དུ་འཁོར་རྗེས་རྒྱུ་མཚན་གང་ཡང་མ་བཤད་པར་ཁོང་ དམག་དཔོན་ལས་གནས་དབྱུང་བཏང་། སྤྱི་ལོ་༡༩༣༠ལོར་ཚ་རོང་གིས་བཀའ་བློན་ལས་དགོངས་ཞུ་བྱས། ཨ་རིའི་བོད་རིག་པ་མེ་ཁེར་སི་ཏན་སོགས་ཀྱིས་ཀྱང་ཚ་རོང་དམག་སྤྱི་ལས་གནས་དབྱུང་ བཏང་བ་ནི་བཀའ་ཤག་སྲིད་གཞུང་གི་གོད་ཆག་ཆེན་པོ་ཞིག་ཡིན་པ་དང་། དེ་ནས་བཟུང་བོད་དམག་རྣམས་སླར་ཡང་སྣུམ་ཟད་ཀྱི་མར་མེ་ཞིག་ཏུ་གྱུར་ཞེས་གསུངས་ འདུག
    ཁོང་གིས་བོད་ཀྱི་དམག་དཔུང་དེང་རབས་ཅན་གྱི་ཕྱོགས་སུ་ཁ་ཕྱོགས་བསྒྱུར་བ་ ཕུད། ཚན་རིག་དང་བོད་ཀྱི་འཕེལ་རྒྱས་སླད་སྔ་རྗེས་སུ་ཡིག་བཏགས་འཕྲུལ་འཁོར་དང་མེ་ མདའ། འབར་རྫས། གློག་ཆས་སོགས་ནང་འདྲེན་དང་དར་སྤེལ་བྱེད་པའི་དགོངས་པ་སྣ་ཚོགས་བྱུང་ཡང་དོན་ དངོས་སུ་མ་གྱུར། ཕྱིས་སུ་དམག་དཔོན་དང་བཀའ་བློན་གྱི་འགན་བཞག་རྗེས་ཀྱང་བོད་ཀྱི་གསེར་ཊམ་དང་ དངུལ་སྣ་ཚོགས། བལ་འཁེལ་འཐག་ལས་བཟོ་གྲྭ་བཅས་ཀྱི་འགན་བཞེས་མཐར་སྤྱི་ལོ་༡༩༦༩ལོར་དགོང་པ་ རྫོགས། གཞན་ཁོང་གི་བུ་རྒན་པ་ཚ་རོང་བདུད་འདུལ་རྣམ་རྒྱལ་ལགས་ཀྱིས་རང་ཉིད་ཀྱི་ཡབ་ཆེན་ ཚ་རོང་ཟླ་བཟང་དགྲ་འདུལ་གྱི་མི་ཚེ་ལོ་རྒྱུས་དང་། དེ་སྔའི་བོད་ཀྱི་གནས་སྟངས་སྐོར་གྱི་དེབ་གཉིས་བརྩམས་ཡོད་པར་གྲགས་པས་གཟིགས་ པར་མཛོད།།

    Reply
  7. Lakpatsering says:
    ལོ་ 10 སྔོན།

    གནས་ཚུལ་གསལ་བོ་གསལ་རྐྱང་བཀོད་པ་ཐུགས་རྗེ་ཆེ། སྤྱི་ཚོགས་དྲ་ལམ་ཁག་ཏུ་དཀྲོག་གཏམ་སྣ་ཚོགས་ཁྱབ་བཞིན་པ་དེ་དག་ལ་གསལ་བོ་ཆགས་པའི་རེ་བ་ཡོད།
    སྐུ་ངོ་ཚ་རོང་བདུད་འདུལ་རྣམ་རྒྱལ་སྐོར་གྱི་གནས་ཚུལ་ཞིག་བོད་ཀྱི་དུས་བབ་ཀྱིས་སྤེལ་ཡོད་་http://www.tibettimes.net/news.php?id=4588

    Reply
  8. ཇོ་རུ་ཚེ་རིང་། says:
    ལོ་ 10 སྔོན།

    འདི་ཧ་ཅང་ཡག་པོ་འདུག ཐུགས་རྗེ་ཆེ། གཞན་པར་དག་གི་འོག་ཏུ་ལོ་ཚིགས་དང་པར་ངོས་ཀྱི་མིའི་མིང་སོགས་ངོ་སྤྲོད་ཐུང་ངུ་རེ་བཀོད་ན་ཡག་ས་རེད། ཀློག་པ་པོ་རྣམས་ལ་གོ་བ་ལོན་བདེ་བོ་ཡོང་ངེས།

    Reply
  9. ཆུ་འཛིན་དཀར་པོ། says:
    ལོ་ 10 སྔོན།

    བཀྲ་ཤིས་རྣམ་གཉིས་ལ་ཐུགས་རྗེ་ཆེ་གྲངས་མེད་ཞུ། རྩ་ཆེའི་དཔེ་དེབ་ཀྱི་ནང་དོན་རྣམས་ཁ་གསལ་ཚིག་གསལ་གྱི་སྒོ་ནས་འདི་ལྟར་བོད་ཡིག་ཐོག་ཕབ་བསྒྱུར་གནང་སྟེ་ང་དང་ང་ལྟ་བུ་དག་གི་ལོངས་སྤྱོད་ཀྱི་སྐལ་བར་གནང་བ་ཐུགས་རྗེ་ཆེ་གྲངས་མེད་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese