མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འོས་བསྡུའི་ལས་རིམ་ནང་སྒྲིག་འགལ་བྱུང་རིགས་ལ་ཉེས་ཆད་ནན་མོ་གཅོད་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༥/༠༧/༡༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དབུས་འོས་བསྡུ་ལྷན་ཁང་གིས་སྲིད་སྐྱོང་དང་སྤྱི་འཐུས་སྐབས་ ༡༦ པའི་འོས་བསྡུའི་བརྒྱུད་རིམ་ནང་འོས་གཞི་དང་ཕྱོགས་གཏོགས་པས་འོས་བསྡུའི་སྒྲིག་གཞི་དང་འགལ་འཛོལ་བྱུང་རིགས་དངོས་ར་འཕྲོད་བྱུང་ཚེ་ཉེས་ཆད་ཁག་ཅིག་འགེལ་རྒྱུ་ཡིན་པའི་གསལ་བསྒྲགས་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ པ་ཐོག གངས་སྐྱིད་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་གིས་དབུས་འོས་བསྡུའི་འགན་འཛིན་ལས་འཕར་དགེ་བཤེས་བསྟན་པ་བཀྲ་ཤིས་དང་། བསྟན་འཛིན་ཆོས་འཕེལ་སོགས་ལྷན་བཞུགས་ཐོག བཀའ་ཤག་སྐབས་བཅོ་ལྔ་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་འོས་བསྡུའི་བརྒྱུད་རིམ་ནང་འོས་གཞིའམ་ཕྱོགས་གཏོགས་བྱེད་མི་གཙོས། སྐྱེ་བོ་སུ་རུང་དང་འོས་བསྡུའི་ལས་བྱེད། སྲིད་དོན་ཚོགས་པ་དང་ཚོགས་སྐྱིད་བཅས་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དང་དེའི་ལམ་སྟོན་བཅས་ལ་འགལ་འཛོལ་བྱུང་ཚེ། སྒྲིག་གཞི་དོན་ཚན་ ༢༥ པའི་དགོངས་དོན་ལྟར་ཉེས་ཆད་ཁག་ཅིག་གཅོད་རྒྱུ་ཡིན་པའི་གསལ་བསྒྲགས་གནང་སོང་།

དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱིས་གསུངས་དོན། འོས་བསྡུའི་སྒྲིག་གཞིའི་དགོངས་དོན་ལག་ལེན་བསྟར་སྐབས་གནད་དོན་ཞིག་ལྷག་པ་དང་། དེར་འོས་བསྡུ་ལས་ཁང་གིས་བརྩད་ཞིབ་བྱས་ཏེ་ཉེས་ཆད་གཏོང་དགོས་པའི་བཀའ་ཕབ་པ་ཡིན་ན། སྐབས་འཕྲལ་མི་ལ་བལྟས་ནས་ཐག་གཅོད་བྱེད་པ་ལྟ་བུ་ཞིག་ཆགས་ཀྱི་ཡོད་སྟབས། གནད་དོན་དེ་ཚོ་གང་ཟག་གི་དབང་སྒྱུར་ནས་ཁྲིམས་ཀྱི་དབང་སྒྱུར་འོག་འགྲོ་རྒྱུར་དམིགས་ཏེ། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༤ པའི་ནང་ཚན་དོན་ཚན་ ༩ ཙམ་ཞིག་ལུང་དྲངས་ཡོད་པ་མ་ཟད། དོན་ཚན་ ༢༥ ཡི་ནང་གསལ་ཉེས་ཆད་གཅོད་དགོས་པ་དེ་ཚོ་གཏན་འབེབས་གནང་ཡོད་སྟབས། ད་ཐེངས་ང་ཚོས་དོན་ཚན་ ༢༤ པའི་ནང་ཚན་དོན་ཚན་རེ་རེའི་ཐོག་ལ་འགལ་བ་དང་ནོར་བ་འཁྲུལ་བ་རིགས་བྱུང་ན། ཉེས་ཆད་འདི་འདྲ་ཡིན་ཟེར་བ་དང་། དེ་བཞིན། ཉེ་ཆར་དོན་ཚན་ ༩ པའི་ཆ་རྐྱེན་གྱི་འོག་ང་ཚོས་མང་ཚོགས་ལ་གང་ལ་གང་འཚམ་གྱི་ལམ་སྟོན་གཏན་འབེབས་ཞུས་ཡོད་སྟབས། དེ་ཚོར་འགལ་བ་ཡིན་ཡང་འགལ་བ་ལ་དཔག་པའི་ཉེས་ཆད་འདི་འདྲ་ཡིན་ཟེར་ནས་གཏན་འབེབས་བྱས་པ་དག་མ་གོ་མ་ཐོས་པ་མེད་པར་གསལ་བསྒྲགས་མཐིལ་ཕྱིན་ཡོང་ཆེད་གསར་འགོད་གསལ་བསྒྲགས་འདི་སྤེལ་བ་ཡིན། ཞེས་གསུངས་སོང་།

དེའི་རྗེས་ཁོང་གིས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༤ པའི་ནང་གསེས་ཁག་དང་འགལ་འཛོལ་བྱུང་ཚེ་སྒྲིག་གཞི་དོན་ཚན་ ༢༥ ཡི་དགོངས་དོན་ཉེས་ཆད་གཏན་འབེབས་གང་ཡིན་སྒྲོག་སྦྱངས་གནང་བའི་ནང་། གཅིག འོས་གཞིའི་སྐྱེ་བོའམ་དེའི་ཕྱོགས་གཏོགས་བྱེད་མི། གཞན་ཡང་སྐྱེ་བོ་སུ་རུང་ནས་དངུལ་དངོས་སོགས་ལྐོག་རྔན་སྤྲོད་ལེན་ནམ། སྤྲོད་དོན་བྱེད་རྒྱུར་ཁས་ལེན་ཀྱིས་སྐྱེ་བོ་གང་ཞིག ཀ༽ འོས་གཞིར་འཛུལ་ཞུགས་བྱེད་དུ་འཇུག་པ་དང་། བྱེད་དུ་མི་འཇུག་པ། དེ་བཞིན་འོས་གཞིར་ཞུགས་པ་ནས་ཕྱིར་འཐེན་བྱེད་དུ་འཇུག་པ་དང་། བྱེད་དུ་མི་འཇུག་པ་བཅས་ལ་ཐབས་ཤེས་བརྒྱུད་སྐུལ་བྱེད་པ། ཁ༽ ཕྱོགས་མཚུངས་འོས་འཕེན་པ་ཞིག་ནས་འོས་ཤོག་འཕེན་དུ་འཇུག་པ་དང་། འཕེན་དུ་མི་འཇུག་པ་བཅས་ལ་ཐབས་ཤེས་བརྒྱུད་སྐུལ་བྱེད་པ་སོགས་ཀྱི་འགལ་འཛོལ་དངོས་ར་འཕྲོད་བྱུང་ཚེ། འགལ་ཚབས་ཆེ་བར་ངོས་འཛིན་གྱིས་འོས་གཞི་སྐྱེ་བོ་དེའི་འོས་ཤོག་ཆ་ཚང་རྩིས་མེད་ཐོག་ལོ་ ༡༠ རིང་གཞུང་འབྲེལ་འོས་གཞི་དང་འོས་འཕེན་ཐོབ་ཐང་འཕྲོག་རྒྱུ།

གཉིས། ཡང་ན་འོས་གཞིའམ་འོས་འཕེན་པ་ཞིག་ལ་དྲག་ཤུགས་ཀྱི་ཐོག་ནས་འཇིགས་སྣང་སྐུལ་བའམ། སྐྱེ་བོ་གང་དག་འོས་གཞིར་འཛུལ་འཐེན་བྱེད་པ་དང་། འོས་བསྡུ་བྱེད་དང་མི་བྱེད་པ་བཅས་འོས་བསྡུའི་རང་དབང་ལ་ཐེ་བྱུས་དང་འགལ་རྐྱེན་བྱེད་ཚེ། སྐྱེ་བོ་དེར་ལོ་ ༡༠ རིང་གཞུང་འབྲེལ་འོས་འཕེན་ཐོབ་ཐང་འཕྲོག་རྒྱུ། གསུམ། འོས་གཞིའི་སྐྱེ་བོ་གཞན་ཞིག་གམ། དེའི་ཕྱོགས་གཏོགས། གཞན་ཡང་སྐྱེ་བོ་སུ་རུང་ནས་སྐྱེ་བོ་གཞན་ཞིག་ལ་འོས་བསྡུའི་རྒྱལ་ཁ་མ་ཐོབ་པའི་བསམ་སྦྱོར་ངན་པས་ཀུན་ནས་བསླངས་ཏེ་གཞི་མེད་སྒྲོ་བཏགས་ཀྱིས་སྐྱོན་བརྗོད་དམའ་འབེབས་བྱེད་པ་དང་། ལུང་ཚན་དང་ཆོས་བརྒྱུད། སྤྱི་ཚོགས་བཅས་ཀྱི་དབར་དབྱེན་སྦྱོར་གྱིས་ཕན་ཚུན་འཁོན་འཁྲུག་འབྱུང་གཞིའི་རྐྱེན་སློང་བྱེད་ཚེ། འགལ་ཚབས་ཆེ་བར་ངོས་འཛིན་གྱིས་འོས་གཞིའི་སྐྱེ་བོ་དེའི་འོས་ཤོག་ཆ་ཚང་རྩིས་མེད་དང་། དེའི་ཕྱོགས་གཏོགས་དང་། གཞན་ཡང་སྐྱེ་བོ་སུ་རུང་དེར་ལོ་ ༡༠ རིང་གཞུང་འབྲེལ་སྡེ་ཚན་གང་དུ་ཡང་འོས་འཕེན་ཐོབ་ཐང་འཕྲོག་རྒྱུ།

བཞི། འོས་གཞིའམ་ཕྱོགས་གཏོགས་བྱེད་མི། གཞན་ཡང་སྐྱེ་བོ་སུ་རུང་ནས་འོས་བསྡུའི་ལས་དོན་ལ་ཕན་གནོད་འབྲེལ་བའི་རྒྱབ་སྐྱོར་རོགས་རམ་དགོས་པའི་འབོད་བསྐུལ་དང་། སྐྱབས་འཚོལ་བྱུང་རིགས་ལ་གཞུང་འབྲེལ་ལས་བྱེད་སྤྱི་དང་། ལྷག་པར་འོས་བསྡུའི་ལས་བྱ་སུ་ཐད་ནས་གོ་དབང་བེད་སྤྱོད་བྱེད་ཚེ། སྐབས་འཕྲལ་གནས་སྤོའི་རྒྱབ་གཉེར་དང་། འོས་བསྡུའི་ལས་འགན་ནས་གནས་དབྱུང་གཏོང་རྒྱུ། ལྔ། འོས་གཞི་སུ་ནས་འོས་བསྡུའི་ལས་དོན་སྐོར་མི་མང་བསྐོང་ཚོགས་ཀྱིས་དྲང་བདེན་མིན་པའི་གནས་ཚུལ་གསལ་བསྒྲགས་བྱེད་པ་དང་ཡིག་ཆ་འགྲེམས་སྤེལ་བྱེད་ཚེ། འོས་གཞི་མི་འགྲོ་དེའི་འོས་ཐོབ་ཆ་ཚང་རྩིས་མེད་གཏོང་རྒྱུ།
དྲུག དབུས་འོས་བསྡུ་ལས་ཁང་དང་། ས་གནས་འོས་བསྡུའི་ལས་བྱེད་ཡོངས་རྫོགས་ནས་འོས་བསྡུའི་གསང་རྒྱ་དགོས་རིགས་ཕྱི་གྲགས་མ་སོང་བར་གནས་པ་དང་། གནས་པའི་ཐབས་ལམ་བསྟེན་དགོས་པ་ལས་ཤེས་བཞིན་རང་ཉིད་ཀྱི་བློ་ཉེ་མཛའ་གྲོགས་དང་། རང་ཁོངས་ཆོལ་ཁ་ཆོས་བརྒྱུད་ཚོགས་པ་བཅས་ལ་ཕྱི་བསྒྲགས་བྱེད་པའམ་ཡིག་རིགས་ཁག་གང་བྱུང་སྣང་མེད་ཕྱི་གྱར་དུ་འགྲོ་གཞིའི་རིགས་བྱེད་ཚེ། འོས་བསྡུའི་ལས་འགན་ནས་གནས་དབྱུང་གཏོང་རྒྱུ།

བདུན། འོན་ཀྱང་འོས་བསྡུའི་སྒྲིག་སྲོལ་དང་མཐུན་པའི་ཐོབ་ཐང་ཁག་འགལ་མེད་བེད་སྤྱོད་ཀྱིས་མང་ཚོགས་འདུ་འཛོམས་སར་འོས་གཞི་རང་ཉིད་ནས་ཆབ་སྲིད་ཀྱི་ལྟ་བ་འཁྱེར་སྟངས་དང་། མི་མང་ལ་ལས་དོན་ཁས་ལེན་གྱི་གསལ་བསྒྲགས། ཡིག་ཆ་འགྲེམས་སྤེལ། འོས་གཞི་སོ་སོའི་ཆོལ་ཁ་དང་ཆོས་བརྒྱུད། ཚོགས་སྐྱིད་དང་སྤྱི་སྒེར་སུ་ཐད་ནས་རྒྱབ་གཉེར་གསལ་བསྒྲགས། སྐྱེ་བོ་གང་དག་སྤྱི་འཐུས་སུ་འོས་པའི་མི་འགྲོ་དམིགས་འཛུགས་ཀྱི་བསམ་འཆར་ཡིག་ངག་གཉིས་ཐོག་ནས་གསལ་བསྒྲགས་བྱེད་པ་བཅས་གོང་གསལ་དོན་ཚན་ཁག་གི་བརྗོད་དོན་དང་འབྲེལ་བའི་རིགས་ལ་ཁྲིམས་འགལ་དུ་ངོས་འཛིན་བྱ་རྒྱུ་མིན་རུང་། འོས་བསྡུའི་དུས་ཚེས་ཀྱི་ཉིན་གྲངས་གཉིས་གོང་ནས་འོས་བསྡུ་མ་ཟིན་བར་རྒྱབ་གཉེར་གསལ་བསྒྲགས་བྱེད་མཚམས་མ་བཞག་ཚེ། འོས་གཞིའི་སྐྱེ་བོ་དེར་ས་གནས་དེའི་འོས་ཐོབ་ཆ་ཚང་རྩིས་མེད་གཏོང་རྒྱུ་མ་ཟད། ཚོགས་སྐྱིད་གང་དེའི་འགན་འཛིན་དང་། སྐྱེ་བོ་སུ་རུང་དེར་ལོ་ལྔ་རིང་གཞུང་འབྲེལ་སྡེ་ཚན་གང་དུ་ཡང་འོས་འཕེན་ཐོབ་ཐང་འཕྲོག་རྒྱུ། བརྒྱད། འོས་བསྡུའི་ལས་རིམ་གསལ་བསྒྲགས་ཟིན་པའི་ཉིན་མོ་ནས་སྲིད་སྐྱོང་དང་། བཀའ་བློན། སྤྱི་འཐུས་བཅས་འབྲེལ་ཡོད་འོས་གཞིའི་ནང་ཞུགས་བློ་ཡོད་ཚེ། སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་འོས་བསྡུ་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་གོ་སྒྲིག་བྱུང་རིགས་ལའང་གཞུང་འབྲེལ་གྱི་ངོ་བོར་ཚོགས་བཅར་མི་ཆོག་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དང་། དངུལ་དངོས་གང་ཡང་བེད་སྤྱོད་མི་ཆོག གཞུང་འབྲེལ་ཕྱོགས་སྐྱོད་སྐབས་སུ་ཡང་འོས་བསྡུ་དང་འབྲེལ་བའི་གཏམ་བཤད་རིགས་ བྱེད་ཚེ། འོས་གཞི་དེར་ས་གནས་དེའི་འོས་ཐོབ་ཆ་ཚང་རྩིས་མེད་གཏོང་རྒྱུ།

དགུ། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་ནམ་ཡིན་ལ་དབུས་འོས་བསྡུ་ལས་ཁང་ནས་འོས་གཞིར་ཞུགས་མི་དང་། དེའི་རྒྱབ་སྐྱོར་བས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་ཀྱི་འགྲོ་གྲོན་ཚད་གཞི་གཏན་འབེབས་དང་། རྩིས་ཁྲ་འབུལ་ཕྱོགས། དྲིལ་བསྒྲགས་བྱེད་ཕྱོགས་བཅས་ཀྱི་ལམ་སྟོན་ཁ་གསལ་བྱེད་དགོས་ཞེས་གསལ་བའི་འོག་དོན་ཚན་༩ ཅན་གཏན་འབེབས་གནང་བ་ཁག་ལ་འགལ་འཛོལ་བྱུང་རིགས་ཉེས་ཆད་ཁག་ནི། ཀ༽ སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་འོས་གཞིར་ཞུགས་མི་དང་། དེའི་ཕྱོགས་གཏོགས་ཀྱིས་འོས་བསྡུའི་རྒྱལ་ཁ་ཐོབ་ཆེད་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དྲིལ་བསྒྲགས་བྱ་ཡུལ་གསར་ཤོག་ཁག་ནང་བསམ་ཚུལ་དཔར་འགྲེམས་བྱེད་རྒྱུ་དང་། སྦྱར་ཡིག་འདྲ་མིན་བཟོ་རྒྱུ། དེབ་ཆུང་དང་སྒྲ་འཛིན་འཁོར་ཐག་བཟོ་རྒྱུ། མི་མང་འདུ་འཛོམས་སྐབས་སོ་སོའི་བསམ་ཚུལ་གཏམ་བཤད་བྱ་རྒྱུ། དྲ་རྒྱ། སྤྱི་ཚོགས་དྲ་ལམ་སོགས་བརྒྱུད་གསལ་བསྒྲགས་སྤེལ་རྒྱུ་བཅས་འོས་གཞིར་ཞུགས་མི་སོ་སོའི་དྲིལ་བསྒྲགས་ཐོག་དངུལ་གྲོན་གཏོང་རྒྱུའི་གཏན་འབེབས་ཚད་གཞི་ནི། སྲིད་སྐྱོང་ལ་ཧིན་སྒོར་འབུམ་ ༨ དང་། སྤྱི་འཐུས་བྱེ་བྲག་པར་ཧིན་སྒོར་འབུམ་ ༣ ལས་མ་བརྒལ་བ་གཏོང་ཆོག་ཀྱང་། གཏན་འབེབས་དངུལ་འབོར་ཚད་གཞི་ལས་འགལ་བ་དང་། དངུལ་འབོར་ཁྲིམས་མཐུན་མ་ཡིན་པ་དངོས་ར་འཕྲོད་བྱུང་ཚེ། སྒོར་ཆིག་ཁྲི་དང་འོས་ཐོབ་གྲངས་ ༢༥ རེ་རྩིས་མེད་གཏོང་རྒྱུ། ཁྲིམས་མཐུན་མིན་ཚེ་འོས་ཐོབ་ཆ་ཚང་རྩིས་མེད་གཏོང་རྒྱུ། ཁ༽ གཞུང་འབྲེལ་ངོས་ལེན་ཡོད་པའི་ཚོགས་པ་ཁག་ཕུད་སྤྱི་སྒེར་སུ་ཐད་ནས་སྲིད་སྐྱོང་ངམ་སྤྱི་འཐུས་འོས་གཞིའི་སྐྱེ་བོ་དེའི་ཡིག་ཐོག་ཆོག་མཆན་མེད་པར་ས་གནས་གང་དུ་ཡང་རྒྱབ་གཉེར་གསལ་བསྒྲགས་དང་དེ་འབྲེལ་འགྲོ་སོང་གཏོང་མི་ཆོག ཆོག་མཆན་ཡོད་པའི་འགྲོ་སོང་ཁག་འོས་གཞིར་ཡོད་པའི་སྐྱེ་བོ་དེའི་འོས་བསྡུ་དང་འབྲེལ་བའི་འགྲོ་གྲོན་རྩིས་ཁྲའི་ཁོངས་སུ་བརྩི་དགོས། གལ་སྲིད་འགལ་འཛོལ་དངོས་ར་འཕྲོད་བྱུང་ཚེ། སྒྲིག་དོན་ལོ་ ༥ རིང་གཞུང་འབྲེལ་འོས་འཕེན་ཐོབ་ཐང་འཕྲོག་རྒྱུ་ཡིན་ཡང་། འགྲོ་གྲོན་མེད་པའི་རྒྱབ་གཉེར་གསལ་བསྒྲགས་རིགས་དོན་ཚན་འདི་དང་བསྟུན་མི་དགོས། ག༽ འོས་གཞིའི་སྐྱེ་བོ་སོ་སོའི་འོས་བསྡུའི་དྲིལ་བསྒྲགས་དང་འབྲེལ་བའི་བྱུང་སོང་རྩིས་ཁྲ་མཐའ་དག་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་མ་ཟིན་གོང་འོས་མི་ཡོང་ཁུངས་སོ་སོའི་ས་གནས་འོས་བསྡུ་ལས་ཁང་དུ་ཆ་ལག་ཚང་བ་ཁམས་གཙང་དུས་ཐོག་མ་ཕུལ་བ་ཡིན་ན། འོས་གཞི་སྐྱེ་བོ་གང་དེའི་འོས་ཐོབ་ཀྱི་བརྒྱ་ཆ་ ༡༠ གཅོག་རྒྱུ། ང་།༽ སྲིད་སྐྱོང་དང་ཡང་ན་སྤྱི་འཐུས་སུ་འོས་པའི་མི་འགྲོ་དམིགས་འཛུགས་ཀྱིས་རྒྱབ་གཉེར་གསལ་བསྒྲགས་ཡིག་ཆ་དང་། ལྟེབ་ཤོག་འགྲེམས་སྤེལ། གྱང་སྦྱོར་པར་རིས་གསལ་བསྒྲགས་སོགས་ཀྱི་ནང་འགྲེམས་སྤེལ་དང་པར་སྐྲུན་བྱེད་མཁན་གཉིས་ཀྱི་མིང་བྱང་ངེས་གསལ་མ་སྤྲད་ཚེ། ལོ་ལྔ་རིང་གཞུང་འབྲེལ་སྡེ་ཚན་གང་དུ་ཡང་འོས་འཕེན་ཐོབ་ཐང་འཕྲོག་རྒྱུ། ཅ༽ འོས་གཞིར་ཞུགས་མཁན་སུ་ཐད་ནས་ཀྱང་སྐབས་དོན་སོ་སོར་འོས་བསྡུའི་རྒྱལ་ཁ་ཐོབ་ཆེད་དུ་དྲིལ་བསྒྲགས་ཡིག་ཆའི་ཐོག ༧གོང་ས་མཆོག་གི་སྐུ་པར་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་རྟགས། དེ་བཞིན་མཚོན་རྟགས་ཚུལ་དུ་བོད་རྒྱལ་ཁབ་ཀྱི་རྒྱལ་དར་དང་བོད་ཀྱི་ས་བཀྲ་སོགས་གང་དུ་ཡང་བེད་སྤྱོད་བྱས་ཚེ། འོས་གཞི་སྐྱེ་བོ་དེའི་འོས་ཐོབ་ཀྱི་བརྒྱ་ཆ་ ༥ རྩིས་མེད་གཏོང་རྒྱུ།

ཆ༽ སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་འོས་མིར་ཞུགས་མཁན་དང་། དེའི་ཕྱོགས་གཏོགས་རྒྱབ་སྐྱོར་བ་རྣམས་ནས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་ཆེན་མོ་གཉིས་ཀར་བྱ་འཐུས་ཀྱང་། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༤ ཆ་ཚང་ཚུལ་བཞིན་ཐུགས་སྣང་གིས་ཉམས་ལེན་མ་འཛོལ་བར་སྒྲིག་སྲུང་དགོས། ལྷག་པར་དུ་ནང་གསེས་ ༧ པའི་ནང་༼འོས་བསྡུའི་དུས་ཚེས་ཀྱི་ཉིན་གྲངས་གཉིས་གོང་ནས་འོས་བསྡུ་མ་ཟིན་པར་རྒྱབ་གཉེར་གསལ་བསྒྲགས་བྱེད་མཚམས་འཇོག་དགོས། ༽ཞེས་གསལ་བ་ལྟར་དང་། འོས་བླུགས་པའི་ཉིན་མོ་དེར་འོས་འཕེན་པར་བརྒྱུད་སྐུལ་ཤོག་རྫར་འགྲེམས་སྤེལ་སོགས་དངོས་ཤུགས་བརྒྱུད་གསུམ་ཐོག་ནས་བྱས་ཚེ། དོན་ཚན་ ༢༤ ནང་གསེས་ ༧ ནང་གསལ་ཉེས་ཆད་དང་ལོ་ ༥ རིང་གཞུང་འབྲེལ་སྡེ་ཚན་གང་དུ་ཡང་འོས་འཕེན་ཐོབ་ཐང་འཕྲོག་རྒྱུ། ཇ༽ འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་བྱེད་སྒོ་ཁག་གནས་ཡུལ་རྒྱལ་ཁབ་སོ་སོའི་ཡུལ་ཁྲིམས་དང་མ་འགལ་བ་བྱེད་དགོས་ཐོག ཆབ་སྲིད་ཀྱི་གནས་སྟངས་དཀའ་ངལ་ཅན་གྱི་ས་ཁུལ་ཁག་ཏུ་འོས་གཞིར་ཞུགས་མཁན་མི་འགྲོའི་འདྲ་པར་དང་གསལ་བསྒྲགས་ཡིག་ཆ་སོགས་སྦྱོར་འགྲེམས་བྱས་ཚེ། འོས་གཞི་དེར་ལོ་ ༥ རིང་འོས་གཞིར་ཞུགས་རྒྱུའི་ཐོབ་ཐང་དང་། གཞན་སྐྱེ་བོ་སུ་རུང་ལ་ལོ་ ༥ རིང་གཞུང་འབྲེལ་སྡེ་ཚན་གང་དུ་ཡང་འོས་འཕེན་ཐོབ་ཐང་འཕྲོག་རྒྱུ། ཉ༽ འོས་གཞིར་ཞུགས་མི་དང་། དེའི་ཕྱོགས་གཏོགས་རྒྱབ་སྐྱོར་བ་སུ་ཐད་ནས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་སྤེལ་རྒྱུ་དང་། གསར་འགོད་གསལ་བསྒྲགས། དེ་བཞིན་གསལ་བསྒྲགས་ཡིག་འགྲེམས་སོགས་བྱ་དགོས་རིགས་ས་གནས་དེ་གའི་འོས་བསྡུ་ལས་ཁང་ལ་མཁྱེན་རྟོགས་སླད་སྙན་གསན་ཞུ་དགོས། དེ་ལྟའི་སྙན་གསན་མ་ཞུས་ཚེ། ས་གནས་འོས་བསྡུ་ལས་ཁང་ནས་དོ་བདག་དེའི་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་བཀག་འགོག་བྱ་རྒྱུ་བཅས་ཀྱི་ཉེས་ཆད་འགེལ་རྒྱུ་ཡིན། ཞེས་བཀོད་འདུག

མཇུག་ཏུ་གསར་འགོད་པས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ལགས་སུ་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༥ ནང་གསལ་བའི་འོས་བསྡུའི་ལས་དོན་ལ་འགལ་རྐྱེན་བྱེད་པོར་ཉེས་ཆད་ཅེས་པའི་འོག་གི་ ༼སྲིད་དོན་ཚོགས་པ༽ཟེར་བ་དེ་བཅའ་ཁྲིམས་ནང་གསལ་ཡོད་མེད་དང་། གལ་ཏེ་གསལ་མེད་ན་འདིར་སྣོན་འཇུག་གནང་དགོས་དོན་གང་ཡིན་དྲིས་པར་ཁོང་གིས། ད་ལྟའི་ཆར་ང་ཚོ་བོད་མིའི་སྒྲིག་འཛུགས་ནང་སྲིད་དོན་ཚོགས་པ་འདི་རེད་ཟེར་བ་དམིགས་བསལ་གང་ཡང་ཡོད་པ་མ་རེད། ཡིན་ཡང་མ་འོངས་པར་དེ་འདྲའི་རིགས་བྱུང་བ་ཡིན་ན། དེ་དང་བསྟུན་ནས་ལག་ལེན་བསྟར་དགོས་པའི་གནད་དོན་ཡོང་གི་ཡོད་པའི་རྒྱུ་མཚན་གྱི་ཐོག་ནས་དོན་ཚན་དེའི་ནང་བཅུག་པ་ཞིག་རེད་ལབ་ཀྱང་ཕལ་ཆེར་མ་འགྲིག་པ་གང་ཡང་ཡོད་མ་རེད་བསམ་གྱི་འདུག ཡིན་ཡང་ངས་སྐབས་དེའི་སྒྲིག་གཞིའི་རྒྱབ་ལྗོངས་འདི་རེད་ཅེས་ཐག་གཅོད་ནས་ཞུ་ཐུབ་ཀྱི་མེད་ཀྱང་། དགོངས་པ་བཞེས་ཕྱོགས་དེ་རང་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད། ཅེས་གསུངས་བྱུང་།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

ཆུ་ཚོད་ ༡༨ སྔོན་ལ།
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

ཆུ་ཚོད་ ༢༢ སྔོན་ལ།
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦
ལྕམ་སྐུ་པེ་ལོ་སི་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧སྐུའི་གོ་སྟོན་སྲུང་གཙི་གནང་།

༢༠༢༥/༠༦/༢༦

མཆན། 2

  1. བསྟན་འཛིན་དབང་ཕྱུག says:
    ལོ་ 10 སྔོན།

    གསར་འགོད་གསལ་བསྒྲགས་ནང་འོས་མི་གང་ཞིག་རྒྱལ་ཁབ་གཉིས་ཀྱི་མི་སེར་ཡིན་ཚེ་འོས་ནང་བཞུགས་ཆོག་དང་མི་ཆོག་སྐོར་ཅི་ཡང་གསུངས་མིན་འདུག ནམ་རྒྱུན་མི་མང་ལ་རྒྱལ་ཁབ་གཉིས་ཀྱི་མི་སེར་ཡོད་ཚེ་ཁྲིམས་འགལ་ཡིན་ཁྲིམས་ལུག་དུ་མ་ཞིག་དྲངས་ཀྱང་ང་ཚོའི་འོས་བསྡུའི་སྐབས་གསལ་ཁ་ཅི་ཡང་མེད་པ་དེ་གང་ཡིན་ནམ།

    Reply
  2. མི་རྒོད། says:
    ལོ་ 10 སྔོན།

    འོ་ད་ང་ཚོ་མང་གཙོའི་གོ་རྟོགས་ལེགས་པོ་ཞིག་སྤེལ་ནས་འོས་འཕེན་གནང་དགོས་པ་རེད། དེ་མིན་ས་གནས་ཀྱི་སྐྱིད་སྡུག་འགོ་པ་ཁག་ཞིག་གི་རྒྱ་མིའི་རྒྱུག་ཁྱི་གཅིག་འོས་སྦྱོར་བྱས་དེ་ལ་ཤེས་ཚད་ཀྱི་གོ་རྟོགས་དམན་པས་མི་མང་གི་ལམ་སེང་འོས་འཕེན་ན་ཧ་ཅང་ཉེན་ཁའི་རང་བཞིན་རེད་ལ། གྲོད་པ་ནང་ལ་གཏད་ནས་སྙིང་དོན་ཕྱི་ལ་སྒྲུབ་མཁན་ཞིག་་ཡོང་གི་རེད། དེ་ཚོར་ལྷ་སྲུང་གིས་དཀའ་ཆད་ག་ལེར་གནང་གི་ཡོད་ཀྱང་ཁོས་ཡན་ལག་འཕེལ་ན་འགྲིག་ལེ་མ་རེད། བོད་མི་ཡོད་དོ་ཅོག་ནས་དོ་སྣང་དགོས་པ་འདུག་།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese